ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-11



    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ལས་རྣམ་གསར་པ་དང་བྱ་ཐབས་གསར་པའི་འཕེལ་རྒྱས་མགྱོགས་པོར་རྒྱབ་སྐྱོར་བྱས་ཏེ་འཛད་སྤྱོད་བྱ་ཐབས་གསར་པར་སྐུལ་ཁྲིད་བྱེད་པའི་བྱ་ཐབས་གཏན་འཁེལ་བྱས་ནས་དཔལ་འབྱོར་སླར་གསོའི་རང་བཞིན་གྱི་འཕར་སྣོན་ལ་སྐུལ་འདེད་གཏོང་བ་དང་། གསོ་རིག་སློབ་གསོའི་གསར་གཏོད་འཕེལ་རྒྱས་མགྱོགས་སུ་གཏོང་བར་བཀོད་སྒྲིག་བྱས་ཏེ་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱ་ཆེད་ཤེས་ལྡན་མི་སྣའི་མཁོ་འདོན་འགན་ལེན་བྱས་ཡོད།
    ཚོགས་འདུའི་ཐོག་བསྟན་དོན། འཛད་སྤྱོད་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་རེད། ད་ལོ་རིམས་ནད་ཀྱིས་རྐྱེན་པས་འཛད་སྤྱོད་ལ་ཤུགས་རྐྱེན་ཆེ་ཙམ་ཕོག་ནས་དཔལ་འབྱོར་སླར་གསོའི་ཉམས་ཞན་ལྷུ་ཚིགས་སུ་གྱུར་ཡོད། དྲ་རྒྱའི་གྲངས་འཛིན་ལག་རྩལ་གྱི་ལས་རྣམ་གསར་པ་དང་བྱ་ཐབས་གསར་པར་གཞིགས་ན། འཛད་སྤྱོད་བྱ་ཐབས་གསར་པ་ལྡོག་ཕྱོགས་སུ་མགྱོགས་མྱུར་འཕེལ་བར་འདེགས་སྐྱོར་བྱས་པ་མ་ཟད། གཏིང་ཤུགས་ཀྱང་ཧ་ཅང་ཆེན་པོ་ལྡན་ཡོད། དཔལ་འབྱོར་འཕར་སྣོན་ལ་ཚོད་འཛིན་བཟོ་བའི་འཛད་སྤྱོད་ཀྱི་དཀའ་གནད་སེལ་བ་དང་། ཁྲོམ་རའི་བྱེད་པོར་གསར་གཏོད་མགྱོགས་པོ་བྱེད་པར་བསྔགས་སྐུལ་བྱེད་པ། ནང་མཁོ་སྔར་ལས་རྒྱ་ཆེར་གཏོང་བ། དཔལ་འབྱོར་སླར་གསོའི་རང་བཞིན་གྱི་འཕར་བའི་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཅིག་ནས་འཛད་སྤྱོད་བྱ་ཐབས་གསར་པ་རྒྱ་སྐྱེད་དང་སྤུས་ཚད་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཤིང་། འབྲེལ་ཐུག་མེད་པའི་འཛད་སྤྱོད་བྱ་ཐབས་གསར་གཏོད་བྱེད་དགོས། དྲ་ཐོག་སྒོ་དབྱེ་སློབ་ཚན་དང་དྲ་སྦྲེལ་ནད་བརྟག་སྨན་བཅོས་སོགས་ཀྱི་ཞབས་ཞུ་ཁྱབ་གདལ་གཏོང་དགོས། ལུས་སྦྱོང་དང་ཡུལ་སྐོར་སོགས་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། རིག་ལྡན་སྒོ་རྩིས་ཚོང་ཁང་སོགས་སིལ་ཚོང་བྱ་ཐབས་གསར་པ་འཚོལ་ཞིབ་བྱེད་དགོས། ཞིང་ཚོང་མཉམ་འབྲེལ་གྱི་ཞིང་ལས་ཐོན་རྫས་མཁོ་སྤྲོད་འཁོར་འབྲེལ་འཛུགས་པར་ཤུགས་སྣོན་རྒྱག་དགོས། གཉིས་ནས་འཛད་སྤྱོད་གསར་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས་ཤིང་། 5Gདྲ་རྒྱ་དང་ཟོག་འབྲེལ་དྲ་རྒྱ་སོགས་ལྟེ་བའི་ཚོང་ཁུལ་དང་། ཐོན་ལས་འདུས་ཁུལ། འགྲིམ་འགྲུལ་ལྟེ་གནས་བཅས་སུ་སྔོན་ལ་ཁྱབ་པར་སྐུལ་འདེད་བཏང་ནས་ཀྲའོ་སྟོང་གི་གྲོང་ཁྱེར་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་ཚོང་དོན་འཁོར་རྒྱུག་གྲངས་འཛིན་ཅན་མགྱོགས་སུ་བཏང་ནས་རིག་ནུས་མྱུར་སྐྱེལ་སྒམ་སོགས་མཐའ་སྣེའི་འཛུགས་སྐྲུན་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས། བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་འཛད་སྤྱོད་གྲངས་གཞི་ཚོང་སྤྱོད་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་ལས་རྣམ་གསར་པ་དང་བྱ་ཐབས་གསར་པར་སྐུལ་འདེད་བཏང་ནས་འཛད་སྤྱོད་བྱ་ཐབས་གསར་པར་སྐུལ་ཁྲིད་བྱེད་པའི་ཁྲལ་འབབ་སྲིད་ཇུས་བཟོས་ཏེ་དངུལ་རྩའི་སྒྲིག་གཞིར་ལྕག་སྐུལ་བྱས་ནས་བྱ་ཐབས་གསར་གཏོད་ཀྱིས་སྒུལ་བདེའི་གཏོང་སྤྲོད་འགྲོ་གྲོན་གྱི་མ་གནས་དམའ་རུ་གཏོང་དགོས། ལས་རྣམ་གསར་པ་དང་བྱ་ཐབས་གསར་པའི་ལས་གཉེར་མི་སྣ་སྤྱི་ཚོགས་འགན་བཅོལ་ལ་ཞུགས་རྒྱུར་སྐུལ་འདེད་གཏོང་བ་དང་། བབ་བསྟུན་ལས་ཞུགས་ངལ་རྩོལ་འགན་ལེན་ལ་ཤུགས་སྣོན། ཁེ་ལས་ཀྱིས“ལས་མི་མཉམ་སྤྱོད”ལ་རྒྱབ་སྐྱོར་བཅས་བྱེད་དགོས།
