མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་ཆེད་མཁས་པས་འགྲོ་མིའི་ཐོབ་ཁང་གི་འགན་སྲུང་བཟང་པོས་རིམས་ནད་ལས་བྱུང་བའི་བར་ཆད་ཇེ་ཆུང་དུ་གཏོང་ཐུབ་ཅེས་བཤད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 09-16


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་མི་མུས་ཞེ་ཨར·པ་ཆེ་ལའེ་ཐི་ཡིས་ཚེས་བཅུ་བཞི་ཉིན་སུའེ་ཙེར་རྒྱལ་ཁབ་ཀྱི་རི་ནེ་ཝ་ནས་བསྟན་དོན། འགྲོ་མའི་ཐོང་ཐང་ལ་འགན་སྲུང་བྱེད་པའི་ཐབས་ཤེས་བཟང་པོས་རིམས་ནད་ལས་བྱུང་བའི་བར་ཆད་ཇེ་ཆུང་དུ་གཏོང་སྲིད། ད་ལྟ་པྲོག་གསར་གློ་ཚད་རིམས་ནད་རྒྱ་ཡན་དུ་མཆེད་བཞིན་པའི་སྐབས་སུ། རྒྱལ་ཁབ་ཁ་ཤས་ཀྱི་ཅུང་འཐུས་ཚང་ཡིན་པའི་སྨན་བཅོས་ཁམས་གསོ་དང་སྤྱི་ཚོགས་འགན་སྲུང་མ་ལག་གིས་གནད་འགག་གི་ནུས་པ་བཏོན་ནས། རིམས་ནད་འབྱུང་སྐབས་མང་ཚོགས་ཀྱི་གཞི་རྩའི་ཁེ་ཕན་ལ་སྔར་ལས་བཟང་པོར་འགན་སྲུང་བྱས་ཡོད་ཟེར།
        པ་ཆེ་ལའེ་ཐི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ཚོགས་པའི་གྲོས་ཚོགས་ཐེངས་ཞེ་ལྔ་ཚོགས་འགོ་བརྩམས་པའི་ཉིན་དང་པོར་བསྡུས་པའི་པྲོག་གསར་གློ་ཚོད་རིམས་ནད་ཀྱིས་འགྲོ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་བཟོས་པའི་བར་ཆད་ཀྱི་ཆེད་དམིགས་བགྲོ་གླེང་ཚོགས་འདུའི་སྟེང་བསྟན་དོན། རྒྱལ་ཁབ་ཁ་ཤས་ཀྱི་ལེགས་འགྲུབ་བྱུང་བའི་བྱེད་ཐབས་ཀྱིས་འཐུས་སྒོ་ཚང་བའི་སྤྱི་ཚོགས་འགན་སྲུང་མ་ལག་ཡོད་ན། ད་གཟོད་གནད་འགག་གི་སྐབས་སུ་སྟབས་བདེའི་སྨན་བཅོས་ཁམས་གསོའི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། མང་ཚོགས་ཀྱི་གཞི་རྩའི་དཔལ་འབྱོར་དང་སྤྱི་ཚོགས་ཁེ་དབང་ལ་ཁག་ཐེག་བྱེད་ཐུབ་པ་གསལ་པོར་བསྟན་ཡོད་ཟེར།
        པ་ཆེ་ལའེ་ཐི་ཡིས་བསྟན་དོན། རིམས་ནད་དེས་ད་དུང་ཡུན་རིང་གནས་པའི་འདྲ་མཉམ་མིན་པའི་སྣ་ཚུལ་དམར་རྗེན་དུ་བཏོན་ལ། རིགས་རྒྱུད་མི་འདྲ་བ་དང་སྤྱི་ཚོགས་དཔལ་འབྱོར་གྱི་གོ་གནས་མི་འདྲ་བའི་མི་ཚོགས་ལ་རིམས་ནད་ཁྲོད་དུ་ཐེབས་པའི་བར་ཆད་ཀྱང་མི་འདྲ། དེའི་རྐྱེན་གྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་བྱེད་ཐབས་དངོས་སྤྱད་དེ་སྔར་ལས་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་དགོས་ཟེར།
        རྒྱལ་སྤྱིའི་ངལ་རྩོལ་པའི་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་གཞོན་པ་མཱ་ཧྲ·ཉིག་ཏོན་གྱིས་བསྟན་དོན། རྒྱལ་ཁབ་སོ་སོས་རིམས་ནད་ལ་ཁ་གཏད་འཇལ་བའི་སྲིད་ཇུས་གཏན་འབེབས་བྱེད་སྐབས་ངེས་པར་དུ་དཀྱེལ་ཡངས་ཀྱི་སྒོ་ནས་སྤྱི་ཚོགས་ཀྱི་བསམ་འཆར་སྣ་ཚོགས་ལ་ཉན་པ་དང་། མི་རྣམས་ཀྱི་བྱ་བའི་ཁེ་དབང་དང་། འདྲ་མཉམ་དང་མཐོང་ཆུང་མི་མྱོང་བའི་ཁེ་དབང་། བདེ་འཇགས་བདེ་ཐང་གི་བྱ་བའི་ཆ་རྐྱེན་སོགས་སྲིད་ཇུས་ཀྱི་སྲོག་ཤིང་དུ་འཛིན་དགོས་ཟེར།
        འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་འཕྲོད་བསྟེན་འཕྲལ་བསྟུན་ལས་གཞིའི་ལག་བསྟར་ཀྲུའུ་རིན་མའེ་ཁི·རོས་ཨན་གྱིས་ཆེད་དམིགས་བགྲོ་གླེང་ཚོགས་འདུའི་སྟེང་བསྟན་དོན། ཐེངས་འདིའི་རིམས་ནད་ཀྱིས་རྒན་པ་སོགས་དམིགས་བསལ་མི་ཚོགས་ལ་ལྷག་ཏུ་བར་ཆད་ཆེན་པོ་བཟོས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགྲོ་མིའི་ཐོབ་ཐང་གི་ཟུར་ནས། རིམས་ནད་ལ་ཁ་གཏད་འཇལ་བའི་ཁྲོད་དུ་རྒན་པ་དང་བུད་མེད། གནས་སྤར་མཁན། ཡུལ་གྱར་པ། བྱིས་པ་སོགས་མི་ཚོགས་ཀྱི་དགོས་མཁོར་བསམ་གཞིགས་གང་ལེགས་གཏོང་དགོས་ཟེར། ཁོས་འགོས་ནད་རིག་པའི་ཁྲོད་དུ་ང་ཚོས་རྒྱུན་དུ་མིའི་གྲངས་ཀའི་རིགས་མ་གཏོགས་མི་གླེང་མོད། ཡིན་ནའང་འགྲོ་མིའི་ཐོབ་ཐང་གི་ཟུར་ནས་བལྟས་ན། ཚེ་སྲོག་ཡོད་ཚད་གལ་ཆེ་བ་གཅིག་འདྲ་ཡིན་ཞེས་བཤད།
        མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ཚོགས་པའི་གྲོས་ཚོགས་ཐེངས་ཞེ་ལྔ་པ་ཚེས་བཅུ་བཞི་ཉིན་རི་ནེ་ཝའི་ཁྲི་རྒྱལ་ཕོ་བྲང་ནས་ཚོགས་འགོ་བརྩམས། ཚོད་དཔག་བྱས་པ་ལྟར་ན་ཐེངས་འདིའི་གྲོས་ཚོགས་ཟླ་བཅུ་པའི་ཚེས་དྲུག་ཉིན་བར་འཚོགས་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1