༄༅།།མགོན་པོ་བཀྲ་ཤིས།

ཚེ་དཔལ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-09


རིག་གཞུང་ཞིབ་འཇུག་པ་ཞིག་གི་ལྷག་བསམ་དང་གྲུབ་འབྲས།
ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་མགོན་པོ་བཀྲ་ཤིས་ལགས་ཀྱི་གནས་ཚུལ་རགས་བཀོད།

ཚེ་དཔལ་གྱིས་བྲིས། 


ཨ་རིའི་སི་ཐན་ཧྥུ་སློབ་ཆེན་དུ། 

        དགེ་རྒན་ཆེན་མོ་མགོན་པོ་བཀྲ་ཤིས་ནི་སྤྱི་ལོ1966ལོའི་ཟླ་དང་པོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་ཆབ་འོག་ཞང་དགའ་རི་ཡུལ་ཚོར་སྐྱེས། ཁོང་གི་བརྩོན་པའི་མེ་དཔུང་གིས་དཀའ་བའི་ལྕགས་རི་གཞིལ་བའི་སྙིང་སྟོབས་དང་བྱམས་པའི་སེམས་བྱུང་གིས་སེམས་ཅན་བརྩེ་བས་སྐྱོང་བའི་མི་གཤིས་ཀྱི་མཛེས་པས་སློབ་བུ་མང་པོའི་ཡིད་སེམས་སྒུལ་ཡོད། བགྲང་བྱ་སུམ་ཅུ་ལ་ཉེ་བའི་སློབ་གསོའི་ལས་གནས་སུ་རྡོ་རུས་ལ་ཐུག་པའི་འབད་པ་བྱས་པས་རྐང་འཛིན་དགེ་རྒན་དུ་གྱུར་ཅིང་། ཤེས་བྱའི་སྒྲིག་གཞི་བརྟན་ལ་སློབ་གསོའི་ཉམས་མྱོང་ཕུན་སུམ་ཚོགས་པས་ཁོང་གི་སློབ་ཁྲིད་ཀྱི་འོ་མའི་མངར་བཅུད་མྱོང་བའི་སྐལ་བ་ཐོབ་པའི་སློབ་བུ་རྣམས་ལ་མྱོང་རྟོག་ཟབ་མོ་སྦྱིན་མྱོང་བ་དང་། ཐབས་ཤེས་ཟུང་འབྲེལ་གྱི་སྒོ་ནས་ཅི་ཞིག་སྦྱོང་བ་དང་ཇི་ལྟར་སློབ་པའི་གདམས་ངག་མ་ལུས་སྟེར་བར་བྱེད་པས་ཁོང་གིས་བསྐྱངས་པའི་སློབ་མ་རྣམས་ཀྱི་དགའ་མགུ་དང་ཡི་རང་ཐོབ་ཡོད།
ཁོང་གི་མི་ཚེའི་སྐྱིད་སྡུག་འདྲེས་མའི་ནར་སོན་གྱི་ལོ་ཟླ་ནི་ངོ་མཚར་བའི་གཏམ་རྒྱུད་རིང་མོ་ཞིག་ཡིན་པ་དང་། སློབ་སྦྱོང་གི་བཤུལ་ལམ་ནི་དེ་བས་ཀྱང་ཀྱག་ཀྱོག་ཆེ་བ་ཞིག་སྟེ། ཆུང་དུས་སྡེ་པའི་སློབ་ཆུང་དང་གུང་ཧྲེའི་སློབ་ཆུང་དུ་སློབ་གཉེར་བྱས་རྗེས་དམའ་རིམ་སློབ་འབྲིང་དུ་སློབ་གཉེར་དུ་སོང་། སྤྱི་ལོ་1982ལོའི་ཟླ་6པར་སློབ་འབྲིང་སློབ་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་ནས་ངལ་རྩོལ་ལ་ཞུགས་མོད། ཁོང་གི་སེམས་པའི་གཏིང་རུམ་གྱི་སློབ་གཉེར་གྱི་འདུན་པ་དང་བློ་སྤོབས་འཇགས་མ་མྱོང་། སྐབས་དེར་ཁོང་གིས་སློབ་གྲོགས་རྣམས་འབྲིང་རྒྱུགས་ལ་ཞུགས་པར་ཡིད་སྨོན་བྱས་ཤིང་། གོ་སྐབས་འདི་དམ་འཛིན་སྒོས་འབྲིང་རྒྱུགས་ལ་ཞུགས་ཏེ་སློབ་གཉེར་གྱི་རྒྱུན་བསྲིངས་འདོད་ཀྱང་། དུས་དེར་ས་ཞིང་སྒེར་ལ་བགོས་པས་ངལ་རྩོལ་གྱི་འགན་ཁུར་ལྕི་ཞིང་། ཁྱིམ་དུ་ངལ་རྩོལ་པ་ཨ་མ་གཅིག་པུ་ལས་མེད་པས་ཨ་མས་ཁོང་ལ་ཁྱིམ་སྐྱོང་འཚོ་ཚིས་ལ་འབད་དགོས་པའི་རེ་སྐུལ་བྱས། ཡིན་ཡང་རེ་བའི་མྱུ་གུར་རྐྱེན་གྱི་འོད་སྣང་སྤྲོ་མཁན་ཁོང་གི་འཛིན་བདག་དང་སློབ་གྲོགས་ཚོས་ཡང་ཡང་བསྐུལ་བའི་ངོར་ཨ་མ་ཁོང་འབྲིང་རྒྱུགས་ལ་ཞུགས་པར་མོས་མཐུན་བྱུང་མོད། རྗེས་སུ་ཀན་ལྷོ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭས་སློབ་ཞུགས་བརྡ་ཐོ་འབྱོར་དུས། ཨ་མས་ཐབས་བརྒྱ་ཇུས་སྟོང་གིས་བཀག་འགོག་བྱས་ཀྱང་། ཁོང་གི་སློབ་གཉེར་གྱི་དམ་བཅའ་བརྟན་པོ་དང་ཤ་ཉེ་འབྲེལ་རྣམས་ཀྱི་ཁ་ཏའི་འོག་ཏུ། ཨ་མའང་ཁོང་ཉིད་མུ་མཐུད་དུ་སློབ་གྲྭར་འགྲིམས་པར་འཐད་པ་བྱུང་།


