གཙོ་ངོས།>> རྩོམ་རིག>>དཔྱད་རྩོམ།

བྱ་གཞུང་དབྱངས་བྷ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༩ཚེས་༠༤ཉིན།

༄༅།།ཉི་འོད་ཀྱི་རྒྱབ་ལོགས།


— སྒྲུང་ཐུང《ཉི་འོད་ཀློང་གི་སྒྲོལ་མ》དང《ལམ་གྱི་ཉི་འོད》གཉིས་ཀྱི་གཤིབ་བསྡུར།

བྱ་གཞུང་དབྱངས་བྷ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་གཤིབ་བསྡུར་གྱི་ཐབས་ལ་བརྟེན་ནས། སྒྲུང་ཐུང《ཉི་འོད་ཀློང་གི་སྒྲོལ་མ》དང《ལམ་གྱི་ཉི་འོད》གཉིས་ལས་མངོན་པའི་བུད་མེད་དང་དེ་འབྲེལ་གྱི་གནད་དོན་སྐོར་དང་། སྐྱོ་གར་དང་ཉམས་སྟབས་སོགས་རྩོམ་རིག་གི་གནད་དོན་ཁག་ཅིག་ལ་དཔྱད་པ་རགས་ཙམ་བཏང་ཡོད།
[གནད་ཚིག] བུད་མེད། འགྱུར་ལྡོག སྐྱོ་གར། ཉམས་སྟབས། 
        དེ་ཡང་དམིགས་བུའི་སྒྲུང་ཐུང《ཉི་འོད་ཀློང་གི་སྒྲོལ་མ》(2007ལོའི་སྦྲང་ཆར་དེབ་དང་པོ།)དང་ལྷ་བྱམས་རྒྱལ་གྱི་སྒྲུང་ཐུང《ལམ་གྱི་ཉི་འོད》(ལྷ་བྱམས་རྒྱལ་གྱི་སྒྲུང་གཏམ་ཕྱོགས་སྒྲིག《ལམ་གྱི་ཉི་འོད》)གཉིས་ནི། བསམ་བློའི་ཟབ་ཚད་དང་སྒྱུ་རྩལ་གྱི་མཐོ་ཚད་གང་ནས་བཤད་ཀྱང་བོད་ཀྱི་དེང་རབས་སྒྲུང་གཏམ་ཁྲོད་ཅུང་གཟེངས་སུ་ཐོན་པའི་བརྩམས་ཆོས་ཀྱི་གྲས་སུ་བགྲང་ཆོག་སྙམ། སྒྲུང་ཐུང་འདི་གཉིས་ཀྱི་འདྲ་བའི་ཆ་དང་མི་འདྲ་བའི་ཆ་ལ་གཤིབ་བསྡུར་དང་དཔྱད་འཇོག་རོབ་ཙམ་བྱ་བ་ནས་བརྩམས་ཏེ། རྩོམ་རིག་གི་གནད་དོན་རེ་གཉིས་ཤིག་མོས་མཐུན་རྣམས་དང་བགྲོ་གླེང་བ་ལ།
དང་པོ། བུད་མེད།
        སྒྲུང་གཏམ་འདི་གཉིས་ཀའི་མི་སྣ་གཙོ་བོ་བུད་མེད་ཡིན་ཏེ། 《ཉི་འོད་ཀློང་གི་སྒྲོལ་མ》ལས་སྒྲོལ་མ་དང《ལམ་གྱི་ཉི་འོད》 ལས་ལྷ་མཛེས་སོ། །དེ་བས། སྒྲུང་གཏམ་འདི་གཉིས་ཀ“བུད་མེད་ཀྱི་གནད་དོན”མཚོན་པའི་སྒྲུང་གཏམ་ཡིན་པར་བལྟས་ཆོག་སྙམ། དེ་ལ་དགོས་པ་ལྷག་པོ་ག་རེ་ཡོད་དམ་ཞེ་ན། བུད་མེད་ནི་མི་རིགས་སམ་མིའི་རིགས་ཀྱི་སྐྱེད་ཡུམ་ཡིན་པའི་ངོས་ནས། རིགས་ཀྱི་རྩ་བ། ཁྱིམ་གྱི་གཞིས་འཛིན། སྤྱི་ཚོགས་ཀྱི་རྨང་རྡོ། བུ་སྐྱོང་སློབ་གསོའི་གཞི་མ་སོགས་མདོར་ན་མི་རིགས་སམ་མིའི་རིགས་མ་འོངས་པར་བཟང་ངན་གང་འདྲར་འགྱུར་བའི་རྒྱལ་ཕམ་གྱི་འགག་རྩར་གྱུར་ཡོད་པ་དེའོ། །དེའི་དབང་གིས། “བུད་མེད་ཀྱི་གནད་དོན”ལ་བསམ་གཞིག་བྱེད་པ་ནི་དོན་དུ་མི་རིགས་སམ་མིའི་རིགས་ཀྱི་མ་འོངས་པར་བསམ་གཞིག་བྱེད་པ་ཉིད་དང་། དེ་བཞིན་བུད་མེད་ཀྱི་ལས་དབང་ལ་དོ་ཁུར་བྱེད་པ་ནི་དོན་དུ་མི་རིགས་དང་མིའི་རིགས་ཀྱི་ལས་དབང་ལ་དོ་ཁུར་བྱེད་པ་ཉིད་དོ། །
        དེ་ལྟའི་དོན་སྙིང་ལ་བསམས་ཚེ། སྒྲུང་གཏམ་འདི་གཉིས་མི་སྣ་གཙོ་བོ་བུད་མེད་བྱས་པ་ལ་དགོངས་གཞི་རྒྱ་ཆེན་པོ་དང་ལྡན་ཞིང་། སྒོས་སུ་བུད་མེད་རྒན་དར་གཞོན་གསུམ་ལས་ཆེད་དམིགས་ལོ་ན་སུམ་ཅུར་སོན་ཙམ་གྱི་བུ་སྐྱེས་ཀྱི་ཨ་མ་སྒྲོལ་མ་དང་འཇིག་རྟེན་མཐུན་འཇུག་གི་ལས་ལ་འཇུག་གྲབས་བྱེད་པའི་ན་ཆུང་མ་ལྷ་མཛེས་ལྟ་བུའི་བུད་མེད་ལོ་གཞོན་གྱི་ལས་དབང་འགྲེམ་སྟོན་བྱས་པ་ལ་དགོངས་གཞི་དམིགས་བསལ་ཅན་ཡོད་པ་གདོན་མི་ཟ། ཁོ་བོའི་ལྟ་ཚུལ་ལ། སྒྲོལ་མ་དང་ལྷ་མཛེས་གཉིས་ཀྱིས་བོད་རིགས་བུད་མེད་དམ་བོད་པའི་མ་ཡུམ་རྣམས་ཀྱི་ད་ལྟའི་གནས་བབ་དང་མ་འོངས་འགྲོ་ཕྱོགས་མཚོན་ཞིང་