བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་མིག་གཅེས་མིག་སྲུང་སྡེ་ཁུལ་དུ་བསྐྱོད་པའི་སྤྱི་ཕན་དགེ་སྒྲུབ་ཀྱི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-10



          ད་ལོའི་ཟླ་9པའི་ཚེས་5ཉིན་ནི་རང་རྒྱལ་གྱི་“ཀྲུང་ཧྭའི་དགེ་སྒྲུབ་ཀྱི་ཉིན་མོ”ཐེངས་ལྔ་པ་ཡིན་ཞིང་། ཉིན་དེར། བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ཤར་ཕྱོགས་རྒྱུ་ནོར་འཛིན་ལོར་མ་རྐང་ཚད་ཡོད་ཀུང་སི་དང་། ལྷན་ཚོགས་འདིའི་ལྷ་ས་འོད་སྣང་མིག་ནད་སྨན་བཅོས་ཁང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་གྲོང་ལྷན་བཅས་ཀྱི་རོགས་རམ་ཤུགས་ཆེན་འོག  ཞོལ་གྲོང་ལྷན་གྱི་གྲོང་ཚོ་གསུམ་པར་“ཀྲུང་ཧྭའི་དགེ་སྒྲུབ་ཀྱི་ཉིན་མོ”ལ་བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་མིག་གཅེས་མིག་སྲུང་སྡེ་ཁུལ་དུ་བསྐྱོད་པ་ཞེས་པའི་སྤྱི་ཕན་དགེ་སྒྲུབ་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། 
          བྱེད་སྒོ་འདིའི་དམིགས་ཡུལ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་སྤྱོད་བཟང་སྔར་བས་དར་སྤེལ་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་གི་ལྟ་བ་སྐུལ་འདེད་དང་ལག་ལེན་དུ་བསྟར་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བཀའ་དྲིན་ལ་ཐུགས་ཁུར་དང་གཅེས་སྐྱོང་། མང་ཚོགས་ལ་སྔར་བའི་རང་རྟོགས་ཀྱི་སྒོ་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱ་རྒྱུ་དེ་རེད།

འདི་ནི་ལས་དོན་མི་སྣས་གྲོང་མིར་མིག་སྨན་དང་། རིམས་འགོག་ཁ་རས། དྲིལ་བསྒྲགས་ཀྱི་ཡིག་ཆ་སྤྲོད་པའི་རྣམ་པ་རེད།
          བྱེད་སྒོ་སྤེལ་བའི་ཡུལ་དངོས་སུ། བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་ལས་དོན་མི་སྣ་དང་མིག་ནད་ཚན་ཁག་མིག་ནད་སྨན་བཅོས་ཁང་གི་སྨན་དོན་མི་སྣས་བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་མཐོང་མིག་ནད་ཀྱི་སྐྱ་འགྲིབ་ཕོག་པའི་ཁྱད་ཆོས་དང་འགོག་བཅོས་བྱེད་ཐབས་གསལ་འགྲེལ་ཞིབ་ཚགས་བྱས་པར་མ་ཟད། ཡུལ་དངོས་སུ་བཀོད་སྒྲིག་བྱས་པའི་མིག་སྲུང་ཤེས་བྱའི་འགྲེམས་པང་དང་མིག་སྲུང་འཕྲོད་སྦྱོར་གྱི་ལག་དེབ་གང་ལེགས་སྒོས་བེད་སྤྱད་དེ་མང་ཚོགས་ལ་མིག་གཅེས་མིག་སྲུང་གི་རྒྱུན་ཤེས་དང་། ཡང་དག་པའི་མིག་སྨན་སྤྱོད་ཐབས་སོགས་ཀྱི་རྒྱུན་ཤེས་ལ་འགྲེལ་བཤད་ཞིབ་མོ་བྱས་ཤིང་། བྱེད་སྒོའི་ཡུལ་དངོས་སུ་བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ད་དུང་ཞོལ་གྲོང་ཚོ་གསུམ་པའི་གྲོང་མི་དུད་ཚང་305ལ་རྒྱུན་སྤྱོད་ཀྱི་མིག་སྲུང་མིག་སྨན་རྐང་710དང་། གཉན་སེལ་མིག་སྨན་710 རིམས་འགོག་ཁ་རས་ཐུམ་355 ཁོར་ཡུག་སྲུང་སྐྱོང་གི་ཁུག་མ་305དང་། དྲིལ་བསྒྲགས་ཀྱི་ཡིག་ཆ་1100བཅས་སྤྲད་དེ་སྤྱིའི་རིན་ཐང་སྒོར་ཁྲི་4.7ལྷག་ཙམ་ཟིན་ཡོད།
 
    འདི་ནི་མང་ཚོགས་ཀྱིས་ཡུལ་དངོས་སུ་བཀོད་སྒྲིག་བྱས་པའི་མིག་བདེ་སྲུང་གི་ཤེས་བྱའི་འགྲེམས་པང་ཁུལ་དུ་མིག་སྲུང་མིག་གཅེས་སྐོར་གྱི་ཤེས་བྱ་ཀློག་འདོན་བྱེད་པའི་རྣམ་པ་རེད།
          དྲིལ་བསྒྲགས་བྱེད་སྒོས་སྡེ་ཁུལ་གྱི་གྲོང་མིའི་མིག་གཅེས་མིག་སྲུང་གི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། དེས་ནུས་ལྡན་སྒོས་མང་ཚོགས་ཀྱི་མིག་ནད་“སྔ་མོ་ནས་ཤེས་རྟོགས་དང་། སྔ་མོ་ནས་བརྟག་དཔྱད་བྱེད་པ། སྔ་མོ་ནས་སྨན་བཅོས་བྱེད་པ་དང་། སྔ་མོ་ནས་དྲག་སྐྱེད་བྱུང་བ”བཅས་ཀྱི་སྔོན་འགོག་གི་འདུ་ཤེས་ཇེ་མཐོར་བཏང་སྟེ། དྲིལ་བསྒྲགས་ཀྱི་བྱེད་སྒོར་སྡེ་ཁུལ་གྱི་གྲོང་མིའི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1