ཞི་ཅིན་ཕིང་གིས་ཚན་རིག་པའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 09-14


        ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས་འགོ་འཛིན་མཛད་དེ་ཚན་རིག་པའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གནང་སྟེ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་ཀྱི་རང་རྒྱལ་གྱི་ཚན་རྩལ་ལས་དོན་གོང་སྤེལ་ཐད་ནས་བསམ་འཆར་ལ་གསན། ཁོང་གིས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ལ་སྔོན་ཆད་ཀྱི་དུས་གང་དང་བསྡུར་ནའང་ཚན་རིག་ལག་རྩལ་གྱི་ཐག་གཅོད་ཇུས་གཞི་སྔར་ལས་མཁོ་བ་དང་། གསར་གཏོད་ཅེས་པའི་སྒུལ་ཤུགས་འདི་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། རང་རྒྱལ་གྱི་རྒྱ་ཆེའི་ཚན་རིག་པ་དང་ཚན་རྩལ་ལས་དོན་པར་ཚན་རིག་གི་ཡང་རྩེ་སྙེག་པའི་ཡིད་ཆེས་དང་སེམས་ཤུགས། ནུས་པ་བཅས་ཡོད། རྒྱ་ཆེའི་ཚན་རིག་པ་དང་ཚན་རྩལ་ལས་དོན་པས་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། འཛམ་གླིང་ཚན་རྩལ་གྱི་སྔོན་གྲལ་དུ་སྐྱོད་པར་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་འཐབ་ར་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་ཆེན་པོར་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་ལག་རྩལ་གྱི་ཡངས་ཚད་དང་ཟབ་ཚད་ཀྱི་ཐད་ནས་རྒྱུན་མ་ཆད་པར་འབད་བརྩོན་བྱེད་རྒྱུ་ནི་རེ་བ་ཡོད་ཟེར།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གཉིས་བཞུགས་མོལ་ཚོགས་འདུར་ཞུགས།
        བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཞུའུ་ཁོང་ཏིས་དང་། ཆིན་ཧྭ་སློབ་ཆེན་ཆ་འཕྲིན་བརྗེ་རེས་ཞིབ་འཇུག་གླིང་གི་གླིང་གཙོ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཡའོ་ཆི་ཀྲི། ཞི་ཧུའུ་སློབ་ཆེན་གྱི་སློབ་གཙོ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཧྲི་དབྱི་གུང་། ཀྲུང་གོ་བཟོ་སྐྲུན་གླིང་གི་གླིང་གཙོ་གཞོན་པ། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཁྲིན་ཙོ་ཡུས། ཨ་ལེ་པ་པ་སྡེ་ཚོགས་ཀྱི་ལག་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝང་ཅན། ཀྲུང་གོ་ཚན་རིག་གླིང་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཧྥུའུ་ཞའོ་མཱེ།པེ་ཅིང་རྫས་འགྱུར་བཟོ་ལས་སློབ་ཆེན་གྱི་ཆེད་ཞུས་སློབ་དཔོན་ཆེན་མོ་ཏའེ་ཝེ་བཅས་ཚན་རིག་པའི་འཐུས་ཚབ་པ་བདུན་གྱིས་སྔ་གཞུག་ཏུ་གཏམ་བཤད་དེ། ཚན་རྩལ་སྒྲིག་སྲོལ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན། ཞི་ཅིན་ཕིང་གིས་གཏམ་བཤད་གནང་བའི་ཚན་རིག་པ་རེ་རེར་གསུང་གླེང་མཛད་ནས། ཚན་རྩལ་གནད་དོན་དང་ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་གསར་གཏོད་ཀྱི་གནད་དོན་གལ་ཆེན་ཁ་ཤས་ཐད་ནས་བགྲོ་གླེང་ཞིབ་མོ་གནང་།
        ཚང་མས་གཏམ་བཤད་པར་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཚང་མས་གཏམ་བཤད་བཟང་པོ་གནང་བ་དང་། སོ་སོའི་ཞིབ་འཇུག་ཁྱབ་ཁོངས་དང་སྦྲེལ་ནས་རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་གཞི་མང་པོ་བཏོན་སོང་བར། འབྲེལ་ཡོད་ཕྱོགས་ཀྱིས་ཞིབ་འཇུག་བསྡུ་ལེན་ནན་མོ་བྱེད་དགོས།
        ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་ཚན་རྩལ་གསར་གཏོད་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཏེ། གསར་གཏོད་དེ་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་སྒུལ་ཤུགས་དང་པོར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཡོད། སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པས། རང་རྒྱལ་གྱི་ཚན་རྩལ་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་སྒྱུར་བཅོས་ཐེབས་ཡོད། གསར་གཏོད་ཀྱི་གྲུབ་འབྲས་ཆེན་པོ་རིམ་པར་བྱུང་ལ། སྔོན་གྲལ་ཁྱབ་ཁོངས་ཁ་ཤས་ནས་མཉམ་རྒྱུག་དང་སྔོན་རྒྱུག་དུས་རིམ་དུ་སླེབས་པ་དང་། ཚན་རྩལ་གྱི་དངོས་སྟོབས་དེ་གྲངས་ཀྱི་གསོག་འཇོག་ནས་སྤུས་ཀྱི་མཆོང་སྐྱོད་དུ་འཕར་བ་དང་། བྱེ་བྲག་གི་བརྒལ་གཏོར་ནས་སྤྱིའི་ནུས་པའི་མཐོར་འདེགས་སུ་མཆོང་བཞིན་ཡོད། ཐེངས་འདིའི་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་བརྒྱུད་རིམ་ཁྲོད་དུ། རྒྱ་ཆེའི་ཚན་རྩལ་ལས་དོན་པས་ནད་བཅོས་དང་འགོག་ཁབ་གསར་སྤེལ། འགོག་སྡོམ་སོགས་ཁྱབ་ཁོངས་གལ་ཆེན་མང་པོ་ནས་ཚན་རིག་ཞིབ་འཇུག་གི་འགག་སྒོ་གཏོར་ནས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཅིག་འདོམས་ཀྱིས་སྤེལ་བར་རྒྱབ་རྟེན་ཆེན་པོ་འདོན་སྤྲོད་བྱས་པ་དང་བྱས་རྗེས་ཆེན་པོ་བཞག་ཡོད། གོ་སྐབས་འདི་བརྒྱུད་ནས་ངས་རྒྱ་ཆེའི་ཚན་རིག་ལས་དོན་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་ཡིན།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་བབ་ལ་འཕྲད་ཡོད་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ཀྱང་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་གི་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཆེན་པོ་དང་འཕྲད་ཡོད་ལ། རང་རྒྱལ་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་དང་དེ་ལས་རིང་བའི་དུས་ཡུན་གྱི་འཕེལ་རྒྱས་ཀྱིས་མྱུར་དུ་ཚན་རྩལ་གསར་གཏོད་བྱེད་པར་དགོས་གཏུག་ཆེ་བའི་བླང་བྱ་བཏོན་ཡོད། མྱུར་དུ་ཚན་རྩལ་གསར་གཏོད་བྱེད་པ་ནི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་ཡིན་པ་དང་། མི་དམངས་ཀྱི་སྤུས་ཚད་མཐོ་བའི་འཚོ་བ་མངོན་འགྱུར་བྱེད་པའི་དགོས་མཁོ་ཡིན་ལ། འཕེལ་རྒྱས་གསར་པའི་རྣམ་པ་བསྐྲུན་པའི་དགོས་མཁོ་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པ་བདེ་བླག་ངང་འབྱེད་པའི་དགོས་མཁོ་ཡིན།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རྒྱལ་ལ་གྲངས་འབོར་མང་བའི་ཚན་རྩལ་ལས་དོན་པ་དང་གཞི་ཁྱོན་ཆེ་བའི་ཞིབ་བཟོའི་མཐུན་རྐྱེན་ཡོད་པས། གནད་འགག་ནི་ཚན་རྩལ་གསར་གཏོད་ཀྱི་སྐྱེ་ཁམས་ལེགས་བཅོས་བྱེད་པ་དང་གསར་གཏོད་གསར་བཟོའི་གསོན་ཤུགས་བསྐྱེད་ནས། རྒྱ་ཆེའི་ཚན་རྩལ་པ་དང་ཚན་རྩལ་ལས་དོན་པར་རང་གི་འཇོན་ཐང་ངོམ་པའི་གར་སྟེགས་བསྐྲུན་ཏེ། ཚན་རྩལ་གསར་གཏོད་གྲུབ་འབྲས་རྒྱུན་མ་ཆད་པར་འབྱུང་དུ་འཇུག་རྒྱུ་དེ་ཡིན་པས། དགོས་མཁོའི་ཁྲིད་ཕྱོག་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ མྱུར་དུ་བརྒལ་གཏོར་བྱེད་ཐུབ་པ་དང་དུས་ལྟར་གནད་དོན་ཐག་གཅོད་ཐུབ་པའི་ལག་རྩལ་མྱུར་དུ་གོང་འཕེལ་གཏོང་དགོས་ལ། འཐབ་ཇུས་རང་བཞིན་དུ་གཏོགས་ཤིང་ཡུན་རིང་འབད་བརྩོན་བྱེད་དགོས་པའི་ལག་རྩལ་ལ་སྔོན་དུ་བཀོད་སྒྲིག་བྱེད་དགོས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་དོན་ཆེན་སྒྲུབ་ཐུབ་པའི་ཁྱད་སྟོབས་བཏོན་ནས། ཚན་རྩལ་ཐོན་ཁུངས་སྒྲིག་བཀོད་གཅིག་བསྡུས་ལེགས་སྒྱུར་བྱེད་པ་དང་། གསར་གཏོད་མ་ལག་གི་འཛུགས་སྐྲུན་དམ་འཛིན་བྱེད་པ། གྲུབ་ཚུལ་ལེགས་སྒྱུར་གྱིས་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་སྐོར་ཞིག་བཙུགས་ཏེ། རང་རྒྱལ་གྱི་ཚོད་ལྟ་ཁང་གི་མ་ལག་ཆགས་པར་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་ཁྲོད་ཀྱི་ནུས་པ་གལ་ཆེན་བཏོན་ནས། ཁྱབ་ཁོངས་གཙོ་བོའི་གནད་འགག་སྲོག་ཤིང་གི་ལག་རྩལ་འགག་སྒོ་གཏོར་བར་སྐུལ་འདེད་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་འདོན་པ་དང་། རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཁ་ཕྱོགས་དང་འཕེལ་རྒྱས་དམིགས་འབེན་གཏན་ཁེལ་གསལ་པོ་བྱེད་པ། རྨང་གཞིའི་ཞིབ་འཇུག་ལ་མཐུན་རྐྱེན་ཆེན་པོ་སྦྱར་ཏེ། ནོར་སྲིད་དང་དངུལ་རྩ། ཁྲལ་བསྡུ་སོགས་ཕྱོགས་ནས་སྲིད་ཇུས་ཀྱིས་དགོས་ངེས་རྒྱབ་སྐྱོར་བྱེད་པ་དང་། རྨང་གཞིའི་ཞིབ་འཇུག་ལ་ཕན་པའི་ཚན་རིག་ཞིབ་འཇུག་གི་སྐྱེ་ཁམས་བཟང་པོ་བསྐྲུན་ནས། ཚན་རིག་གདེང་འཇོག་མ་ལག་དང་ཡར་སྐུལ་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འཇོན་མིའི་སློབ་གསོ་སྐྱེད་སྲིང་གསར་གཏོད་བྱེད་པར་ཤུགས་བསྣན་ནས། སློབ་གསོའི་གོ་གནས་སྔར་ལས་གལ་ཆེན་དུ་བཞག་སྟེ། སློབ་གསོའི་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ་དང་། གྲངས་རིག་དང་དངོས་ལུགས། རྫས་འགྱུར། སྐྱེ་དངོས་སོགས་རྨང་གཞིའི་རིག་ཚན་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཆ་རྐྱེན་འཛོམས་པའི་མཐོ་རིམ་སློབ་གྲྭས་རྨང་གཞིའི་ཞིབ་འཇུག་དང་སྣོལ་འཛིང་རིག་ཚན་གྱི་འབྲེལ་ཡོད་རིག་ཚན་ཆེད་ལས་འཛུགས་པར་སྐུལ་མ་བཏང་སྟེ། རྨང་གཞིའི་རིག་ཚན་གྱི་དངོས་གཞི་སློབ་མའི་སྐྱེད་སྲིང་ལ་ཤུགས་སྣོན་པ་དང་། སློབ་མའི་གསར་གཏོད་འདུ་ཤེས་དང་གསར་གཏོད་ནུས་པ་བསྐྱེད་པར་གཙིགས་འཛིན་བྱེད་དགོས། བཅོས་སྒྱུར་གྱིས་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་བསྐྱེད་པར་བརྟེན་ནས། ཚན་རྩལ་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བརྒྱུད་དེ་གསར་གཏོད་ཀྱི་སྦས་ཤུགས་ཆེན་པོ་བཏོན་ཏེ། དཔྱད་རྩོམ་གཙོ་བོ་དང་ལས་ཐོབ་གཙོ་བ། ཡོན་ཚད་གཙོ་བོ།  བྱ་དགའ་གཙོ་བ་བཅས་ཀྱི་སྣང་ཚུལ་བསྒྱུར་དགོས། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་ཤུགས་བསྣན་ནས། འཛམ་གླིང་གི་གསར་གཏོད་དྲ་བར་སྔར་ལས་རང་འགུལ་གྱིས་ཞུགས་ཏེ། སྒོ་འབྱེད་མཉམ་ལས་ཁྲོད་དུ་རང་སྟེང་གི་ཚན་རྩལ་གསར་གཏོད་ནུས་པ་ཇེ་ཆེར་གཏོང་དགོས།
        ཞི་ཅིན་ཕིང་གིས་བསྟན་དོན། ཚན་རྩལ་གྲུབ་འབྲས་ནི་སྙིང་སྟོབས་ཀྱི་རྒྱབ་རྟེན་དང་ཁ་འབྲལ་ཐབས་མེད། ཚན་རིག་པའི་སྙིང་སྟོབས་ནི་ཚན་རྩལ་ལས་དོན་པས་ཡུན་རིང་གི་ཚན་རིག་ལག་ལེན་ཁྲོད་དུ་བསགས་པའི་བསམ་པའི་ལོངས་སྤྱོད་རྩ་ཆེན་ཡིན། རྒྱ་ཆེའི་ཚན་རྩལ་ལས་དོན་པས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་དམངས་ཀྱི་ཁེ་ཕན་བླ་མེད་དུ་བརྩིས་ནས། རྒན་རབས་ཚན་རིག་པས་མེས་རྒྱལ་སེམས་སུ་འཛིན་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཕུལ་བྱུང་གཤིས་རྒྱུད་འཛིན་སྤེལ་བྱེད་པ་དང་། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་དར་སྤེལ་བྱས་ཏེ། རང་འགུལ་སྒོས་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། རང་གི་ཚན་རིག་འཚོལ་སྙེག་