བརྔ་བསྡུ་འཕྲུལ་འཁོར་སྟོན་བསྡུའི་ལས་ལ་བྲེལ།། ལོ་ལེགས་འཛུམ་མདངས་ཞིང་པའི་ངོ་ལ་ཤར།།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-14


བརྔ་བསྡུ་འཕྲུལ་འཁོར་སྟོན་བསྡུའི་ལས་ལ་བྲེལ།། ལོ་ལེགས་འཛུམ་མདངས་ཞིང་པའི་ངོ་ལ་ཤར།།

 

བརྔ་བསྡུ་འཕྲུལ་འཁོར་གྱིས་ཞིང་པའི་ངལ་ལས་ཀྱི་ཁུར་པོ་ཡང་དུ་བཏང་།


ཆར་རྗེས་ཀྱི་ནམ་མཁའ་གཡའ་དག་ཅིང་ས་གཞི་རྡུལ་དག གྲོ་སྙེའི་རྦ་རླབས་ལང་ལོང་དུ་གཡོ་ཞིང་། མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་ཞིག་དལ་མོའི་ངང་མདུན་དུ་བསྐྱོད་བཞིན། རྗེས་ཤུལ་དུ་སོག་མ་དང་གྲོ་རྡོག་མགྱོགས་མྱུར་ངང་ཁ་ཁར་འབྱེད་པ་རེད། དེའི་ཟུར་ན་འདྲུད་འཐེན་འཁོར་ལོ་གསུམ་རུ་སྟར་བསྒྲིགས་ནས་འགའ་རེས་སོག་མ་འདྲུད་པ་དང་འགའ་རེས་གྲོ་རྡོག་འདྲུད་བཞིན་འདུག ཉི་ཞྭ་གྱོན་ཡོད་པའི་མང་ཚོགས་འགའ་འཕྲུལ་འཁོར་གྱི་རྗེས་སུ་ལབ་གླེང་བྱས་ཏེ་དགོད་ཞོར་དུ་ངལ་དུབ་ཀྱི་རྣམ་པ་ཅི་ཡང་མེད་པ་ནི་ཚེས5ཉིན་གྱི་ཕྱི་དྲོར་གསར་འགོད་པས་རྟའུ་རྫོང་དགེ་བཤེས་ཡུལ་ཤོག་སང་ཡག་གྲོང་སྡེའི་གྲོ་ཞིང་དུ་མཐོང་བའི་རྣམ་པ་རེད། མིག་སྔར་སྟོན་གྲོ་སྨིན་བའི་དུས་ཚིགས་སུ་ཁེལ་ནས་ཡུལ་དེའི་མང་ཚོགས་ཀྱིས་འཕྲུལ་འཁོར་བཏང་ནས་གཅིག་རྗེས་གཉིས་མཐུད་ཞིང་སར་ཕྱིན་ནས་ལོ་ཏོག་བརྔ་བསྡུའི་ལས་ལ་བྲེལ་བཞིན་པའི་སྒང་ཡིན། གཤིས་ཆུའི་འགྲམ་རྒྱུད་ལ་ཐོན་ལེགས་ཀྱི་དགའ་སྤྲོས་ཁེངས་བཞིན་པ་རེད།

དགེ་བཤེས་ཡུལ་ཤོག་སང་ཡག་གྲོང་སྡེའི་བཀྲ་ཤིང་ཚེ་དབང་གིས་གསར་འགོད་པར་ཁོ་ཚོའི་ཁྱིམ་དུ་མུའུ8ཅན་གྱི་གྲོ་ཞིང་ཞིག་ཡོད། སྔོན་ཆད་རོགས་སྐྱོར་བྱེད་མཁན་གཉེན་ཉེ་གྲོགས་པོ་བཅུ་ལྷག་ཙམ་གདན་ནས་ཉིན་འགའ་ཡི་ནང་འཚོ་བའི་འགྲོ་གྲོན་སྒོར་བརྒྱ་ཚོ་འགའ་སྤྱད་དགོས་ཀྱི་ཡོད། རྗེས་སུ་ད་དུང་དུད་ཚང་རེ་རེ་བཞིན་ལས་གེ་སྐྱིན་ཚབ་སྤྲད་དགོས་པ་རེད། ལོ་རེ་བཞིན་གྱི་ལོ་ཏོག་བརྔ་བསྡུ་བྱེད་སྐབས་ཚང་མས་འདི་ལྟར་ལས་རེས་བྱས་ནས་དཀའ་ཐག་ཆད་པ་རེད། གལ་སྲིད་ཆར་ཆུ་འབེལ་བའི་དུས་དང་འཕྲད་ན་དུས་ཐོག་ཏུ་བརྔ་བསྡུ་བྱས་མེད་པའི་གྲོ་སྙེ་དག་ཞིང་སར་རུལ་འགྲོ་བ་རེད། ཉེ་བའི་ལོ་ཤས་རིང་འཕྲུལ་རྨོ་ལམ་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་མངོན་གསལ་ཐོབ་ནས་ཞིང་པ་མི་ཉུང་བ་ཞིག་གིས་བརྔ་བསྡུ་འཕྲུལ་འཁོར་དང་འདྲུད་འཐེན་འཁོར་ལོ་ཉོས་ཡོད་པ་རེད། ལོ་རེ་བཞིན་གྱི་སྟོན་ཁའི་བརྔ་བསྡུ་བྱེད་སྐབས་ཕྱི་ཡུལ་གྱི་ཞིང་ལས་འཕྲུལ་འཁོར་བཏང་ནས་ཡུལ་འདིར་གླ་རྒྱག་སར་ཡོང་མཁན་མི་ཉུང་བ་ཞིག་ཡོད། དེང་སང་ཡུལ་འདིའི་ཁྱིམ་ཚང་མང་ཆེ་བས་ཞིང་ལས་འཕྲུལ་འཁོར་སྤྱད་ནས་སྟོན་བསྡུ་བྱེད་པའི་གོམ་སྲོལ་ཆགས་ཟིན་པ་རེད།