ཏུན་ཧོང་གི་“དུས་རབས་6-9བར་གྱི་དར་གོས་ཚོང་ལམ་གྱི་རིག་གནས་བརྗེ་རེས་”ཞེས་པའི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་ཐོག་ཏུ་གསུང་བཤད་གནང་བཞིན་པ།

        འབྲིང་རིམ་ཆེད་སྦྱོང་གི་སློབ་གཉེར་མཇུག་སྒྲིལ་རྗེས་ཁོང་གིས་ལས་ཞུགས་ཀྱི་སྐལ་བ་ཕངས་མེད་དུ་དོར་ནས་མུ་མཐུད་མཐོ་རྒྱུགས་ལ་ཞུགས་པའི་གྲ་སྒྲིག་གང་ལེགས་གནང་ཞིང་། སྤྱི་ལོ་1985ལོར་ཁོང་གི་རེ་འབྲས་སྨིན་ཏེ་ནུབ་བྱང་མི་རིགས་སློབ་གླིང་གི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་གི་བོད་སྐད་ཡིག་རྩོམ་རིག་གི་ཆེད་ལས་ལ་རྒྱུགས་འཕྲོད། ཡིན་ནའང་བློ་སེམས་རྩེ་གཅིག་གིས་སློབ་སྦྱོང་གི་ལམ་བུ་བདམས་པའི་རྐྱེན་གྱིས་ཨ་མའི་རེ་བ་མི་འགྲུབ་པ་དང་དྲིན་ལན་མི་གཞལ་བ་སོགས་ཀྱི་འཇིག་རྟེན་གྱི་མི་ཁའང་མང་དུ་ཁུར་དགོས་པ་སོགས་ཀྱིས་གཞོན་དུས་ཀྱི་ཁོང་གི་ནང་སེམས་ལ་གནོན་ཤུགས་ཀྱི་ཁུར་བོ་གཏོས་ཆེ་བ་ཞིག་བབས་ཀྱང་། ཇི་སྐད་དུ། བདེ་བ་འདོད་ན་རིག་པ་འདོར། །རིག་པ་འདོད་ན་བདེ་འདོར། །ཞེས་པ་བཞིན་དུ་ཉིན་མཚན་དབྱེར་མེད་དུ་སློབ་ལ་བརྩོན་པའི་འབྲས་བུས་གཉེན་ཚན་དག་གིས་རེ་བ་འགྲུབ་པར་བྱས་ཤིང་། སྤྱི་ལོ་1989ལོར་སློབ་མཐར་ཕྱིན་རྗེས་ཀན་ལྷོ་མི་རིགས་རྒྱང་བསྒྲགས་ཁང་གིས་ལས་ཞུགས་ཀྱི་གདན་ཞུ་བྱས་པས་ཆེས་ཐོག་མར་བྱ་བའི་ལས་རྐང་ལ་ཞུགས།
        ཁོང་སྤྱི་ལོ་1989ལོ་ནས་1991ལོའི་བར་བྱ་བའི་ལས་རྐང་དུ་ཞུགས་ཟིན་ནའང་། ངང་རིང་འབད་པས་སློབ་གཉེར་གྱི་རྒྱུན་མ་བཏང་བར་བྱ་བའི་བར་གླགས་དང་ལས་ཞོར་གྱི་གསེར་ལས་དཀོན་པའི་དུས་ཚོད་བེད་སྤྱད་ནས། མཁས་དབང་དམུ་དགེ་བསམ་གཏན་མཆོག་གི་«བརྡ་སྤྲོད་བློ་གསལ་དགའ་སྟོན།»དང་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི«ཚངས་སྲས་བཞད་པའི་སྒྲ་དབྱངས།»ལ་སོགས་ཀྱི་འཆད་ཁྲིད་ཀྱི་སྒྲ་ཐག་ལ་བློ་ཞིབ་མོས་གསན་བསམ་གནང་བས། རང་ཉིད་ཀྱི་བློ་ཡི་རྫིང་བུ་ལ་ཤེས་བྱའི་ཆུ་ཕྲན་ཆད་མེད་དུ་བབས་ཤིང་དགོས་འདོད་ཀྱི་ཡོན་ཏན་ཆར་དུ་བསྙིལ། དེ་ལྟར་བརྩོན་པའི་ཆུ་ཐིགས་རྟག་ཏུ་བབས་པའི་མཐུས། སྤྱི་ལོ་1991ལོར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་རྩོམ་རིག་གི་ཞིབ་འཇུག་སློབ་མའི་སློབ་གཉེར་གྱི་སྐལ་བ་ཐོབ། མཛུབ་སྟོན་སློབ་དཔོན་བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱི་སྣེ་སྟོན་དང་། རང་ཉིད་ཀྱི་ལུས་སེམས་ཡོད་ཚད་ཞིབ་འཇུག་གི་སློབ་གཉེར་ལ་བསྟིམས་པས། སྤྱི་ལོ་1994ལོའི་ཟླ་6པར་«བོད་ཀྱི་བསྟོད་རྩོམ་གྱི་བྱུང་འཕེལ་དང་ཁྱད་ཆོས་ལ་དཔྱད་པ་བློ་གསལ་དགྱེས་པའི་མཆོད་སྤྲིན།»ཞེས་པའི་མཐར་ཕྱིན་ཆེད་རྩོམ་གྱིས་ཞིབ་འཇུག་སློབ་མའི་དམ་བཅའ་བཞག་ཅིང་བསླབ་གནས་ཐོབ་པས། སློབ་གླིང་འདིའི་བོད་སྐད་ཡིག་རྩོམ་རིག་གི་སྐབས་དང་པོའི་ཞིབ་འཇུག་སློབ་མར་གྱུར་ཅིང་། སློབ་མཐར་ཕྱིན་རྗེས་སློབ་གླིང་འདིར་གར་དགེ་རྒན་གྱི་བྱ་བར་ཞུགས།


