རྔ་བ་ཁུལ་གྱི་དམངས་གཉེར་སློབ་གྲྭ་ཐོག་མ་ཝུན་ཁྲོན་དུ་བཙུགས།

ཚེ་རིང་དབང་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 09-04


     ཉེ་ཆར། ཞིང་ཁྲོན་པེ་ཧྥུ་ཚོད་ལྟའི་སློབ་གྲྭའི་གན་རྒྱ་འཇོག་པའི་མཛད་སྒོ་ཝུན་ཁྲོན་རྫོང་ཝུའེ་ཀྲོའུ་གྲོང་རྡལ་ཡན་མོན་གྲོང་ཚོར་འཚོགས་པ་དེ། བུ་བཅོལ་ཁང་དང་སློབ་ཆུང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་འཛོམ་པའི་དམངས་གཉེར་སློབ་གྲྭ་ཞིག་རང་ཁུལ་དུ་བཙུགས་པ་མཚོན་ཡོད། མིག་སྔར་དམངས་གཉེར་སློབ་གྲྭ་དེའི་བུ་བཅོལ་ཁང་སློབ་བསྡུ་བྱེད་བཞིན་ཡོད།
     ཤེས་རྟོགས་བྱུང་བར་ལྟར་ན། ཝུན་ཁྲོན་ཞིང་ཁྲོན་པེ་ཧྥུ་ཚོད་ལྟའི་སློབ་གྲྭ་ནི་ཞིང་ཁྲོན་ཚོགས་པའི་ཁོངས་གཏོགས་སི་ཁྲོན་ཞིང་ཅའོ་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སིས་མ་དངུལ་ཆ་ཚང་བཏང་ནས་གསར་སྐྲུན་བྱས་པ་ཞིག་ཡིན་ཞིང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་7.5ཙམ་བཏང་བ་དང་། ས་མུའུ་140ཙམ་བཟུང་བ། འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་22.54ཙམ་ཟིན་ཡོད། དུས་ཐེངས་དང་པོར་མ་དངུལ་སྒོར་དུང་ཕྱུར་4.7བཏང་བ་དང་། ས་མུའུ་72.8ཙམ་བཟུང་བ། འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་7.5ཙམ་ཟིན་པ། སྔོན་དཔག་བྱས་ན་2021ལོའི་ཟླ་9པར་བེད་སྤྱོད་ཐུབ་རྒྱུ་རེད། བསྐྲུན་ཚར་རྗེས་སློབ་མ་4200ལྷག་ཙམ་བསྡུ་ཐུབ་རྒྱུ་རེད།
     ལོ་བརྒྱའི་ཇུས་ཆེན། སློབ་གསོ་ནི་རྩ་བ་ཡིན། ཉེ་བའི་ལོ་ཤས་རིང་། ཝུན་ཁྲོན་གྱིས་སློབ་གསོའི་བྱ་གཞག་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་གནས་བབ་ཐོག་བཞག་ནས་རྔ་བ་ཁུལ་ས་ཁོངས་ཀྱི་སློབ་གསོ་ལྟེ་གནས་བསྐྲུན་རྒྱུ་དམ་འཛིན་བྱས་པ་མ་ཟད། གསར་གཏོད་འཕེལ་རྒྱས་དང་། སྤུས་ལེགས་འཕེལ་རྒྱས། ཁྱོན་ཡོངས་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱས་ནས། སློབ་གསོའི་མ་ལག་དེ་བས་འཐུས་ཚང་དང་། སློབ་གསོའི་ཐོན་ཁུངས་དེ་བས་ལེགས་པ། སློབ་གསོའི་སྤུས་ཚད་དེ་བས་བཟང་བ་བཅས་ཡོང་བ་བྱས་ཡོད། 
     ཞིང་ཁྲོན་ཚོགས་ཁག་ཞིང་ཁྲོན་མཁོ་སྒྲུབ་དོ་དམ་ཚོགས་ཁག་ཝུན་ཁྲོན་རྫོང་དུ་ནང་འདྲེན་བྱས་ནས་པེ་ཧྥུ་ཚོད་ལྟའི་སློབ་གྲྭ་བཙུགས་པ་དེ་ནི་གཞུང་གཉེར་དང་དམངས་གཉེར་མཉམ་འདྲེས་ཀྱི་སློབ་གཉེར་བྱེད་སྟངས་འཚོལ་ཞིབ་བྱ་བའི་དོན་དུ་ཡིན་ཞིང་། ཝུན་ཁྲོན་གྱི་སློབ་གསོའི་རིམ་པ་མཐོ་རུ་གཏོང་བའི་བྱ་ཐབས་ཤིག་དང་། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་སློབ་གསོའི་དགོས་མཁོ་སྔར་བས་བསྐངས་ཏེ་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཀྱང་ཡིན་པས། ཝུན་ཁྲོན་གྱི་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཝུན་ཁྲོན་གྱི་སློབ་གསོའི་སྤུས་རྟགས་གཏོད་པ། མི་རིགས་ས་ཁུལ་གྱི་མང་ཚོགས་ལ་བདེ་སྐྱིད་སྐྲུན་པ་བཅས་ལ་དོན་སྙིང་ཧ་ཅང་ལྡན། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1