རྒྱ་གར་གྱིས་ཀྲུང་གོའི་App188བཀག་པའི་ཐད་ཚོང་དོན་པུའུ་ཡིས་ལན་སློག་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-07



    ཟླ་9ཚེས་3ཉིན། རྒྱ་གར་གྱིས་ཀྲུང་གོའི་ལག་ཐོགས་ཁ་པར་གྱི་ཉེར་སྤྱོད་བྱ་རིམ་118འགོག་རྒྱུ་ཁྱབ་བསྒྲགས་བྱས་པ་ལ། ཀྲུང་གོའི་ཚོང་དོན་པུའུ་ཡི་མགྲིན་ཚབ་པ་ཀའོ་ཧྥེང་གིས་ཚེས་3ཉིན་དེའི་སྐོར་ལན་སློག་དུས། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་ལ་དོ་ཁུར་ཆེན་པོ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་བསྟན།
     ཀའོ་ཧྥེང་གིས་ཉིན་དེར་སྤེལ་བའི་དྲ་ཐོག་གི་རྒྱུན་ལྡན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ཏུ། ཟླ་9ཚེས་2ཉིན། རྒྱ་གར་ཆ་འཕྲིན་ལག་རྩལ་པུའུ་ཡིས་“རྒྱ་གར་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང། རྒྱ་གར་གྱི་རྒྱལ་སྲུང་། རྒྱལ་ཁབ་བདེ་འཇགས་དང་སྤྱི་པའི་སྒྲིག་སྲོལ་ལ་གནོད་འཚེ་བཏང་འདུག”ཟེར་བ་རྒྱུ་མཚན་དུ་བྱས་ནས། ཀྲུང་གོའི་ལག་ཐོགས་ཁ་པར་གྱི་ཉེར་སྤྱོད་བྱ་རིམ་118བཀག་འགོག་བྱ་རྒྱུ་ཁྱབ་བསྒྲགས་བྱས་འདུག་པར་བརྗོད།
     “རྒྱ་གར་ཕྱོགས་ཀྱིས‘རྒྱལ་ཁབ་ཀྱི་བདེ་འཇགས’ཞེས་པའི་ཐ་སྙད་གང་བྱུང་དུ་སྤྱད་དེ་ཀྲུང་གོའི་ཁེ་ལས་ལ་མཐོང་ཆུང་རང་བཞིན་གྱི་ཚོད་འཛིན་བྱེད་ཐབས་སྤྱད་པ་ནི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་འབྲེལ་ཡོད་སྒྲིག་སྲོལ་ལས་འགལ་ཡོད། ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་ཁེ་ལས་ཀྱིས་རྒྱལ་སྤྱིའི་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བ་དང་ཁྲིམས་མཐུན་ལུགས་མཐུན་ངང་གཉེར་སྐྱོང་བྱ་རྒྱུའི་བླང་བྱ་བཏོན་ཡོད། རྒྱ་གར་ཕྱོགས་ཀྱི་འབྲེལ་ཡོད་བྱེད་སྟངས་ནི། ཀྲུང་གོའི་མ་འཇོག་མཁན་དང་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ཡོད་པ་མ་ཟད། རྒྱ་གར་གྱི་འཛད་སྤྱོད་པའི་ཁེ་ཕན་ལའང་གནོད་འཚེ་བཏང་ཡོད་ལ། སྒོ་དབྱེ་དཔལ་འབྱོར་དངོས་ཚན་ཡིན་པའི་རྒྱ་གར་གྱི་མ་འཇོག་ཁོར་ཡུག་ལ་གནོད་འཚེ་བཏང་ཡོད།
     “ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་ལ་ནོར་འཁྲུལ་གྱི་བྱེད་སྟངས་ཡོ་བསྲང་བྱེད་དགོས་པའི་སྐུལ་མ་བྱས་ཡོད། ཁོང་གིས་ཀྲུང་གོ་དང་རྒྱ་གར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ནི་གཉིས་ཁེ་གཉིས་ཕན་རེད། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཐོབ་དཀའ་བའི་མཉམ་ལས་འཕེལ་རྒྱས་ཀྱི་རྣམ་པ་སྲུང་སྐྱོང་ཡག་པོ་བྱས་ནས་ཀྲུང་གོའི་ཁེ་ལས་ཚུད་པའི་རྒྱལ་སྤྱིའི་མ་འཇོག་མཁན་དང་ཞབས་ཞུ་མཁོ་འདོན་བྱེད་མཁན་ལ་སྒོ་དབྱེ་དང་། དྲང་གཞག  གཞུང་དྲང་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1