མི་རིགས་རིག་པའི་འབུམ་རམས་ཞིབ་འཇུག་སློབ་མའི་མཉམ་པར། 

        དེ་ནས་བཟུང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྡེ་ཁག་ཏུ་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བཏུས་དང་བོད་ཀྱི་རྩོམ་རིག་ལོ་རྒྱུས། བོད་ཀྱི་རྩོམ་རིག་རྣམ་བཤད་སོགས་ཀྱི་སློབ་ཁྲིད་ཀྱི་བྱ་བའི་ཁུར་དང་དུ་བླངས་པར་མ་ཟད། ད་དུང་སློབ་མའི་དངོས་ཡོད་གནས་ཚུལ་དང་བསྟུན་ནས་བོད་ཡིག་སློབ་ཚན་མང་དུ་བཀོད་སྒྲིག་བྱས་ཤིང་། སློབ་མའི་བསླབ་དེབ་«བོད་ཀྱི་རྩོམ་རིག་ལོ་རྒྱུས་མདོར་བསྡུས།»བསྒྲིགས་པ་དང་། «ནོར་སྲིད་རིག་པའི་»སློབ་དེབ་བོད་ཡིག་ཏུ་བསྒྱུར་ལ། «ཀ་ཐོག་རྡོ་རྗེ་གདན་གྱི་གདན་རབས།»གཞན་དང་མཉམ་འབྲེལ་སྒོས་བསྒྱུར། «ཀྲུང་གོའི་སི་ཁྲོན་ནུབ་བརྒྱུད་ཀྱི་མི་ཆོས་ལོ་རྒྱུས་རིག་གནས་སྣ་འཛོམས་ཞིབ་འཇུག»དང་«ཤེལ་ཆུའི་རྒྱུད་ཀྱི་བོད་ཀྱི་སྣ་མང་རིག་གནས།»ལ་སོགས་པའི་ཞིབ་འཇུག་གི་བརྟག་དཔྱད་བྱ་བར་ཞུགས་པར་མ་ཟད། ཁོང་གིས་བྲིས་པའི་བརྟག་དཔྱད་སྙན་ཞུའི་ཆེད་རྩོམ་སོགས་ཀྱང་དེའི་ཁྲོད་དུ་བདམས་ནས་པར་བསྐྲུན་འགྲེམ་སྤེལ་བྱས།
སྤྱི་ལོ་2000ལོར་སློབ་གྲྭས་ཆེད་ལས་གསར་འཛུགས་ཀྱི་དགོས་མཁོ་ལྟར། དགེ་རྒན་མགོན་པོ་བཀྲ་ཤིས་ལགས་ཀྲུང་གོའི་ཚན་རྩལ་སློབ་གྲྭ་ཆེན་མོའི་དོ་དམ་སློབ་གླིང་དུ་མངགས་པས། ཁོང་གིས་དོ་དམ་རིག་པ་དང་སྤྱི་སྣང་དཔལ་འབྱོར་རིག་པ། ཕྲ་མཐོང་དཔལ་འབྱོར་རིག་པ་སོགས་ཀྱི་ཆེད་ལས་གསར་པར་སློབ་གཉེར་གནང་ཞིང་། སྤྱི་ལོ་2002ལོར་ནུབ་བྱང་བཟོ་ལས་སློབ་ཆེན་དཔལ་འབྱོར་དང་དོ་དམ་སློབ་གླིང་དུ་བཟོ་ཚོང་དོ་དམ་གྱི་བསླབ་ཚན་ལ་རྒྱུན་མཐུད་རང་བཞིན་གྱིས་སློབ་གཉེར་གནང་བ་དང་། སྐབས་དེར་ཁོང་གིས«ནོར་སྲིད་རིག་པའི་གཞུང་ལུགས་དང་ལག་ལེན།»ཞེས་པའི་བསླབ་དེབ་བོད་ཡིག་ཏུ་བསྒྱུར་ཅིང་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་སྡེ་ཁག་གི་ཚོད་ལྟའི་བསླབ་དེབ་དུ་མཁོ་སྤྲོད་གནང་།


ཞིན་ཅང་དུ་རྟོག་ཞིབ་ཏུ་ཕེབས་པ། 

        ཡུན་ཐུང་གི་ཐོས་པའི་སྐལ་བ་མཇུག་རྫོགས་རྗེས་ཁོང་ཕྱིར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་དུ་ལོག་ནས་སླར་ཡང་སློབ་མའི་རྒྱུད་ལ་ཤེས་བྱའི་ནོར་བུ་སྩོལ་བའི་འཕྲིན་ལས་ཕྲག་ཏུ་བཞེས་ཏེ། བོད་ཀྱི་རིག་གནས་སྤྱི་བཤད་དང་བོད་ཀྱི་རིག་གནས་ལོ་རྒྱུས། རྒྱ་གར་གྱི་རིག་གནས་ལོ་རྒྱུས་སོགས་དངོས་གཞི་སློབ་མའི་སློབ་ཁྲིད་ཀྱི་འགན་ལྷག་བསམ་རྣམ་པར་དག་པའི་མཐུས་འཁུར་ཅིང་། ཚེ་སྲོག་གི་མར་མེ་སྣོད་ལྡན་སློབ་བུ་རྣམས་ཀྱི་རྒྱུད་ཀྱི་རྨོངས་པ་སེལ་བའི་འོད་སྣང་ལ་བསྟིམས། ད་དུང་ཚད་མ་རིག་པའི་གཞུང་ལུགས་ལ་ཐོས་བསམ་གྱི་སྒོ་མོ་ཡངས་པས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན་དུ་བཀུར་བ་དང་ཆབས་ཅིག་གཏན་ཚིགས་རིག་པའི་གཞུང་ལུགས་དང་ལོ་རྒྱུས་སོགས་ཀྱི་སློབ་ཁྲིད་གང་མང་གསར་དུ་བྱས་པ་དང་། ཞིབ་འཇུག་སློབ་མའི་ཞིབ་འཇུག་གི་སློབ་གཉེར་ལ་སྐྱོ་བ་མེད་པར་བརྩེ་བའི་སྒོ་ནས་མཛུབ་སྟོན་གང་ལེགས་བྱས། དེ་བཞིན་སློབ་མའི་དགོས་མཁོར་གཞིགས་ནས་«བོད་ཀྱི་རིག་གནས་སྤྱི་བཤད།»དང་«བསྡུས་གྲྭའི་རིགས་ལམ་གྱི་ཟབ་གནད་ལེགས་བཤད་ཀུན་འདུས།»སོགས་ཀྱི་བསླབ་དེབ་བསྒྲིགས་པར་དགེ་སློབ་ཀུན་གྱི་བསྔགས་བརྗོད་ཚད་མེད་ཐོབ།
        སྤྱི་ལོ་2004ལོར། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་རིག་པའི་ཆེད་ལས་ཀྱི་འབུམ་རམས་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་པ་དང་། ཁོང་གིས་བྱ་བའི་བྲེལ་ཟིང་གི་བར་ནས་བསླབ་བྱའི་གནས་ཀུན་ལ་ཤ་ཐང་རུས་ཐང་གིས་འབད་པའི་འབྲས་བུ་གཞི་ནས་སྨིན་ཅིང་། དགེ་རྒན་ཆེན་མོ་བན་གོ་དང་ཞིབ་འཇུག་པ་ཁྲིན་ཆིན་དབྱིན། ཞིབ་འཇུག་པ་དགྲ་འདུལ་སོགས་ཀྱི་མདུན་སར་རིག་གནས་མིའི་རིགས་རིག་པ་དང་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གནས་སོགས་ཀྱི་བསླབ་ཚན་ལ་སློབ་གཉེར་རྩེ་གཅིག་ཏུ་བྱས་པས་«བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་པོ་དང་དེའི་སྤྱི་ཚོགས་ཀྱི་ནུས་པ།»ཞེས་པའི་འབུམ་རམས་པའི་ཆེད་རྩོམ་ལེགས་གྲུབ་བྱུང་ཞིང་འབུམ་རམས་པའི་བསླབ་གནས་བླངས། དེ་དང་ལྷན་དུ་ཁོང་གིས་གཙོ་གཉེར་བྱས་པའི་རྒྱལ་ཁབ་རིམ་པའི་ཐེབས་རྩའི་རྣམ་གྲངས་ཏེ། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་བོད་ཁུལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུག་སྐྲུན་གྱི་ཞིབ་འཇུག་གི་ལས་གཞིར་མཆོག་མཆན་ཐོབ་ཅིང་། «རྗེས་དཔག་ཚད་མ་རྣམ་གཉིས་ཀྱི་ངོ་བོ་དང་བྱེད་ལས་རགས་ཙམ་གླེང་བ།»དང་«ཚད་མ་རིག་པའི་ཞིབ་འཇུག་ལོ་རྒྱུས་དང་ད་ལྟའི་གནས་བབ་སྤྱི་བཤད།»«བོད་ཀྱི་སྲོལ་རྒྱུན་ཤེས་རིག་ལས་དུས་ཀྱི་རྣམ་བཞག་འཇོག་ཚུལ་ལ་རགས་ཙམ་དཔྱད་པ།»«རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་དང་ཁོང་གི་ཚད་མའི་མཛད་རྗེས་ལ་རགས་ཙམ་དཔྱད་པ།»སོགས་ཀྱི་རིག་གཞུང་ཆེད་རྩོམ་ཡང་«ཀྲུང་གོའི་བོད་རིག་པ།»དང་«བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ།»སོགས་དུས་དེབ་གཙོ་གྲས་དག་ཏུ་བཀོད།


