ས་གནས་འདིས་དགེ་རྒན་དུས་ཆེན་སྐབས་36པ་འདི་ལྟར་བསུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 09-14



 ཁྱུང་མཆུ་རྫོང་གིས་དགེ་རྒན་དུས་ཆེན་ལ་ལོ་འཁོར་36ལོན་པར་རྟེན་འབྲེལ་ཞུ་བ་དང་སྔོན་ཐོན་ཅན་ལ་གཟེངས་རྟགས་འབུལ་བའི་ཚོགས་འདུ་བསྡུས། 

     གསེར་མདོག་གི་སྟོན་ཟླ་དགུ་པ། སྤྲི་མར་སེར་པོ་དང་འོ་ཇ་མངར་མོའི་དྲི་ཞིམ་ཕྱོགས་བཞིར་འཐུལ་བའི་དོན་ལྡན་གྱི་དུས་ཚིགས་ཤིག འབྱོར་འབྲིང་སྤྱི་ཚོགས་འཚོ་བ་མངོན་འགྱུར་དང་དབུལ་བྲལ་འགག་སྒྲོལ་གྱི་ལས་གཞི་ལས་རྣམ་པར་རྒྱལ་བ། རྫོང་བཙུགས་ནས་ལོ་འཁོར༦༠ལོན་པའི་དུས་བཟང་འདིར། ང་ཚོས་ཐེངས༣༦པའི་དགེ་རྒན་དུས་ཆེན་གྱི་མདུན་བསུས་པ་དང་། ཁྱུང་མཆུ་རྫོང་གིས་དགེ་རྒན་དུས་ཆེན་ལ་གཟེངས་རྟགས་བྱ་དགའ་ཕུལ་བའི་ཚོགས་འདུ་གཟབ་རྒྱས་ངང་བསྡུས། ཚོགས་ཐོག་ཏུ་རྫོང་ཚན་ཁག་བཞིའི་འགོ་ཁྲིད་རྣམས་གཙོ་བྱས་པའི་འབྲེལ་ཡོད་འགོ་ཁྲིད་གཞན་དག་དང་རྫོང་སྲིད་གཞུང་གི་སློབ་གསོའི་ལྟ་སྐུལ་བ། རྫོང་སློབ་གསོ་སྡེ་ཁག་གི་འགན་ཁུར་བ། ལོ་རྒན་སུམ་ཅུ་ལྷག་གི་མི་ཚེ་ས་གནས་འབྲོག་ཁུལ་འདིའི་སློབ་གསོའི་ལས་དོན་ཁྲོད་ཕུལ་བའི་ལས་འཁྱེར་ངལ་གསོ་ལས་བྱེད་རྒན་པ། ཡུལ་གྲོང་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་འབྲེལ་ཡོད་འགན་ཁུར་བ། རྫོང་ཡོངས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་འགན་ཁུར་བ་དང་ཕུལ་བྱུང་དགེ་རྒན། ཕུལ་བྱུང་སློབ་མ་དང་འཐུས་ཚབ་ཁྱིམ་བདག་སོགས་གཟེངས་བསྟོད་ཚོགས་འདུར་ཞུགས། 

          འདིར་སློབ་གསོར་བརྟེན་ནས་མི་གཞི་སྐྱོང་བ་དང་སློབ་གསོ་ཡོད་ན་དབུལ་ཐར་ཐུབ་པའི་བརྗོད་དོན་གཞིར་བཟུང་ནས་ཐེངས་༣༦པའི་དགེ་རྒན་དུས་སྟོན་ལ་རྟེན་འབྲེལ་ཞུ་བ་དང་དང་གཟེངས་རྟགས་ཕུལ་བའི་བྱེད་སྒོ་གཟབ་རྒྱས་ངང་འཚོགས། བྱེད་སྒོར་སྔར་ཡོད་གྲུབ་འབྲས་ལ་ཕྱོགས་སྡོམ་དང་ཕུལ་བྱུང་ཅན་ལ་བསྟོད་བསྔགས། སློབ་གསོ་སྔོན་ཐོན་པར་རྗེས་སུ་ཡི་རང་བྱེད་པའི་ལས་སྒོ་གཙོ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་མི་རིགས་དང་ས་གནས་སློབ་གསོར་རང་གི་ཡོད་ཚད་བློས་གཏོང་བཞིན་པའི་ལྷག་བསམ་རྣམ་དག་གི་དགེ་རྒན་རྣམས་ལ་སྐུ་ངལ་སོས་པའི་དུས་སྟོན་གྱི་ཆོ་ག་གྱོ་ནོམ་པ་ཞིག་བཤམས། སྒོས་སུ་རྫོང་ཚན་ཁག་བཞིའི་འགོ་ཁྲིད་རྣམས་ཀྱིས་རྫོང་ཡོངས་མི་འབོར་བཞི་ཁྲི་དགུ་སྟོང་ལྷག་གི་མི་སེར་མང་ཚོགས་ཀྱི་ཚབ་བྱས་ནས་རྒྱ་ཆེའི་དགེ་བཟོ་བ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་གུས་འདུད་ཞུས་པར་མ་ཟད། གཟེངས་རྟགས་ཐོབ་མཁན་སློབ་གྲྭ་དང་སྡེ་ཁག མི་སྒེར་བཅས་ལ་རྟེན་འབྲེལ་ཞུས་ལ་དུས་དང་རྣམ་པ་ཀུན་ཏུ་སློབ་གསོའི་བྱ་གཞག་ཆེད་རྒྱབ་སྐྱོར་གཞོགས་འདེགས་གནང་མཁན་གྱི་སྤྱི་ཚོགས་རིགས་སོ་སོའི་མི་སྣ་ཡོངས་ལ་བཀའ་དྲིན་ཞུས། 



རེ་སྨོན་སློབ་ཆུང་གི་སློབ་གྲོགས་ཚོ།


སློབ་གྲོགས་ཚོས་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བཞིན་པ།



        དགེ་རྒན་ནི་ངའི་མི་ཚེ་ཕུགས་བསམ་ལ་གཤོག་པ་སྩོལ་མཁན་གྱི་མི་བུ་བཀའ་དྲིན་ཅན་དེ་ཡིན་ལ།  དགེ་རྒན་ནི་ངའི་བསམ་པའི་རྒྱགས་ཕྱེ་ལ་ཁ་དོག་སྩོལ་མཁན་གྱི་མི་བུ་རླབས་པོ་ཆེ་དེ་ཡིན་འདུག  ནམ་ཞིག་རང་ཉིད་སློབ་མཐར་ཕྱིན་ཏེ་ལོ་ངོ་ག་ཙམ་གྱི་སྤྱི་ཚོགས་འཚོ་བའི་ལམ་ཁར་འདུར་རྒྱུགས་བྱེད་དུས།  དྲན་སྣང་ཁྲོད་ཆེས་དྭངས་གཙང་ཡིད་དུ་འོང་བ་ནི་སློབ་གླིང་ཡིན་ལ།  སློབ་གླིང་དེའི་གྲུ་ཟུར་རེ་རེ་ན་ད་དུང་སྙན་པའི་བྲག་ཅ་འཁོར་གྱིན་པ་དག་ནི་བཤེས་གཉེན་དམ་པ་རྣམས་ཀྱི་ཁ་ཏ་སློབ་གསོ་དེ་ཡིན་འདུག  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1