ཤེས་རྟོགས་བྱས་པ་ལྟར་ན། ད་ལོར་ཡུལ་དེས་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་གླ་ནས་གླ་རིན་ནི་མུའུ་རེར་སྒོར50རེ་ཡིན་པ་དང་སྣུམ་རིན་འཕྲུལ་འཁོར་གྱི་བདག་པོས་སྤྲད་དགོས་པ་རེད། མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་རེས་ཉིན་རེར་གྲོ་མུའུ80ཡན་མན་བརྔ་ཐུབ་པ་དང་། གྲོ་སྐྱེལ་འདྲེན་བྱེད་ཡས་ནི་གྲོང་སྡེའི་འདྲུད་འཐེན་འཁོར་ལོ་སྤྱོད་ཆོག་པ་རེད།

རྟའུ་རྫོང་ཞིང་ལས་འཕྲུལ་འཁོར་གྱི་ཉེན་མེད་ལྟ་ཞིབ་དོ་དམ་ས་ཚུགས་ཀྱི་ལས་བཟོ་བཟང་དགས་ངོ་སྤྲོད་བྱས་དོན། མིག་སྔར་མིང་ཐོར་བཀོད་པའི་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར89དང་འདྲུད་འཐེན་འཁོར་ལོ996ཡོད་ཅིང་། ཞིང་ལས་འཕྲུལ་འཁོར་འདི་དག་གིས་ཉེན་མེད་ངང་སྟོན་བསྡུའི་ལས་ཀ་ཡག་པོ་བསྒྲུབ་ཆེད། སྤྱི་ཟླ8པའི་ཟླ་སྟོད་ལ་ས་ཚུགས་དེས་རྫོང་ཁོངས་ཀྱི་ཞིང་ལས་འཕྲུལ་འཁོར་བྲིན་འཚོང་ཉམས་གསོ་བྱེད་སར་བདེ་འཇགས་ཀྱི་མངོན་རྐྱེན་ངན་གཙང་བཤེར་བྱས་པར་མ་ཟད། བྲིན་འཚོང་ས་ཚུགས་དང་ཞིང་ལས་འཕྲུལ་འཁོར་ཉམས་གསོ་དང་བྲིན་འཚོང་བྱེད་ས་དང་ཁས་ལེན་ཡི་གེ་བྲིས་པ་དང་། དུས་མཚུངས་སུ་ཕྱི་ཡུལ་ནས་ཡོང་པའི་འཕྲུལ་འཁོར་གྱི་བདག་པོས་འཕྲུལ་འཁོར་ལ་ཉེན་མེད་ཞིབ་བཤེར་བྱས་པར་མ་ཟད་ཁས་ལེན་ཡིག་གེ་བཞག་རྗེས་ད་གཟོད་རྟའུ་ལ་བརྔ་བསྡུའི་ལས་ཀ་བསྡུ་ལེན་བྱེད་ཆོག་པ་རེད།

རྟའུ་རྫོང་ཞིང་ལས་ཚན་རྩལ་ཅུས་ཀྱིས་བསྡོམས་བརྩིས་རགས་ཙམ་བྱས་པར་ལྟར་ན། ད་ལོར་རྫོང་དེས་གྲོ་དང་། ནས། པད་ཁ་བཅས་ཀྱི་འདེབས་ཁྱོན་རིམ་བརྩིས་བྱས་ན་མུའུ81000ལ་ཟིན་ཡོད། མིག་སྔར་རྫོང་དེའི་མ་ཟུར་ཡུལ་ཤོག་དང་། གཤིས་ཆུ་གྲོང་རྡལ། སྦར་ཞབས་གྲོང་རྡལ་བཅས་ཀྱི་དགུན་གྲོ་མུའུ1000ཙམ་བརྔ་བསྡུ་བྱས་ཟིན། ནས་དང་པད་ཁ་ད་དུང་གཞི་ཁྱོན་ལྡན་པའི་བརྔ་བསྡུ་བྱས་མེད་ཅིང་། འདྲ་པ་ས་ཁུལ་གྱི་དཔྱིད་གྲོ་དང་ནས་ད་ལྟར་སྟོན་བསྡུ་བྱེད་མགོ་བཙུགས་ནས་མུའུ1500ཙམ་བརྔ་བསྡུ་བྱས་ཟིན། དཔལ་སྨད་ས་ཁུལ་དུ་ད་དུང་སྟོན་བསྡུ་བྱེད་མགོ་འཛུགས་མེད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1