སློབ་མ་དང་མཉམ་དུ་བསྐྱོན་པའི་འདྲ་པར། 

        དགེ་རྒན་མགོན་པོ་བཀྲ་ཤིས་ལགས་ཀྱིས་འབུམ་རམས་ཞིབ་འཇུག་སློབ་མའི་སློབ་གཉེར་མཇུག་རྫོགས་རྗེས་མུ་མཐུད་དུ་སློབ་གླིང་དེ་གའི་སློབ་ཁྲིད་ཀྱི་འཕྲིན་ལས་རླབས་པོ་ཆེའི་འཕྲོ་བསྐྱངས། བོད་སྐད་ཡིག་སྡེ་ཁག་གི་རྐང་འཛིན་དགེ་རྒན་ཞིག་གི་ཆ་ནས་སློབ་གྲྭས་སྔ་རྗེས་སུ་ཨ་རིའི་ཅཱ་ཀྲུའོ་སློབ་ཆེན་ལོ་ཧྲིན་ཅིའི་ཡན་ལག་སློབ་གྲྭ་དང་ཨོ་སི་ཁྲུ་ལི་ཡའི་མའོ་ཨར་པིན་སློབ་ཆེན་ལ་མངགས་ནས་ཟླ་བ་གཅིག་གི་རིང་སྐད་གཉིས་སློབ་ཁྲིད་ཀྱི་གསབ་སྦྱོང་གནང། སློབ་གཉེར་གྱི་རྩ་ཆེ་བའི་གོ་སྐབས་དང་བསྟུན་ནས་ཁོང་གིས་ཕྱི་ལུགས་ཀྱི་སློབ་གསོའི་ལམ་ལུགས་དང་འདུ་ཤེས། ཐབས་ལམ་སོགས་ལ་སློབ་གཉེར་གནང་བར་མ་ཟད། སྔོན་ཐོན་གྱི་ཞིབ་འཇུག་ཐབས་ཤེས་སོགས་རང་ཉིད་ཀྱི་ལག་ལེན་ཁྲོད་བེད་སྤྱད་པས་གྲུབ་འབྲས་མི་དམན་པ་བླངས། ལས་ཞོར་དུ་བོད་བརྒྱུད་ནང་བསྟན་མཚན་ཉིད་རིག་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་བོད་བརྒྱུད་ཚད་མ་རིག་པའི་བསྟན་བཅོས་ཀྱི་ལོ་ཙཱའི་དེབ་ཕྲེང་། ཞིན་ཅང་གི་ལོ་རྒྱུས། དབྱིན་ཇིར་ཉར་བའི་ཞིན་ཅང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་གི་མཆན་འགྲེལ་སོགས་རྒྱལ་ཁབ་རིམ་པའི་ཐེབས་རྩའི་རྣམ་གྲངས་གལ་ཆེ་བ་དག་གི་ཞིབ་འཇུག་གི་བྱ་བར་ཞུགས་ཤིང་། གཏོས་ཆེ་བའི་ཡིག་གྲངས་ཀྱི་དཔྱད་གཞིའི་རྒྱུ་ཆ་ལོ་ཙཱ་དང་བརྟག་དཔྱད་སྙན་ཞུ། ཞིབ་འཇུག་ཆེད་རྩོམ་སོགས་བྲིས་པར་མ་ཟད། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་ཁོང་གི་གསུང་རྩོམ«ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བའི་འགྲེལ་བ་རིགས་ལམ་གསལ་བའི་སྒྲོན་མེ།»དང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་«བོད་ཀྱི་བསྟོད་རྩོམ་སྤྱི་བཤད་དྲི་ཟའི་ངག་གི་འགྱུར་ཁུག»དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་«བོད་ཀྱི་རྩོམ་རིག་ལོ་རྒྱུས་སྤྱི་བཤད།»དང་«བསྡུས་གྲྭའི་རིགས་ལམ་གྱི་ཟབ་གནད་ལེགས་བཤད་ཀུན་འདུས།»དང་། «བོད་ཀྱི་རིག་གནས་རྣམ་བཤད་གཙུག་ལག་ནོར་བུའི་ཕྲེང་བ།»སོགས་སྔ་ཕྱིར་པར་དུ་བསྐྲུན།
ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་རིག་ཚན་འཛུགས་སྐྲུན་གྱི་བགྲོ་གླེང་ཚོགས་འདུའི་ཐོག་ཏུ་ཞུགས་ཡོད་པ།