། མི་རིགས་ཤིག་གི་ད་ལྟའི་གནས་བབ་དང་མ་འོངས་འཕེལ་ཕྱོགས་ཀྱང་ངོ་། །དེ་ལྟར་ང་ཚོས་མི་སྣ་འདི་གཉིས་ཀྱི་ཕྱིའི་སྣང་བརྙན་བརྟོལ་ཏེ་གཏིང་རིམ་གྱི་སྤྱི་ཚོགས་དང་རིག་གནས་བསྟན་དོན་སྐོར་ལ་དབྱེ་ཞིབ་དང་འཚོལ་དཔྱོད་བྱས་ཚེ། སྒྲུང་གཏམ་ཐུང་ཐུང་འདི་གཉིས་ནི་རང་ངོ་རང་གིས་མཐོང་བྱེད་ཀྱི་གསེར་གྱི་མེ་ལོང་ཆ་གཅིག་སྟེ། ཆུང་ས་ནས་བོད་པའི་མ་ཡུམ་དང་དེ་འབྲེལ་གྱི་བུ་སྐྱོང་སློབ་གསོའི་གནས་བབ་སོགས་སྤྱི་ཚོགས་གནད་དོན་སྣ་ཚོགས་མཐོང་ཆོག་ཅིང་། ཆེ་ས་ནས་བོད་པའི་སྤྱི་ཚོགས་སྤྱིའི་གནས་སྟངས་སམ་དེའི་ནང་སྙིང་ཡིན་པའི་མི་ཡི་ད་ལྟའི་གནས་སྟངས་དང་མ་འོངས་འཕེལ་ཕྱོགས(རིན་ཐང་ལྟ་ཚུལ)གསལ་ལེར་མཐོང་ཆོག་སྙམ། 
དེ་ལྟའི་མིག་ཤེས་འཁྱེར་ཏེ་མི་སྣ་གཙོ་བོ་སྒྲོལ་མ་དང་ལྷ་མཛེས་གཉིས་ཀྱི་བསམ་སྦྱོར་ལ་བརྟགས་ཚེ། ཆེས་མངོན་གསལ་དོད་པོ་དང་ཆེས་གཙོ་གནད་དུ་གྱུར་པ་ནི“འགྱུར་ལྡོག”ཡིན་པར་འདོད་དོ། །
གཉིས་པ། འགྱུར་ལྡོག
        “འགྱུར་ལྡོག”ནི་མི་སྣ་གཙོ་བོ་གཉིས་ཀྱི་ཕྱི་དང་ནང་གི་ཁྱད་ཆོས་གཙོ་གྲས་ཤིག་དང་། སྒྲུང་གཏམ་གཉིས་ཀྱི་བསྟན་བྱའི་གནད་ཅིག་ཀྱང་ཡིན་པར་སེམས། མི་སྣ་གཉིས་ལ་འགྱུར་ལྡོག་བྱུང་བའི་ཆ་ནས་འདྲ་ཞིང་མི་འདྲ་བའི་ཁྱད་པར་ཅུང་ཟད་ཡོད་པ་ནི། 《ཉི་འོད་ཀློང་གི་སྒྲོལ་མ》ལས་སྒྲོལ་མའི“འཚོ་བའི”འགྱུར་ལྡོག་གཙོ་བོར་བྲིས་ཤིང་། 《ལམ་གྱི་ཉི་འོད》ལས་ལྷ་མཛེས་ཀྱི“ལམ་བུའི”འགྱུར་ལྡོག་གཙོ་བོར་བྲིས་འདུག་སྙམ།
《ཉི་འོད་ཀློང་གི་སྒྲོལ་མ》ནང་གི་སྒྲོལ་མར་མཚོན་ན། མ་གཞི་གཡག་ལུང་གི་རྩྭ་ཐང་གོས་ལྗང་འདྲ་པོའི་པང་ནས་སྐྱེས་ཤིང་ནར་སོན་པའི་འབྲོག་མོ་རྣལ་མ་ཞིག་ཡིན་ཅིང་། མོའི་འགྱུར་ལྡོག་ནི་རྡོ་རྗེ་དང་གཉེན་བསྒྲིགས་ཤིང་གྲོང་རྡལ་དུ་བསྡད་པ་ནས་མགོ་བརྩམས་པ་ཞིག་ཡིན། གྲོང་རྡལ་གྱི་ཁོར་ཡུག་ནི་འདི་ལྟ་སྟེ། “གཡག་ལུང་སྡེ་པའི་རྒྱུན་སྲོལ་གྱི་གཉེན་སྟོན་དང་ཤིན་ཏུ་མི་འདྲ”བར“སྐུ་མགྲོན་ཚོས་ཚལ་ཟས་ལ་ཧབ་ཐོབ་བྱེད་པ།” བུ་མོ་དབང་མོ་སྐྱེས་ནས་ཉི་མ་བརྒྱ་ལོན་པར་རྒྱ་ལུགས་ལྟར་སྟོན་མོ་ཅུང་གཟབ་རྒྱས་ཤིག་བཤམས་ཤིང་སྒོར་མོ་སོགས་ལེགས་སྐྱེས་མང་པོ་བླངས་པ། རྒྱུ་དང་དབང་ལ་ཤིན་ཏུ་དགའ་ཞིང“ལ་གཞས་ལ་ཤིན་ཏུ་མི་དགའ་བའི”ཁྱོ་ག་རྡོ་རྗེ། “སྒྲོལ་མ་ལ་ཁྱོད་ཀྱི་གྱོན་པ་དེར་དྲི་མ་ཡ་ང་བ་ཞིག་འདུག་ཅེས་གསོང་པོར་བརྗོད་མཁན་རྒྱ་མོ་ཞོ་ཧྭ། “བོད་སྐད་ཚིག་གཅིག་ཀྱང་འཆད་ཤེས་ཀྱི་མེད”པའི་བུ་རྫི་མ་ཏཱ་རེ། “ལྡེམ་མྱུར་ངང་ཐུར་མའི་བར་ལ་ཆུ་འབུ་དག་རེ་རེ་བཞིན་བཙུར་ནས་མཚལ་གྱིས་བྱུགས་པའི་མཆུ་ཏོར་གླན་ཏེ་རྐན་སྒྲ་ཐག་གེར་འཇིབ་ཙམ་བྱེད”པའི་རྒྱ་མོ་བང་ཁྲོན་སོགས་སོ། །ཁོར་ཡུག་དེ་འདྲ་ཞིག་གི་ནང་དུ་སྒྲོལ་མ་དང་སྒྲོལ་མའི“འཚོ་བ”མ་འགྱུར་རང་འགྱུར་ཆགས་ཡོད། སྒྲོལ་མ་སྔོན་མ་ནང་བཞིན་འབྲོག་མོ་རྣལ་མ་ཞིག་བྱས་ཏེ་བོད་པའི་རྒྱུན་སྲོལ་གྱི་དྭངས་གཙང་ལྷད་མེད་ཀྱི“འཚོ་བ”རོལ་ནས་སྡོད་ཐབས་ཡེ་ནས་མེད། སྒྲོལ་མའི་འགྱུར་ལྡོག་གི་གོ་རིམ་ནི་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ངང་ལ་བྱུང་བ་ཞིག་སྟེ། ཐོག་མའི་གནས་སྐབས་སུ། “སྐུ་མགྲོན་ཚོས་ཚལ་ཟས་ལ་ཧབ་ཐོབ་བྱེད་པའི་ངང་ཚུལ་དེས་སྒྲོལ་མ་དང་མོའི་གཉེན་ཉེ་ཚོ་ཧ་ལས་ཧོང་ཐོར་དུ་བཏང”བ། “རྒྱ་སྐད་ཚིག་གཅིག་ཀྱང་སྨྲ་མི་ཤེས་པའི་སྒྲོལ་མ་ལགས་ཁྱིམ་མཚེས་ཀྱི་བུད་མེད་ཚོ་དང་འདྲིས་དཀའ”བས“ཕལ་ཆེར་ཟླ་ཕྱེད་ཙམ་ལ་གཡག་ལུང་དུ་ཕ་མའི་སར་ཐེངས་རེ་འགྲོ་བ།”ཆུ་འབུས་བཀང་བའི་ཚལ་སྡེར་འཁྱེར་ཡོང་དུས“རང་དབང་མེད་པར་ཞེ་མེར་ལངས་ཡོང་བ”དང་། བར་གྱི་གནས་སྐབས་སུ། “གཞི་ནས་ཁྱིམ་མཚེས་ཀྱི་བུད་མེད་ཞོ་ཧྭ་དང་རྒྱ་སྐད་ད་མ་དིག་གིས་ལབ་གླེང་བྱེད་ཐུབ་སོང་བ།” ཕ་ཡུལ་གཡག་ལུང་ལ་ལོག་སྟེ“ཕལ་ཆེར་ཟླ་ཕྱེད་ལྷག་ཙམ་བསྡད་པས་ཁོ་མོ་སྡོད་མི་ཚུགས་པའི་སུན་སྣང་ཞིག་གིས་གཟིར་བ”དང་། མཐའ་མའི་གནས་སྐབས་སུ། “བཙན་གྱིས་ཆུ་འབུ་དག་བཟའ་བའི་སྡུག་ལས་དེ་ཁུར་དུ་བླངས”པ། “ལན་རེར་རང་གི་བུ་མོ་འབོད་སྐབས་མོ་མོ་ཞེས་དབང་མེད་དུ་ངག་ལས་ཐལ་འགྲོ”བའོ། །གཞན་ཡང་། སྒྲོལ་མའི་ཁྱིམ་གྱི་འགྱུར་ལྡོག་ཆེན་པོ་ཞིག་ནི་ཁྱོ་གས་གཞན་རིགས་ཀྱི་ལུགས་ལྟར་གཟེབ་ཏུ་བཅུག་པའི་ནེ་ཙོ་ཞིག་ཉོས་ཡོང་བ་དང་། ལོ་ལྔ་ལ་སོན་པའི་བུ་མོས་རྒྱ་སྐད་ཁོ་ན་རྒྱག་པ་དེ་རེད། སྐབས་འདིར་ང་ཚོས་ངེས་པར་དུ་དོ་སྣང་བྱ་དགོས་པ་ཞིག་ནི། བུ་མོ་དབང་མོ་ནི་བོད་པའི་མ་འོངས་པའི་མ་ཡུམ་ནང་གི་གཅིག་ཡིན་ཅིང་དབང་མོ་ཁྲི་ཁྲི་འབུམ་འབུམ་ཆར་རྗེས་ཀྱི་ཤ་མོ་ལྟར་སྐྱེས་དང་སྐྱེ་བཞིན་པ་དེའོ། །
        《ལམ་གྱི་ཉི་འོད》ནང་གི་ལྷ་མཛེས་ལ་མཚོན་ན། ལྷ་སའི་ཉེ་འཁོར་གྱི་གྲོང་ཚོ་ཞིག་ནས་གྲོང་ཁྱེར་ནང་དུ་ཡོང་ནས་ལས་གཡོག་རྒྱུག་རྒྱུར་སྒུག་སྡོད་མཁན་གྱི་བུ་མོ་ལོ་བཅོ་བརྒྱད་ལ་སོན་ཙམ་ཞིག་ཡིན། ཧོལ་གྱིས་བལྟས་ན། ལྷ་མཛེས་ཀྱི་འགྱུར་ལྡོག་ནི་སྒྲོལ་མའི་འགྱུར་ལྡོག་དང་མི་འདྲ་བར་སྟེས་དབང་དང་གློ་བུར་བ་ཞིག་ཡིན་སྣང་སྟེར་ཀྱང་། དོན་དུ་སྒྲོལ་མའི་ཁོར་ཡུག་དང་འདྲ་བར་མ་འགྱུར་རང་འགྱུར་གྱི་རྒྱུ་དང་རྐྱེན་མཐའ་དག་སྔར་ནས་ཚང་ཡོད། དེ་ཡང་ལྷ་མཛེས་སོགས་གྲོང་གསེབ་ནས་ཡོང་བའི་ལས་སྒུག་མཁན་དག་ནི་གྲོང་ཁྱེར་དུ་སྡོད་ན་ཡང་དོན་དུ་གྲོང་ཁྱེར་དང་རྒྱང་ཐང་གིས་ཆོད་ཡོད། ཁོ་ཚོའི་འཚོ་སྡོད་འཇིག་རྟེན་དང་གྲོང་ཁྱེར་གྱི་མིའི་འཚོ་སྡོད་འཇིག་རྟེན་གཉིས་ཁ་ཁ་སོ་སོ་ཡིན་ཅིང་གནམ་སའི་ཁྱད་པར་ཡོད། “ལྷ་ཀླུ་ཟམ་ཁ་ནས་ལས་ཀར་སྒུག་ཏེ་ཉོབ་ནས་སྡོད”མཁན་དག་ནི་འཇིག་རྟེན་ཞིག་དང་། “གསེར་གྱི་རྣ་ཏོག་བཏགས་པའི་ལྷ་སའི་ཨ་ཅག་དང་། ཇོ་ལྟོ་ཆེ། སྐྲ་སེར་གྱི་ཕྱི་གླིང་བ། གདོང་པ་དཀར་པའི་ནང་ལོགས་པ། ད་དུང་གྱོན་ཆས་ཡ་མ་ཟུང་གྱོན་པའི་ལྷ་སའི་བོད་ཕྲུག་སོགས”ནི་འཇིག་རྟེན་གཞན་ཞིག་ཡིན། དེ་ནི་ལྷ་མཛེས་ཀྱི་མིག་མདུན་དུ་བཤམས་པའི་སྤྱི་ཚོགས་གནས་ཚུལ་ལོ། །ལྷ་མཛེས་ཀྱིས་དེ་ལྟའི་སྤྱི་ཚོགས་གནས་སྟངས་ཤིག་ལས་རང་ཉིད་ཀྱི་མི་ཚེའི“ལམ་བུ”གདམ་ག་བྱ་དགོས། འཇིག་རྟེན་གཅིག་ན་རྒྱུ་ནོར་གྱིས་ཕོངས་ཀྱང་དྭངས་གཙང་ལྷད་མེད་ཀྱི་བརྩེ་དུང་བཅངས་མཁན་ཕུན་རྣམ་ཡོད་ཅིང་། དེ་གདམ་ག་བྱས་ཚེ“བཟའ་རྒྱུ་འདམ་ལས་མེད་ཀྱང་། །མཉམ་བཟའ་མཉམ་འཐུང་བྱས་ཆོག །”ཅེས་པ་ལྟར་གྱི་བབ་ཆགས་པའི་བརྩེ་དུང་འཐོབ་ཐུབ། འཇིག་རྟེན་གཞན་དེ་ན་རྒྱུ་ནོར་དབང་ཐང་ཆེ་ཞིང་ཆུང་མ་ཕྲུ་གུ་ཡོད་པའི་སྦྱིན་བདག་འཇིགས་མེད་ཡོད་ཅིང་། དེ་གདམ་ག་བྱས་ཚེ་སྔར་དང་བསྡུར་ན་རྒྱུ་ནོར་ལོངས་སྤྱོད་འཐོབ་སྲིད་ཀྱང་བརྩེ་དུང་མེད་པའི“ཟུར་བསྟེན་ཆུང་མ”བྱ་དགོས། འཇིག་རྟེན་དེ་གཉིས་ལས་ཕྱི་མ་ནི་སྟོབས་ཆེ་ཞིང་དཔུང་མཐུག་པ་ཞིག་སྟེ། ནམ་དུ་ཡང་རྒྱུ་ནོར་ཕྲན་བུས་ཀྱང་འཇིག་རྟེན་སྔ་མ་དེ་ཅི་འདོད་ཁ་ལོ་བསྒྱུར་གྱི་ཡོད། ཡང་ན། ཕུན་རྣམ་སོགས་ཀྱིས་ཚེ་གང་པོར་འཇིགས་མེད་སོགས་ཀྱི་དབང་ཤུགས་འོག་ནས་ལས་གཡོག་རྒྱུག་སྟེ་འཚོ་བ་ཉི་ཚེ་བ་བསྐྱལ་གྱིན་ཡོད། སྤྱི་ཚོགས་ཁོར་ཡུག་རྫོབ་པོ་དེ་འདྲའི་ནང་དུ། དོན་དུ་ལྷ་མཛེས་ལ“ལམ་བུ”གཅིག་རང་ལས་མེད། ཐ་ན“ལམ་བུར”གདམ་ག་བྱ་ལོང་ཙམ་ཡང་བྱུང་མེད། འཇིགས་མེད་སོགས་ཀྱི་འཇིག་རྟེན་དེ་སྟོབས་ཆེ་དྲགས་ཤིང་དཔུང་མཐུག་དྲགས་པས། ལྷ་མཛེས་ལ་རང་གི་མི་ཚེའི“ལམ་བུར”གདམ་ག་བྱེད་པའི་གོ་སྐབས་ཙམ་ཡང་མ་འཐོབ་པར“འགྱུར་ལྡོག”འབྱུང་དགོས་བྱུང་ཡོད། མཐའ་མཇུག“རང་ཉིད་མི་གཞན་ཞིག་ཏུ་གྱུར་སོང་བ་འདྲ”བའམ“རྣམ་ཤེས་གཞན་ཞིག་ཁོ་མོའི་སྤྱི་གཙུག་ནས་ལུས་པོའི་ཕྱོགས་ཀུན་ཏུ་ཁྱབ་པ་དང་འདྲ”བར་གྱུར་ཡོད། མདོར་ན། ཕྱི་ངོས་ནས་བལྟས་ན་ལང་ཚོའི་མེ་ཏོག་བཙན་དབང་གིས་བཅོམ་པའི་སྟེས་དབང་གི་དོན་རྐྱེན་གློ་བུར་བ་དེས་ལྷ་མཛེས་ཀྱི་མི་ཚེའི“ལམ་བུ”འགྱུར་དགོས་བཟོས་པ་ལྟར་སྣང་ཡང་། དོན་དུ་སྒྲོལ་མ་དང་འདྲ་བར་ཕྱི་རྐྱེན་མཐུ་བཙན་ལ་སྟོབས་ཆེ་བ་ཞིག་གིས“འགྱུར”དགོས་པ་བཟོས་ཡོད།
        དེ་ལྟར་བལྟས་ཚེ། སྒྲོལ་མ་དང་ལྷ་མཛེས་སུ་ཡིན་ཀྱང་གཙོ་བོ་ཕྱི་རྐྱེན་གྱིས“བསྒྱུར”པ་ཞིག་ཡིན་པ་མཐོང་ཐུབ་ཅིང་། ཕྱི་རྐྱེན་དེ་ནི་བཟློག་མེད་བཙན་དབང་ཅན་ཞིག་ཡིན། མི་འདྲ་ས་ནི་སྒྲོལ་མའི“འགྱུར་ལྡོག”ནི་གཞན་བསྒྱུར་ཏེ། རིག་གནས་འཛིན་སྟངས་དང་བཅས་པའི“འཚོ་བའི”ཕྱི་ནང་ཐམས་ཅད་མི་རིགས་གཞན་ཞིག་ལ་བསྒྱུར་བ་དང་། ལྷ་མཛེས་ཀྱི“འགྱུར་ལྡོག”ནི་བཙོག་བསྒྱུར་ཏེ། མི་ཚེའི“ལམ་བུའི”ངོ་བོ་རིན་ཐང་དང་བཅས་པ་ལྷད་མེད་དྭངས་གཙང་ཞིག་ནས་གཏད་མེད་བཙོག་གྲིབ་ཅན་དུ་བསྒྱུར་པའོ། །དེ་ལྟ་ན་ཡང་། དེ་ལ་ནང་རྐྱེན་མེད་པ་ཡང་མ་ཡིན་ཏེ། སྒྲོལ་མ་མོ་རང་ཡང་ཐོག་མཐའ་བར་གསུམ་དུ་དེ་ལྟར“འགྱུར”བར་མོས་ཤིང་། ལྷ་མཛེས་ཀྱང“སེམས་པ་སྙི་བ”འམ་ཅི་ཞིག་གི་རྐྱེན་གྱིས་ཕུན་རྣམ་དང་འཇིགས་མེད་སུའི་མདུན་དུ་ཡང“སེམས་ཀྱི་གཏིང་རིམ་ཞིག་ནས་དྲོད་ཅིག་འཁྱིལ་ཡོང་བ་དང་དྲོད་དེ་མཇུག་མཐར་མིག་ནང་དུ་འཁྱིལ་ཡོང་སྟེ་མིག་མཐའ་དྲོད་ལམ་ལམ་བྱེད”ཀྱི་ཡོད། ནང་རྐྱེན་དེའི་འབྱུང་རྩ་གཙོ་བོ་ནི་གཅིག་ནས་ཁོ་གཉིས་སློབ་གྲྭར་འགྲིམ་མ་མྱོང་ཞིང་གནས་ལུགས་ཧ་མི་གོ་བས་དང་། གཉིས་ནས་ད་ལྟའི་སྤྱི་ཚོགས་ཀྱི་གསོག་གསོབ་ཡ་མ་བརླའི་རིན་ཐང་འཛིན་སྟངས་ཀྱི་ངན་ཤུགས་དེ་ཆེ་དྲགས་ནས་བཟློག་མ་ཐུབ་པས་ཡིན་ནམ་སྙམ།
གང་ལྟར་ཀྱང་མི་སྣ་གཙོ་བོ་གཉིས“འགྱུར”སོང་། ད་ལྟ་དང་མ་འོངས་པའི་མ་ཡུམ་རྣམས་སྔ་ཕྱིར“འགྱུར”སོང་། ཕ་མས་གནང་བའི་མི་ལུས་རིན་ཆེན་གྱི་རྩིས་ཐང་ཐལ་བ་བཞིན་དོར་ནས“འགྱུར”སོང་། ཕྱི་ལུས་པོའི་བྱ་སྤྱོད་ནས་ནང་སེམས་པའི་འཛིན་སྟངས་བར་ཕྱི་འགྱུར་ནང་འགྱུར་བྱས་སོང་། འགྱུར་སྟངས་སམ་འགྱུར་ལུགས་ལ་ཧེ་བག་ཕྲན་བུ་ཡོད་ན་ཡང་།“འགྱུར་ལྡོག”གི་མཇུག་འབྲས་ནི་གཅིག་པ་གཅིག་རྐྱང་སྟེ་སྐྱོ་གར་ཉིད་དོ། ། སྤྱི་སྒེར་གང་གི་ངོས་ནས་བཤད་ཀྱང་དེ་ལས་ཆེ་བའི་སྐྱོ་གར་ཞིག་གང་ན་ཡོད་དམ། དེ་བས། རྩ་བའི་ཆ་ནས་བཤད་ན་སྒྲུང་གཏམ་འདི་གཉིས་སྐྱོ་གར་སྒྲུང་གཏམ་གྱི་ཁོངས་སུ་གཏོགས་འོས་སྙམ།
དེས་ན། སྒྲུང་གཏམ་གཉིས་ཀའི་ནང་དུ་ཐོག་མཐའ་བར་གསུམ་དུ“ཉི་འོད”དྲོ་སོབ་སོབ་དང་འོད་ལམ་ལམ་འཚེར་དོན་ཅི་ཡིན་ནམ། རྩོམ་པ་པོ་གཉིས་ཀྱི་དགོངས་གཞི་ཡང་སྙིང་ཅི་ཞིག་ཡིན་ནམ།
གསུམ་པ། ཉི་འོད།
        གོང་སྨྲས་ལྟར། སྒྲོལ་མ་དང་ལྷ་མཛེས་གཉིས་ཀྱི“འགྱུར་ལྡོག”ནི་གཏིང་རིང་ལ་གཞི་རྒྱ་ཆེ་བའི་སྐྱོ་གར་ཞིག་རེད། ཇི་སྐད་དུ། “ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་དང་། འགལ་ཟླར་གྱུར་པའི་སྤྱི་ཚོགས་སྟོབས་ཤུགས་མི་འདྲ་བ་དང་། འགལ་རྩོད་གདོང་ཐུག་གི་ངོ་བོ་མི་འདྲ་བ་སོགས་ལ་རྐྱེན་བྱས་ཏེ། མི་དང་སྤྱི་ཚོགས་གདོང་ཐུག་གི་སྐྱོ་གར་ལ་ཡང་མངོན་སྟངས་མི་འདྲ་བ་འབྱུང་།”[1]ཞེས་པ་ལྟར། སྒྲོལ་མ་དང་ལྷ་མཛེས་གཉིས་ཀྱི་སྐྱོ་གར་ནི་བོད་སྤྱི་ཚོགས་ཀྱི་ཁོར་ཡུག་དམིགས་བསལ་བ་ལས་བྱུང་བས་ན་མངོན་སྟངས་ཀྱང་མི་འདྲ་བ་ཡོད།
        དེ་ཡང་ཕྱིའི་དངོས་པོའི་ལོངས་སྤྱོད་ཀྱི་ངོས་ནས་སམ་ཕྱིའི་ལུས་པོའི་བདེ་སྡུག་གི་ངོས་ནས་བཤད་ན། སྒྲོལ་མའི“འཚོ་བ”དང་ལྷ་མཛེས་ཀྱི“ལམ་བུ”གང་ཡིན་ཀྱང་ཇེ་བདེ་ཇེ་སྐྱིད་ཀྱི་ཕྱོགས་སུ“འགྱུར”བཞིན་ཡོད་སྣང་སྟེར། དེ་བས། ཕྱིའི་རྣམ་པའི་ཆ་ནས་བལྟས་ན“སྤྲོ་གར”གྱི་ཉམས་དང་ལྡན་ཡོད་པ་སྟེ། སྒྲུང་གཏམ་ལས། “ཀོ་བས་བཏུམས་པའི་འབོལ་ཁྲི་དམར་པོ་ཞིག་གི་སྟེང་དུ་གཉིད་ཡུར”བའི་སྒྲོལ་མའི་སྟེང་དུ་ཐོག་མཐའ་བར་གསུམ་དུ“ཉི་འོད”དྲོ་སོབ་སོབ་འཕྲོས་པ་དང་། ལྷ་མཛེས་ཀྱི་གར་སོང་གར་བསྡད་ཀྱི་ལམ་ཁ་དང་ཁོར་ཡུག་ཐམས་ཅད“ཉི་འོད”ལམ་ལམ་གྱིས་ཁྱབ་ཡོད་པའོ། །ཡིན་ཀྱང་། ཕྱིའི“སྤྲོ་གར”ཉི་ཚེ་བ་དེའི་གཏིང་རིམ་ན་རྩ་བ་ཆེ་བའི“སྐྱོ་གར”ཆེན་པོ་ཞིག་བསྐུངས་ཡོད་པ་སྟེ། སྒྲོལ་མ་དང་ལྷ་མཛེས་སུ་ཡིན་ཀྱང་དངོས་པོའི་ལོངས་སྤྱོད་ཉི་ཚེ་བ་ནང་སྙིང་བྱས་པའི“སྤྲོ་གར”དེའི་ཆེད་དུ་ནང་གི་བླ་སྲོག་དང་འབྲེལ་བའི་རིན་པོ་ཆེ་ཐམས་ཅད་གཏའ་མར་ཤོར་བའི“སྐྱོ་གར”ཆེན་པོ་བཟོས་ཡོད། དེ་ལྟར་བལྟས་ཚེ། སྒྲུང་གཏམ་ལས་ཕྱི་ངོས་ཀྱི“སྤྲོ་གར”དེ་ནི་དོན་གྱིས་གཏིང་རིམ་གྱི“སྐྱོ་གར”གང་དེ་འབྱུང་བའི་རྨང་གཞི་ལྟ་བུར་གྱུར་ཅིང་། ཕྱི་ངོས་ཀྱི“སྤྲོ་གར”གང་དེའི་བདེ་སྣང་དང་སྐྱིད་སྣང་ལ་ཇི་ལྟར་ཉམས་དང་ཤུགས་ཆེ་ན། གཏིང་རིམ་གྱི“སྐྱོ་གར”དེའི་ན་ཟུག་དང་ཕངས་སེམས། ནོངས་འགྱོད་དང་ཆགས་སྡང་བསླངས་པ་དེ་ལྟར་ཤུགས་ཆེ། “སྐྱོ་གར་ནི་སྤྲོ་གར་རྨང་གཞིར་བྱས་ཏེ་འབྱུང་ཆོག་ཅིང་། ཚུལ་དེས་བདེན་ཐུབ་ཀྱི་སྐྱོ་གར་རྣལ་མ་ཡིན་པའི་ངོ་བོ་ལ་གནོད་པ་གང་ཡང་བཟོ་མི་སྲིད།”[2]ཅེས་པ་ལྟར། ཕྱི་ངོས་ཀྱི“སྤྲོ་གར”དང་གཏིང་རིམ་གྱི“སྐྱོ་གར”གཉིས་མི་མཐུན་ཆ་བསྒྲིགས་གིས་མཐུན་སྦྱོར་བྱས་པ་དེ་ནི་སྒྲུང་གཏམ་འདི་གཉིས་ཀྱི་སྒྱུ་རྩལ་གྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་དང་། སྒྲུང་གཏམ་གྱི་ཐོག་མཐའ་བར་གསུམ་དུ“ཉི་འོད”ལམ་ལམ་འཕྲོ་བཅུག་པའི་དགོངས་གཞི་ཡང་ཡིན་པར་བདག་སེམས་སོ། །