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལས་དོན་ཁྲོད་འདྲེས་པར་བྱེད་དགོས། རྒྱ་ཆེའི་ཚན་རྩལ་ལས་དོན་པས་གསར་གཏོད་བྱེད་ཕོད་པའི་སྤོབས་པ་ཆེན་པོ་བཅངས་ཏེ། གཞུང་ལུགས་གསར་པ་འདོན་ཕོད་པ་དང་ཁྱབ་ཁོངས་གསར་པ་འབྱེད་ཕོད་པ། ཐབས་ལམ་གསར་པ་སྙེག་ཕོད་པ་བཅས་བྱས་ནས། སྔར་མེད་གསར་གཏོད་ཀྱི་ཐད་ལ་འབད་བརྩོན་བྱེད་དགོས། ཆུ་ཚད་མཐོ་བའི་གསར་གཏོད་གྲུབ་འབྲས་མང་པོ་བླངས་ནས། ཚན་རིག་མ་ལག་རྒྱུན་མ་ཆད་པར་ཕུན་སུམ་ཚོགས་པ་དང་གོང་འཕེལ་དུ་གཏོང་བར་བྱས་རྗེས་འཇོག་དགོས། ཚན་རྩལ་ལས་དོན་པས་རང་གི་ཚན་རིག་ཞིབ་འཇུག་བྱ་གཞག་ལ་རྩེ་གཅིག་ཏུ་འབད་དེ་ཚུལ་འཆོས་མི་བྱེད་པ་དང་ཁེ་གྲགས་མི་གཉེར་བར་སྐུལ་མ་གཏོང་དགོས། ཚན་རྩལ་ལས་དོན་པའི་འཚོལ་ཞིབ་བྱེད་ཕོད་པ་དང་ཚན་རིག་ཐད་བྱས་པ་གཟོས་པའི་ཡིད་འགུག་གི་བྱས་རྗེས་དྲིལ་སྒྲོག་རྒྱ་ཆེན་བྱེད་དགོས། ཁྱད་མཚར་གྱི་བློ་ནི་མིའི་རང་རྒྱུད་དུ་གྲུབ་པས། ཚན་རིག་གི་དགའ་མོས་དེ་བྱིས་པའི་དུས་ནས་བཟུང་ཁྲིད་སྟོན་དང་སྐྱེད་སྲིང་བྱས་ཏེ། ཁོ་ཚོར་ཚན་རིག་ཤེས་བྱ་སྔར་ལས་མང་པོར་རྒྱུས་ལོན་དང་ཚན་རིག་གི་ཐབས་ཤེས་ཁོང་དུ་ཆུད་པར་བྱས་ནས། ཚན་རིག་པར་འགྱུར་བའི་རེ་བ་ཆེ་བའི་ན་གཞོན་ཚོགས་པ་འབོར་ཆེན་འཚར་ལོངས་འབྱུང་བར་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཏང་ཀྲུང་དབྱང་གི་ཚན་རྩལ་གསར་གཏོད་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་དོན་འཁྱོལ་བཟང་པོ་བྱས་ཏེ། ངལ་རྩོལ་ལ་བརྩི་བཀུར་དང་ཤེས་བྱར་བརྩི་བཀུར། འཇོན་མི་ལ་བརྩི་བཀུར། གསར་གཏོད་ལ་བརྩི་བཀུར་བཅས་བྱེད་པ་དང་། ཚན་རིག་གོང་འཕེལ་གྱི་ཆོས་ཉིད་བརྩི་སྲུང་བྱས་ནས། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གསར་པ་རྒྱུན་མ་ཆད་པར་འབྱུང་བར་སྐུལ་འདེད་བྱེད་དགོས་པར་མ་ཟད། དེ་དངོས་ཡོད་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་དགོས། འགོ་ཁྲིད་ལས་བྱེད་པས་ཚན་རིག་ཤེས་བྱ་གསར་པ་སློབ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས། འཛམ་གླིང་གི་ཚན་རྩལ་གོང་འཕེལ་གྱི་གནས་བབ་ལ་དོ་སྣང་བྱེད་དགོས་ཞེས་གསུང་།
        ཏེན་ཞུའེ་ཞང་དང་ལིའུ་ཧི། སུན་ཁྲུན་ལན། ཁྲིན་ཞི། ཧོང་ཁུན་མེན། ཝན་ཀང་། ཧི་ལིས་ཧྥིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།
        ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་། ཚན་རིག་པའི་འཐུས་ཚབ་སོགས་བཞུགས་མོལ་ཚོགས་འདུར་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1