        ཁོང་གི་ཞིབ་འཇུག་གི་ལས་ཀ་དང་སློབ་ཁྲིད་ལ་འབྲས་བུ་གཡུར་དུ་ཟ་བ་བླངས་པས་སྤྱི་ལོ་2012ལོར་དགེ་རྒན་ཆེན་མོར་བདམས་ཐོན་བྱུང་བ་དང་། ཁོང་གི་བླ་མེད་ཀྱི་སྙིང་སྟོབས་དང་གཞན་ཕན་གྱི་ལྷག་བསམ་གྱིས་སློབ་མ་མང་པོའི་མི་ཚེ་ལ་མཛེས་སྡུག་གིས་ཕྱུག་པའི་འོད་ཀྱི་ལམ་བུ་བསྐྲུན། ཁོང་གི་མི་གཞིའི་ཀུན་སྤྱོད་ཀྱི་མཛེས་པས་དགེ་སློབ་མང་པོའི་ཡིད་ཀྱི་དང་བ་ཅིག་ཅར་དུ་འཕྲོག་ཅིང་། ཁེ་གྲགས་ལ་མི་རེ་བའི་སློབ་གཉེར་གྱི་ཀུན་སློང་དང་བང་མི་ལྷོད་པའི་རྒྱུན་ཆགས་ཀྱི་བརྩོན་པ་སོགས་ཀྱིས་ཁོང་དང་འབྲེལ་བའི་མི་བུ་ཀུན་ལ་ཤུགས་རྐྱེན་ཟབ་མོ་བཞག ། དེ་ལས་གཞན་མི་ཚེ་ཕྱེད་ཙམ་ཞིབ་འཇུག་གི་བྱ་བར་བསྟིམས་པའི་འབྲས་བུར། སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་ཐེབས་རྩའི་རྣམ་གྲངས་བཅུ་གཉིས་ལྷག་གི་ཞིབ་འཇུག་བྱ་བར་ཞུགས་ཤིང་། གསུང་རྩོམ་དེབ་བཅུ་གཉིས་ལྷག་དང་རིག་གཞུང་དཔྱད་རྩོམ་ལྔ་བཅུ་ལ་ཉེ་བ་དཔེ་བསྐྲུན་དང་དུས་དེབ་གཙོ་གྲས་དག་ཏུ་བཀོད།
གཞན་ཁོང་གིས་སི་ཁྲོན་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་མི་དང་ཀྲུང་གོའི་གཏན་ཚིགས་ཞིབ་འཇུག་ཚོགས་པའི་ཚད་མ་རིག་པའི་ཆེད་ལས་ཀྱི་རྒྱུན་ཨུ་སོགས་ཀྱི་འགན་ཡང་བཞེས་མྱངས། གཞན་2019ལོར་ཁོང་ཉིད་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་དུ་བཀུར་བས་སྐལ་ལྡན་གྱི་སློབ་མ་མང་པོ་ཞིག་ལ་སློབ་གཉེར་གྱི་སྡིངས་ཆ་ལེགས་པོ་ཞིག་ཡོད་པར་གྱུར་པ་ལགས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1