        ཟུར་གཞན་ཞིག་ནས་བཤད་ན། སྒྲུང་གཏམ་འདི་གཉིས་ལས་ལམ་ལམ་འཚེར་བའི“ཉི་འོད”ནི་དོན་དུ“མུན་ནག”འབའ་ཞིག་སྟེ། མི་སྣ་གཙོ་བོ་གཉིས་ཀྱི་ཕྱིའི་ལུས་པོར་འཁྱུད་པའི“ཉི་འོད”དེས་ཐོག་མཐའ་བར་གསུམ་དུ་ནང་སེམས་ཁོང་ལ“མུན་ནག”གཏིབས་ཀྱིན་པས་སོ། །ཡང་ན། ཕྱིའི་ལུས་པོ“ཉི་འོད”ཀྱིས་ཇི་ཙམ་དྲོ་ན། ནང་བླ་སྲོག“མུན་ནག”གིས་དེ་ཙམ་འཁྱེར་གྱིན་པས་སོ། །དེ་ལྟར་སྒྲོལ་མའི“འཚོ་བ”ནམ་དུ་ཡང“མུན་ནག”གི་ཕྱོགས་སུ་འགྱུར་བཞིན་པ་དང་། ལྷ་མཛེས་ཀྱི་མི་ཚེའི“ལམ་བུ”ཡང“མུན་ནག”གི་ཕྱོགས་སུ་འགྱུར་མགོ་བརྩམས་ཡོད། 
མདོར་ན། སྒྲུང་གཏམ་འདི་གཉིས་ཀློག་དུས། ང་ཚོས“སྤྲོ་གར”ནས“སྐྱོ་གར”དང“ཉི་འོད”ནས“མུན་ནག”སྟེ། ཐུན་མིན་སྒྱུ་རྩལ་གྱི་བང་རིམ་ཁྱད་མཚར་པོ་ཞིག་ཁད་ཀྱིས་འགྲིམ་དགོས་ཡོད། དེ་ལྟའི་འགྲུལ་བཞུད་ཁྲོད་དུ། ང་ཚོ་ཤེས་མེད་ཚོར་མེད་དང་བཟློག་མེད་གཡོལ་མེད་ཀྱི་ངང་ལ་སྒྱུ་རྩལ་གྱི་ཉམས་སྟབས( 气氛 )ཁྱད་པར་ཅན་ཞིག་གི་ཀློང་དུ་ཚུད་པར་འགྱུར།
བཞི་པ། ཉམས་སྟབས།
        ཉམས་སྟབས་ནི། རྒྱ་སྐད་ཀྱི“ 气 氛 ”ཞེས་པའི་དོན་ཏེ། ངེས་གཏན་གྱི་ཁོར་ཡུག་བྱེ་བྲག་པའི་ནང་དུ་མི་རྣམས་ལ་ཚོར་བ་དྲག་པོ་སྟེར་བའི་ཕྱིའི་ཡུལ་གྱི་ཉམས་དང་ངང་ཚུལ་ཁྱད་པར་ཅན་ལ་བྱའོ། ། ① ཉམས་སྟབས་ནི་སྒྲུང་གཏམ་ལ་མེད་དུ་མི་རུང་བའི་སྒྱུ་རྩལ་གྱི་མཐོ་ཚད་ཅིག་ཡིན། རྩོམ་རིག་གཞུང་ལུགས་ལས། སྒྲུང་གཏམ་གྱི“ཕྱོགས་གཅིག་ན་སྙན་ངག་གནས་ཤིང་། ཕྱོགས་གཅིག་ན་ལོ་རྒྱུས་ཡོད”[3]པར་གསུངས་པ་ལ་གནད་ཤིན་ཏུ་ཆེ། ཕྲན་གྱི་ལྟ་ཚུལ་ལ། སྒྲུང་གཏམ་དང་སྙན་ངག་གི་འདྲ་བའི་ཆ་དེ་གཙོ་བོ་ཉམས་སྟབས་གྱི་སྟེང་ན་ཡོད་པར་འདོད་དེ། སྒྱུ་རྩལ་གྱི་མཐོ་སར་སོན་པའི་གནས་སྐབས་སུ།ཉམས་སྟབས་ནི་དེ་གཉིས་ཐུན་མོང་ལ་ཡོད་པའི་ཉམས་དང་ངང་ཚུལ་ཁྱད་པར་ཅན་ཞིག་ཡིན་པས་སོ། ། དཔེར་ན། སྐབས་འགར་རྟོག་ལྗོངས( 意境 )ཞེས་པ་སྙན་ངག་ཙམ་ལས་བརྒལ་ཏེ་སྒྲུང་གཏམ་གྱི་ཁྱད་ཆོས་ཤིག་ཏུ་བགྲང་ནས་མྱོང་རོལ་དང་ཞིབ་འཇུག་བྱེད་དུས། དེ་ནི་སྙན་ངག་དང་ཆ་འདྲ་བར་ཉམས་སྟབས་གང་རུང་ཞིག་གིས་བསྐྱེད་པའམ་ཡང་ན་ཉམས་སྟབས་གང་རུང་ཞིག་ལས་འབྱུང་བ་ལྟ་བུའོ། །
        སྒྲུང་གཏམ་གྱི་ངོས་ནས་བཤད་ན། “ཉམས་སྟབས་ཞེས་པ་དེ་རང་ངོས་ནས་རྟོག་ལྗོངས( 意境 )ཤིག་དང་། རྩོམ་མཁན་གྱི་བསམ་བློ་དང་སྒྱུ་རྩལ་གྱི་མཐོ་ཚད་ཅིག་ཡིན”ཏེ། [4]ཉམས་སྟབས་གང་དེས་སྒྲུང་གཏམ་ཧྲིལ་པོར་གསོན་ཤུགས་ཀྱིས་ཁྱབ་པར་བྱེད་པ་ཡིན། འཆད་བྱའི་སྒྲུང་གཏམ་གཉིས་ལ་མཚོན་ན། ཉམས་སྟབས་དེ་ཡང་ཕྱི་རིམ་དང་ནང་རིམ་གཉིས་སུ་གནས་ཤིང་གཅིག་གྲོགས་གཅིག་གིས་བྱེད་པ་ཞིག་སྟེ། ཕྱི་རིམ་དུ་གནས་པ་ནི། ཉི་འོད་ཚ་ལམ་ལམ་དང་དྲོ་སོབ་སོབ་ཏུ་འཕྲོ་བའི་འོག་ན་སྣོད་བཅུད་ཐམས་ཅད་ལ“སྤྲོ་གར”གྱི་ཉམས་སྟབས་སྟུག་པོས་ཁྱབ་ཡོད་པ་དེ་དང་། ནང་རིམ་དུ་གནས་པ་ནི་དེ་ལས་ལྡོག་སྟེ་ན་ཟུག་དང་ཕངས་སེམས། ནོངས་འགྱོད་དང་ཆགས་སྡང་སློང་བར་བྱེད་པའི“སྐྱོ་གར”གྱི་ཉམས་སྟབས་སྟུག་པོ་ཞིག་འགོག་མེད་དུ་འཐིབ་ཡོང་བ་དེའོ། །དེ་བས། ང་ཚོས་དྲོ་སོབ་སོབ་འཕྲོ་བའི“ཉི་འོད”དེ་ཀློག་དུས། སེམས་ཁོང་འཁྱག་ཤུར་ཤུར་བྱེད་ཅིང་། གསལ་ལམ་ལམ་འཕྲོ་བའི“ཉི་འོད”དེ་ཀློག་དུས། ང་ཚོས“མུན་ནག”སྟུག་པོ་རྩ་ལག་དང་བཅས་པ་ཚོར་ཡོང་། སྒྲུང་གཏམ་ལས། སྒྲོལ་མའི་གཞན་བསྒྱུར་གྱི“འཚོ་བའི”བརྒྱུད་རིམ་ཡིན་ན་ཡང་འདྲ། ལྷ་མཛེས་ཀྱི་གཞན་བསྒྱུར་གྱི“ལམ་བུའི”གོ་རིམ་ཡིན་ན་ཡང་འདྲ། ཐོག་མཐའ་བར་གསུམ་དུ་དེ་ལྟའི“གྲང་ངར”དང“མུན་ནག”གི་ཉམས་སྟབས་སྟུག་པོ་ཞིག་གིས་ཁྱབ་ཡོད། ཁྱབ་ནས་ཀྱང་ཀློག་པ་པོའི་སེམས་པ་ཡང་འཁྱགས་རོམ་གྱི་སྟེང་དུ་འབྱར་བ་ལྟར་གྲང་འདར་ཡང་ཡང་འཆོར་བར་བྱེད། དེ་ནི“མྱོང”དུ་ཡོད་པ་ལ“བརྗོད”དུ་མེད་པའི་སྒྱུ་རྩལ་གྱི་དགའ་སྟོན་ཞིག་ཡིན། དེ་ནི་ཚིག་དང་འབྲུ་ཡི་རྒྱབ་ལོགས་ནས་མངོན་ཆུང་གིས་གནས་པའི་སྒྱུ་མའི་འཇིག་རྟེན་ཞིག་ཡིན། དེ་ནི་རྩོམ་མཁན་དང་ཀློག་མཁན་གཉིས་ཀྱི་དབར་དུ་བྱུང་བའི་སྒྲ་མེད་གཟུགས་མེད་ཀྱི་ཁ་བརྡ་ཞིག་སྟེ། སྨྲ་བརྗོད་ཀྱི་སྒྲས་མི་མཚོན་ཞིང་ཡི་གེའི་གཟུགས་རིས་ཀྱིས་ཀྱང་མཚོན་ཐུབ་པ་མིན། དེ་ནི་ཉམས་སྟབས་སོ། །
        གཞན་ཡང་། “སྒྲུང་གཏམ་ནང་གི་མི་སྣ་རྣམས་ངེས་གཏན་གྱི་ཁོར་ཡུག་ཅིག་ནས་འཚོ་གནས་བྱ་དགོས་པ་མ་ཟད། ད་དུང་ངེས་གཏན་གྱི་ཉམས་སྟབས་ཤིག་གི་ཁྲོད་ནས་འཚོ་གནས་བྱ་དགོས་ཡོད།”[5]ཅེས་པ་ལྟར། སྒྲུང་གཏམ་ལས་མི་སྣ་གང་ཞིག་འབྲི་དུས། བྲི་བྱའི་མི་སྣ་གང་དེ་ངེས་གཏན་གྱི་དུས་རབས་ཤིག་གི་ངེས་གཏན་གྱི་ཁོར་ཡུག་ནང་དུ་བཞག་སྟེ་འགྲེམ་སྟོན་བྱ་དགོས་ལ། དེ་ལ་གནད་གཉིས་ཡོད་དེ། གཅིག་ནི་གནས་སྐབས་དེའི“ཁོར་ཡུག”ནི་ངེས་པར་དུ་གནས་སྐབས་ཀྱི་ཉམས་སྟབས་ཁྱད་པར་ཅན་དང་ལྡན་པ་ཞིག་ཡིན་དགོས་པ་དང་། གཉིས་ནི་ཁོར་ཡུག་གང་དེ་ཞིབ་འབྲི(བཀོད་འབྲི)བྱེད་པའི་སྦྱོར་བས་ཉམས་སྟབས་ཁྱད་པར་ཅན་དེ་འབྱུང་བར་མཐུན་རྐྱེན་སྒྲུབ་པའོ། །སྒྲོལ་མ་དང་ལྷ་མཛེས་གཉིས་ནི་དེང་དུས་ཀྱི་སྤྱི་ཚོགས་ཁོར་ཡུག་དང་མཐུན་པའི་ཉམས་སྟབས་དམིགས་བསལ་ཅན་དེ་འདྲ་ཞིག་གི་ནང་དུ་བཞག་ཡོད་པ་དེས།མི་སྣའི་སྣང་བརྙན་ལ་གསོན་ཤུགས་དང་འགུག་ཤུགས་ཀྱིས་ཁེངས་པར་བྱས་ཤིང་། སྒྱུ་རྩལ་དང་བསམ་བློ་གཉིས་སྒྲུང་གཏམ་ལས་ཚད་མཐོ་སའམ་གཏིང་ཟབ་ས་ནས་མཐུན་སྦྱོར་བྱ་བ་ལ་དགེ་མཚན་མི་དམན་པ་བསྐྲུན་འདུག་སྙམ་མོ། །
ལྔ་པ། མཇུག་གི་གཏམ།
        མདོར་ན། སྒྲུང་གཏམ་འདི་གཉིས་ལས“བུད་མེད་ཀྱི་གནད་དོན”དེ་སྤྱི་ཚོགས་འཕོ་འགྱུར་དང་མི་གཞི་གཞན་བསྒྱུར། གསར་དར་དཔལ་ཡོན་དང་སྲོལ་རྒྱུན་གོམས་སྲོལ། ད་ལྟའི་གནས་སྟངས་དང་མ་འོངས་འཕེལ་ཕྱོགས། ཕྱི་དངོས་པོའི་ལོངས་སྤྱོད་དང་ནང་བསམ་པའི་འཛིན་སྟངས། རིག་གནས་དང་མི་གཤིས་སོགས་རྒྱབ་ལྗོངས་ཆེན་པོ་ཞིག་གི་ཁྲོད་དུ་བཞག་སྟེ་བསམ་གཞིག་དང་འགྲེམ་སྟོན་བྱས་འདུག་པའམ་ངོ་བོའི་གནས་སྟངས་ཀྱི་ཆ་ནས་མཚོན་པར་བྱས་འདུག་སྙམ། སྒྲུང་གཏམ་ལས། བོད་རིགས་བུད་མེད་ཀྱི་མཚོན་བྱེད་དམ་བོད་པའི་མ་ཡུམ་གྱི་མཚོན་བྱེད་ཡིན་པའི་སྒྲོལ་མ་དང་ལྷ་མཛེས་གཉིས་ཀྱི་ད་ལྟའི་གནས་སྟངས་སྐྱོ་གར་ཡིན་པར་བཤད་ཡོད་ཅིང་། སྐྱོ་གར་སྐྱེད་བྱེད་ཀྱི་རྒྱུ་དེ་ཕྱི་རྐྱེན་དང་ནང་རྐྱེན་གཉིས་སུ་དབྱེ་ནས་མཚོན་ཡོད་པར་མ་ཟད། བུ་མོ་དབང་མོའི་སྣང་བརྙན་དང་ལྷ་མཛེས་ཀྱི“ལམ་བུའི”འགྱུར་ལྡོག་བརྒྱུད་ནས་མ་འོངས་འཕེལ་ཕྱོགས་སྐོར་ལ་སེམས་ཁྲལ་དང་ཉེན་བརྡ་བཏང་འདུག་སྙམ། དཔེར་ན། 