ཞིང་ལ་ལོ་ལེགས་བྱུང་། འབྲུ་མཛོད་ནས་ཀྱིས་བཀང་།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 09-07


     ཉེ་ཆར། རྔ་བ་རྫོང་གི་ནས་ནག་འདེབས་འཛུགས་ཀྱི་སྟོན་བསྡུ་བའི་དུས་ལ་སླེབས་འདུག གསེར་ཐང་ཐང་གི་ཞིང་ནང་དུ་ནས་འབྲུའི་ཁུར་གྱིས་ལྗིད་པས་སྙེ་མ་ལང་ལོང་དུ་གཡོ་ཞིང་། ལས་ལ་བརྩོན་པའི་ཞིང་བ་རྣམས་ཀྱིས་གནམ་གཤིས་དང་གཟའ་སྐར་གྱི་འཕྲོད་སྦྱོར་ལེགས་པའི་དུས་ཚོད་དམ་འཛིན་བྱས་ཏེ་སྟོན་སྡུད་ཀྱི་ལས་ལ་འབད་ཀྱིན་འདུག མཉམ་འབྲེལ་ནས་འབྲེག་འཕྲུལ་ཆས་དང་འདྲུད་འཐེན་འཕྲུལ་འཁོར་ཞིང་ཆས་ཀྱི་རིགས་དག་ཞིང་ནང་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་པས་ཞིང་ནང་དུ་འདུ་འཛི་དང་བྲེལ་འཚུབ་ཀྱི་རྣམ་པ་ཞིག་གྲུབ་འདུག
     གསེར་མདོག་གི་སྟོན་ཟླ་དགུ་བ་ནི། ལོ་ལེགས་དང་གྲུབ་འབྲས་ཀྱིས་ཕྱུག་པའི་དུས་ཚིགས་ཤིག་སྟེ། རྔ་བ་རྫོང་གི་ཁེ་ཁོག་ནས་ནག་འདེབས་འཛུགས་ཆེད་གཉེར་མཉམ་ལས་ཁང་གིས་གཞི་རྒྱ་ཆེ་བའི་ནས་ནག་མུའུ་330བཏབ་པ་དེ་ལ་ཡང་སྟོན་སྡུད་ཀྱི་ལས་མགོ་ཚུགས། ལྗིད་ཏིག་ཏིག་ནས་འབྲུ་སྔོན་མོས་གསེར་མདོག་གི་དུས་ཚིགས་འདི་ལ་ལོ་ལེགས་ཀྱི་སྐྱེས་བཟང་བསྩལ་བྱུང་། མཉམ་ལས་ཁང་གིས་ཡུལ་དེའི་དམིགས་བསལ་གྱི་རང་བྱུང་ཆ་རྐྱེན་དང་ཚན་རིག་འདེབས་འཛུགས་ཀྱི་བྱེད་ཐབས་སོགས་བེད་སྤྱོད་གང་ལེགས་བྱས་ཏེ་ནས་ནག་གི་ཐོན་ཚད་ལ་གཏན་འཇགས་ངང་གོང་མཐོར་ཕྱིན་ཞིང་། དཔལ་འབྱོར་གྱི་ཕན་ཁེ་ཡང་སྔོན་དང་བསྡུར་ན་ལྷག་པར་ཡག
     རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ནས་འབྲེག་པའི་གོ་རིམ་ཧྲིལ་བོར་འཕྲུལ་ཆས་ཀྱི་རིགས་བེད་སྤྱོད་བྱས་པ་ཞིག་ཡིན་འདུག་ཅིང་། མཉམ་ལས་ཁང་གིས་མ་དངུལ་སྒོ་ཁྲི་30ལྷག་བཏང་སྟེ། ཞིང་རྨོད་འཕྲུལ་ཆས་དང་འདེབས་འཛུགས་འཕྲུལ་ཆས། ཞིང་འབྲེག་འཕྲུལ་ཆས་སོགས་ཞིང་ཆས་གསར་བའི་རིགས་བོགས་གཡར་བྱས། ས་བོན་འདེབས་འཛུགས་ནས་ཞིང་འབྲེག་པའི་བར་དུ་ཞིང་ཆས་གསར་བའི་རིགས་བེད་སྤྱོད་བྱས་པས། སྔོན་ཆད་་མི་མང་མཉམ་དུ་འདུས་དཀའ་ལས་མང་པོ་མྱངས་དགོས་པ་དང་མི་ཤུགས་མང་པོ་གཏོང་དགོས་པ་སོགས་ཀྱི་གནད་དོན་ལེགས་པར་བསལ་བར་མ་ཟད། ལས་ཀའི་རྒྱུ་སྤུས་དང་ལས་ཕྱོད་ལ་ཡང་སྔར་ལས་ལྷག་པའི་འཕེལ་རྒྱས་བྱུང་། 

     རྔ་བ་རྫོང་ཁེ་ཁོག་ནས་ནག་འདེབས་འཛུགས་ཆེད་གཉེར་མཉམ་ལས་ཁང་གི་འགན་ཁུར་བ་རྒྱམ་ཁོ་ཡིས་བཤད་རྒྱུར། མཉམ་ལས་ཁང་གིས་མཉམ་ལས་ཁང་+ཞིང་བའི་དུད་ཁྱིམ་གྱི་རྣམ་པ་བརྒྱུད་ནས། ས་གནས་ཀྱི་དབུལ་བྲལ་ཁྱིམ་ཚང་གི་ཡོང་སྒོ་སྣ་གཅིག་ཡིན་པའི་གནད་དོན་དེ་ཡང་ལེགས་པར་ཐག་བཅད་ཅིང་ཞིང་བ་ཁྱིམ་ཚང་36ལ་དངོས་ཤུགས་གང་རུང་ནས་ཕན་བཏགས་མྱོང་ཟེར།

     མིག་སྔར། འཕྲུལ་ཆས་ཅན་གྱི་ལམ་ནས་སྟོན་བསྡུ་བ་ནི་གནད་དོན་ཞིག་མིན་ལ། མ་འོངས་པའི་དམིགས་ཡུལ་ནི་མུ་མཐུད་དུ་འབད་པ་བྱས་ཏེ་ནས་ནག་གི་ཐོན་རྫས་སྣ་མང་ཅན་དང་གཏིང་ཟབ་ཅན་གྱི་ཕྱོགས་ནས་ཐོད་བརྒལ་གྱི་ལམ་བུ་འཚོལ་སྙེགས་བྱེད་པ་དང་། ནས་འབྲུའི་ཐོན་ལས་མགྱོགས་མྱུར་ངང་གོང་དུ་འཕེལ་བར་རམ་འདེགས་དང་། རྒྱུ་སྤུས་ལེགས་ཤིང་ཐོན་ཚད་མཐོ་བའི་ནས་ནག་འདེབས་འཛུགས་བྱེད་པར་འབད་པ་ལྷུར་ལེན་བྱེད་རྒྱུ་རེད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1