    ཚོགས་འདུའི་ཐོག་བསྟན་དོན། རང་རྒྱལ་གྱི་སྨན་དོན་ཤེས་ལྡན་པའི་བསྡོམས་འབོར་དང་གྲུབ་ཆ་ཚང་མ་ད་དུང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་གྱི་མེད། ད་ཐེངས་ཀྱི་རིམས་ནད་ལས་སྤྱི་པའི་འཕྲོད་བསྟེན་དང་། ནད་གཞི་ཚབས་ཆེན་སྐྱོབ་བཅོས། སྨན་གཡོག་སོགས་ཀྱི་ཤེས་ལྡན་པ་མི་འདང་བ་དེ་བས་གསལ་པོར་མངོན་ཡོད། གསོ་རིག་སློབ་གསོ་སྒྱུར་བཅོས་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་སྨན་དོན་ཤེས་ལྡན་པ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། གཅིག་ནས་སྨན་དོན་ཤེས་ལྡན་པ་གསོ་སྐྱོང་གི་གྲུབ་ཆ་ལེགས་སུ་གཏོང་དགོས་ཤིང་། འགོག་བཅོས་ཟུང་འབྲེལ་གྱི་མཁོ་ཆོད་གསོ་རིག་ཤེས་ལྡན་པ་མགྱོགས་མྱུར་གསོ་སྐྱོང་བྱས་ཏེ་གསོ་རིག་སློབ་གླིང་དང་སློབ་གྲྭས་གསོ་རིག་སློབ་མ་ཚང་མར་ཕྱོགས་པའི་མཁོ་ཆོད་གསོ་རིག་སློབ་གསོ་རྒྱ་ཁྱབ་སྤེལ་བ་དང་། གཞི་རིམ་ལ་ཞབས་འདེགས་ཞུ་བའི་དམིགས་འཛུགས་ཀྱི་རིན་མེད་མཁོ་ཆོད་གསོ་རིག་སློབ་མ་གསོ་སྐྱོང་གི་གཞི་ཁྱོན་རིམ་བཞིན་ཆེ་རུ་གཏོང་བ། ཀྲུང་དབྱང་ནོར་སྲིད་ཀྱིས་དབུས་ནུབ་རྒྱུད་ཀྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་དངོས་གཞིའི་ཚན་ཁག་གི་དམིགས་འཛུགས་གསོ་རིག་སློབ་མ་གསོ་སྐྱོང་བྱེད་པར་མུ་མཐུད་རྒྱབ་སྐྱོར་བྱེད་དགོས། གཉིས་ནས་གསོ་རིག་ཤེས་ལྡན་པ་གསོ་སྐྱོང་གི་སྤུས་ཚད་ལེགས་སུ་གཏོང་དགོས་ཤིང་། ནད་ཐོག་སྨན་བཅོས་ཀྱི་ལག་ལེན་འགན་ལེན་ལམ་སྲོལ་བཙུགས་ནས་མཐོ་སློབ་ཞོར་གཏོགས་སྨན་ཁང་གི་ནད་ཐོག་སྨན་བཅོས་སློབ་ཁྲིད་ཀྱི་འགན་ནུས་ཆེ་རུ་བཏང་སྟེ་གསོ་རིག་སློབ་མས་ནད་ཐོག་སྨན་བཅོས་སྔ་ཙམ་དང་། མང་ཙམ། ཡང་ཡང་དུ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་ལུགས་གསོ་རིག་སློབ་མའི་དགེ་རྒན་བརྟེན་པའི་སློབ་སྦྱོང་ལམ་ལུགས་འཛུགས་དགོས། འཇོན་ཐང་སྟོན་ཕྱོགས་སུ་བྱེད་པའི་ཡིག་རྒྱུགས་ཀྱི་གདེང་འཇོག་ལ་སྒྱུར་བཅོས་བྱས་ཏེ་མངོན་གསལ་དོད་པའི་ནད་ཐོག་སྨན་བཅོས་ལག་ལེན་གྱི་གོ་མིང་དཔྱད་འདེམས་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་ནུས་པ་ཆེ་རུ་གཏོང་བར་དམིགས་ནས་སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པའི་ཚད་ལྡན་ཅན་གྱི་གསོ་སྦྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པ་གསོ་སྦྱོང་བྱས་ནས་ཚད་ལོན་པའི་དངོས་གཞིའི་ཚན་ཁག་གི་སློབ་རྒྱུས་ལྡན་པའི་ནད་ཐོག་སྨན་པ་དཀའ་བཅུ་པར་ལས་གནས་སུ་གདན་ཞུ་བཀོལ་སྤྱོད་དང་གོ་མིང་སྤོར་བ་སོགས་ཀྱི་ཐད་འབྲེལ་ཡོད་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་དགོས།
   ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1