བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ཆེད་དོན་འགྲེམ་སྟོན་དང་སྤྲུལ་སྐུའི་གསོ་སྦྱོང་འཛིན་གྲྭ་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་གཉེར་བ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-04



            ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་བྱ་ཆེད།   ཟླ་9པའི་ཚེས་1ཉིན་སི་ཁྲོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་གཞུང་ལས་ཁང་གིས་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་གཉེར་བའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ཆེད་དོན་འགྲེམ་སྟོན་དང་སྤྲུལ་སྐུའི་གསོ་སྦྱོང་འཛིན་གྲྭ་དངོས་སུ་སློབ་འགོ་ཚུགས། སི་ཁྲོན་ ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཐེན་ཞང་ལི་འགོ་ཚུགས་མཛད་སྒོ་དང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། 

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཡུལ་དངོས་ཡིན།
           ཐེན་ཞང་ལིས་སི་ཁྲོན་ཞིང་ཆེན་གྱིས་ད་རེས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ཆེད་དོན་འགྲེམ་སྟོན་གཉེར་བ་དང་འབྲེལ་སྲིད་གཞུང་གིས་སྤྲུལ་སྐུ་ཡོངས་ལ་གསོ་སྦྱོང་བྱེད་པར་ཆོག་མཆན་གནང་བ་དེ་ནི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཁྲིམས་སྲོལ་དང་ཆོ་གའི་ངེས་སྲོལ་ལ་ངོས་འཛིན་གཏིང་ཟབ་མོ་ཆགས་པ་དང་། བོད་བརྒྱུད་ནང་བསྟན་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ནས་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་དེ་བས་ཀྱང་འཚམ་ཐུབ་པའི་ཆེད་དུ་ཡིན་ཞེས་བསྟན་པ་རེད། 
ཐེན་ཞང་ལིས་ཀྱིས་བོད་བརྒྱུད་ནང་བསྟན་གྱིས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་མོ་བླངས་ནས། བོད་བརྒྱུད་ནང་བསྟན་ལས་དོན་གྱི་ཡང་དག་པའི་ཁ་ཕྱོགས་ལ་ངོས་འཛིན་གསལ་བོ་བྱེད་དགོས་པ་དང་། ཉེ་བའི་ལོ་ཤས་རིང་སི་ཁྲོན་གྱིས་བོད་བརྒྱུད་ནང་བསྟན་ལས་དོན་ལ་མཐོང་ཆེན་བྱས་པ་དང་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་ཐོབ་པའི་གྲུབ་འབྲས་གསར་པར་ངོས་འཛིན་གང་ལེགས་བྱེད་དགོས་ལ། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་། ལོ་རྒྱུས་ཀྱི་ངེས་སྲོལ། ཆོས་ལུགས་ཀྱི་ཆོ་ག་བཅས་ལ་བརྩི་སྲུང་ནན་པོ་ཞུས་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་སྲོལ་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རང་གཅུན་དང་སེམས་ཅན་ཀུན་ལ་ཁེ་ཕན་བསྐྲུན་དགོས་པ་བཅས་ནན་གྱིས་བསྟན།

           བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ཆེད་དོན་འགྲེམ་སྟོན་གྱི་ཡུལ་དངོས།
           སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བ་ནི་དུས་རབས་13པའི་དུས་མཇུག་ཏུ་བཀའ་བརྒྱུད་པའི་གྲུབ་མཐའ་བཙུགས་པ་ནས་བཟུང་ཟམ་མི་ཆད་པར་འཕེལ་རྒྱས་བྱུང་བ་དང་། ལྷག་པར་དུ་ཆིང་རྒྱལ་རབས་ཀྱི་གོང་མ་ཧྲུན་ཀྲི་དང་ཆན་ལུང་སོགས་ཀྱིས་གོང་བཀུར་དང་《བོད་ཀྱི་སྒྲིག་སྲོལ་དོན་ཚན་བཅུ་དགུ》གཏན་འབེབས་ལག་བསྟར་བྱས་ཏེ་འདི་ཉིད་བོད་བརྒྱུད་ནང་བསྟན་གྱི་རྒྱུན་འཛིན་ལམ་ལུགས་གལ་ཆེན་ཞིག་ཏུ་གྱུར་ཏེ་སྤྲུལ་སྐུའི་མ་ལག་མང་པོ་ཞིག་དང་ཅུང་ཆ་ཚང་བའི་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ཞིག་རིམ་བཞིན་ཆགས་ཡོད། ཆེད་དོན་འགྲེམ་སྟོན་གཉེར་བའི་དམིགས་ཡུལ་ནི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་བྱུང་འཕེལ་གསལ་བཤད་བྱས་ཏེ། 《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》དང་དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་སོགས་དྲིལ་བསྒྲགས་བྱ་རྒྱུ་དེ་ཡིན།
           བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དག་གིས་ད་ཐེངས་ཀྱི་ཆེད་དོན་འགྲེམ་སྟོན་གྱིས་ལོ་རྒྱུས་ལ་བརྩི་འཇོག་དང་དབང་གྲགས་མངོན་པར་འདུག་ལ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་ལོ་རྒྱུས་འཕོ་འགྱུར་ཕྱོགས་ཡོངས་ནས་མཚོན་ཡོད་པས། བོད་བརྒྱུད་ནང་བསྟན་བདེ་འཇགས་ངང་རྒྱུན་འཛིན་བྱ་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཅིང་། བསམ་སྦྱོར་གཉིས་ཀ་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་། རྒྱལ་གཅེས་ཆོས་གཅེས་དང་ཁྲིམས་བཀུར་ཁྲིམས་སྲུང་། སློབ་སྦྱོང་རྩེ་གཅིག་བཅས་ཀྱི་སྒོ་ནས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་ཁྲིད་སྟོན་གང་ལེགས་བྱ་དགོས་ཞེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1