བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གྱི་འགྲེལ་བཤད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-09


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་པེ་ཅིང་དུ་སྐོང་འཚོགས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། གསུང་བཤད་ནང་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་གྱི་ལས་དོན་གྲུབ་འབྲས་དང་ཉམས་མྱོང་ལ་ཁྱོན་ཡོངས་ནས་ཕྱོགས་བསྡོམས་གནང་བ་དང་། མིག་སྔའི་བོད་ཀྱི་ལས་དོན་ལ་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་གང་ལེགས་གནང་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་བོད་ཀྱི་ལས་དོན་ལེགས་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་སྟོན་དགོངས་པ་རྒྱས་གླེང་གནང་བ། མིག་སྔ་དང་ཕྱིས་འབྱུང་དུས་སྐབས་ཤིག་རིང་གི་བོད་ཀྱི་ལས་དོན་གྱི་དམིགས་འབེན་ལས་འགན་དང་མཛད་ཕྱོགས་སྲིད་ཇུས། འཐབ་ཇུས་བྱེད་ཐབས་བཅས་གཏན་ཁེལ་གནང་བ་བཅས་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པ་རེད།
        ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན། བོད་ལྗོངས་ཀྱིས་ཡུན་རིང་ཐག་གཅོད་བྱེད་དགོས་བསམ་རུང་ཐག་གཅོད་བྱེད་མ་ཐུབ་པའི་པའི་གནད་དོན་མང་པོ་ཐག་གཅོད་བྱས་པ་དང་། བསྒྲུབ་དགོས་བསམ་རུང་བསྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་པས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པ་དང་། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། དེའི་ཁྲོད། ཆེས་མི་སེམས་འགུལ་བའི་དོན་ཆེན་ཞིག་ཡོད་པ་དེ་ནི་སྤྱི་ལོ་2019ལོར་རེད། དེ་ནི་བོད་ལྗོངས་ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་60འཁོར་བའི་སྐབས་སུ། བོད་ལྗོངས་ཀྱི་ས་ཁོངས་ཧྲིལ་པོ་སྤྱི་ཡོངས་ནས་དབུལ་གྲོལ་ཐུབ་པ་དེ་རེད། ལོ་རྒྱུས་དང་རང་བྱུང་ཆ་རྐྱེན་དབང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་སྐོང་འཚོགས་བྱེད་སྐབས་བོད་ལྗོངས་ཀྱི་དབུལ་ཕོངས་གྱུར་ཚད་དེ་བརྒྱ་ཆ་25ཡན་ཟིན་གྱི་ཡོད། དུས་ཐུང་ལོ་ངོ་ཁ་ཤས་རིང་། ཁུལ་གསུམ་ཀྲའུ་གསུམ་ཁྲོད་ཀྱི་ཞིང་ཆེན་རིམ་པའི་གཅིག་བསྡུས་ཡུག་འབྲེལ་དབུལ་ཕོངས་ཟབ་ཁུལ་ཡིན་པའི་བོད་ལྗོངས་ཀྱི་ངོས་ནས་བརྗོད་ན། སྤྱིའི་ཆ་ནས་བལྟོས་མེད་དབུལ་ཕོངས་གནད་དོན་ཐག་གཅོད་ཐུབ་ཡོད། དེ་ལྟ་བུའི་གྲུབ་འབྲས་ནི་ཀྲུང་གོའི་དབུལ་ཕོངས་ཉུང་གཏོང་གི་ལོ་རྒྱུས་ཁྲོད་དང་ཐ་ན་འཛམ་གླིང་གི་དབུལ་ཕོངས་སེལ་བའི་འཐབ་རྩོད་ཁྲོད་ཧ་ཅང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཤིག་རེད།
        བོད་ལྗོངས་འཛུགས་སྐྲུན་ཡག་པོ་བྱེད་པར་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་ལོ་རྒྱུས་ཀྱི་ལས་འགན་མི་འདྲ་བ་ཡོད། ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ངེས་པར་དུ་བྱ་དགོས་པ་བཅུ་ཞེས་པ་དེ་ནི་བོད་ཀྱི་ལས་དོན་གྱི་དུས་བབ་གསར་པ་དང་ལས་འགན་གསར་པ་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་དེ་བས་ཕུན་སུམ་ཚོགས་པའི་ནང་དོན་བསྣན་ཡོད། དཔེར་ན། སྤྱི་ཁྱབ་ཧྲུའུ་ཅིས་འབྱུང་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་འཇོག་དགོས་ཞེས་ནན་སྟོན་གནང་ཡོད། དེ་ནི་སྦགས་མེད་གོང་འཕེལ་གྱི་འདུ་ཤེས་ལས་བྱུང་བའི་ལེགས་གྲུབ་ལྡན་པའི་ལག་ལེན་ཞིག་ཡིན་པ་མ་ཟད། བོད་ཀྱི་འབྱུང་ཁམས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། ས་མཐོའི་དྭངས་གཙང་གི་མཛེས་སྡུག་རྒྱུན་འཁྱོངས་བྱེད་ཆེད་དེ་བས་རྒྱུན་རིང་བ་དང་དེ་བས་གཏིང་ཟབ་པའི་གོང་འཕེལ་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་དགོས།
        བཀོད་སྒྲིག་བྱེད་ཐེངས་གཅིག་ལ་དོན་འཁྱོལ་ཐེངས་དགུ་བྱ་དགོས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གི་ངེས་པར་དུ་བྱ་དགོས་པ་དྲུག་ནས། ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་ཐོག་གི་ངེས་པར་དུ་བྱེད་དགོས་པ་བཅུའི་བར། ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་རྒྱས་བཤད་དེ་བས་ཆ་ཚང་བ་དང་གཏིང་ཟབ་ཏུ་ཕྱིན་ཡོད་པ་དང་། དེའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་དང་། བོད་ལ་མཐོང་ཆེན། བོད་ལྗོངས་གོང་འཕེལ་གཏོང་བ་བཅས་ཀྱི་སེམས་ཤུགས་དང་ཆོད་སེམས་བརྟན་པོ་དང་། བློ་གྲོས་བཅས་མངོན་ཡོད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཡུན་རིང་གི་ཐབས་ཇུས་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་ཤིག་ཡིན་པས། ངེས་པར་དུ་མཐའ་འཁྱོངས་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱེད་དགོས། རིམ་ཁག་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས། བབ་བསྟུན་འཕྲལ་སྒྲུབ་དང་ཡང་འབད་བསྐྱར་འབད་ཀྱིས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་བ་སྟེ། གསོ་རླུང་མི་འདང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ལ་གོ་རྟོགས་དེ་བས་མཐོ་བ། ནུས་ཤུགས་ཡོད་རྒུས་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་མཐུན་སྒྲིལ་འབྱོར་ཕྱུག་དང་། ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ནུས་ཤུགས་ཡོད་རྒུས་འབད་འཐབ་ཧུར་ཐག་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1