《ཉི་འོད་ཀློང་གི་སྒྲོལ་མའི》མཇུག་ཏུ། བུ་མོ་དབང་མོས་རྒྱ་སྐད་འཆད་ཤེས་པའི་ནེ་ཙོ་དེ་བསྟན་ནས།“ཨ་ཕ། འདིས་བོད་སྐད་བཤད་ཤེས་ནི་ཨེ་རེད།”ཅེས་རྒྱ་སྐད་ཀྱིས་འདྲི་དུས། གཉིད་དུ་ཡུར་བའི་རྡོ་རྗེ་དང་ཟས་གཡོ་སྐོལ་ལ་བྲེལ་བའི་སྒྲོལ་མ་སུས་ཀྱང་མ་ཐོས་པས་དྲི་བ་དེ་ལན་མེད་དུ་ལུས་ཤིང་། རྩོམ་པ་པོས་ཆེད་མངགས་ལན་མེད་ཀྱི་དྲི་བ་དེ་འདྲ་ཞིག་གིས་སྒྲུང་གཏམ་མཇུག་བསྡུས་ཡོད་པ་ལྟ་བུའོ། ། 
        དེ་ལྟར“བུད་མེད་ཀྱི་གནད་དོན”ནི་རྩོམ་རིག་གི་གནད་དོན་ཆེན་པོ་ཞིག་ཡིན་ཅིང་སྤྱི་ཚོགས་ཀྱི་གནད་དོན་ཆེན་པོ་ཞིག་ཀྱང་ཡིན། གནད་དོན་དེ་རྩོམ་རིག་གི་ངོས་ནས་འགྲེམ་སྟོན་བྱས་ན་ཡང་འདྲ། སྤྱི་ཚོགས་ལོ་རྒྱུས་ཀྱི་ངོས་ནས་བགྲོ་གླེང་བྱས་ན་ཡང་འདྲ། ངོ་བོའི་གནས་སྟངས་དང་སྤྱིའི་ཆོས་ཉིད་ཀྱི་ངོས་ནས་བསམ་གཞིག་བྱ་བ་གནད་དུ་ཆེ། དེ་ལྟ་མ་ཡིན་པར། ད་ལྟའི“ཕོ་མོ་འདྲ་མཉམ”ཞེས་འུར་སྒྲོག་བྱེད་མཁན་དག་དང་འདྲ་བར་ཕྱི་ངོས་ཀྱི་སྣང་ཚུལ་ཙམ་ཚད་མར་བཟུང་བ་ཡིན་ན། སྒྲོལ་མ་དང་ལྷ་མཛེས་ཀྱི་སྐྱོ་གར་སྐྱེད་བྱེད་དེ་ཡང་ཕྱི་རྐྱེན་གཞན་ཞིག་སྟེ། ཁྱོ་ག་རྡོ་རྗེ་དང་སྦྱིན་བདག་འཇིགས་མེད་ཀྱིས་མཚོན་པའི་སྐྱེས་པ་དག་གི་དབང་ཤེད་བཙན་ཤེད་ལས་བྱུང་བ་ཉིད་དོ་ཞེས་ཆུ་ཟླ་སྤར་འཛིན་བྱེད་དགོས་པར་འགྱུར་རོ། །
        སྒྲུང་གཏམ་ལ་མཚོན་ན། “བུད་མེད་ཀྱི་གནད་དོན”སོགས་སྤྱི་ཚོགས་ཀྱི་གནད་དོན་ཆེ་གྲས་སྐོར་འགྲེམ་སྟོན་བྱ་བ་དེ་ལས་སླ་པོ་མེད། རྒྱུ་མཚན་ནི། དེ་ནི་བསམ་བློ་དང་སྒྱུ་རྩལ་ཇི་ལྟར་མཐུན་སྦྱོར་སྙོམ་སྒྲིག་བྱ་ཚུལ་ཏེ། རྩོམ་རིག་གི་གནད་དོན་ཆེན་པོ་ཞིག་ལ་ཐུག་ཡོད་པས་སོ། །བསམ་བློ་དང་སྒྱུ་རྩལ་གང་ཞིག་ལ་ཤུགས་ཆེ་དྲགས་ཚེ། ཅིག་ཤོས་ལ་དམའ་ཕབ་པར་འགྱུར། གླེང་ཟིན་གྱི་སྒྲུང་གཏམ་གཉིས་ལས་དེའི་སྐོར་གྱི་གནད་དོན་ཐག་བཅད་པ་འོས་ཤིང་འཚམ་པར་སྣང་ངོ་། །             
        2014-11-18ཉིན་ལྷ་ས་ནས།
        གསལ་བཤད།
        ① གཞན་དུ“ 气 氛”ལ“ཁ་དབུགས”ཞེས་བསྒྱུར་འདུག་པ་དོན་ལ་འཕྲོད་དཀའ་ཞིང་རྒྱ་སྐད་ཀྱི“空气”ཞེས་པའི་དོན་དང་འཁྲུལ་ཉེན་ཆེ་བར་སྣང་། “ཉམས་སྟབས”ཞེས་པའི་མིང་བརྡ་དེའི་གོ་དོན་ལ《རྒྱ་བོད་ཚིག་མཛོད་ཆེན་མོར》རྣམ་འགྱུར་ཞེས་འགྲེལ་འདུག་ཅིང་། སྔ་རབས་པའི་གསུང་རྩོམ་དག་ན་མིང་བརྡ་དེའི་འབྱུང་ཚད་ཅུང་དམའ་བར་སྣང་། 《མེ་ལོང་མའི》རྩ་བ་སོགས་ལས“སྟབས”ཞེས་པའི་མིང་བརྡ་དེ“ཉམས”དང་གོ་དོན་ཧ་ལམ་འདྲ་བའི་ཚུལ་དུ་འབྱུང་། དེ་ལྟར“ཉམས་སྟབས”ཞེས་པའི་བརྡ་དོན་ལ་བརྟགས་ཤིང་དཔྱད་ཚེ། རྒྱའི“ 气 氛 ”ཞེས་པའི་དོན་དང་ཤིན་ཏུ་འཕྲོད་པར་སྣང་ངོ་། །
        ཟུར་བལྟའི་དཔྱད་གཞི།
        [1] 郭玉生 . 悲剧美学—历史考察与当代阐释 [M]. 北京 : 社会科学文献出版社,2006:69.
        [2] 苏珊 • 朗格 . 情感与形式 [M]. 北京 :中国社会科学出版社,1989:420.
        [3]爱 •摩 •福斯特 .小说面面观 [M].广州:花城出版社,1984:4.
        [4][5] 谭朝炎 . 论气氛—小说美学谈 [J]自贡师专学报 1991(1)(2)
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1