གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

ངང་སེར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༩ཚེས་༡༧ཉིན།

༄༅།།མེས་པོ་དྲན་པ།


ངང་སེར།
འོད་ཀྱི་ཀློང་ན་འགྱིང་ཞིང་། །
འཇའ་ཡི་གདན་ལ་བཞུགས་པའི། །
མེས་པོ་འཛུམ་ཞལ་ཅན་ཚོ། །
རྡོ་ཡི་ཀོང་བུ་ཡིན་འདྲ། །
དམུ་ཐག་བརྒྱུད་ནས་ཕེབས་ཤིང་། །
དུ་བའི་ལམ་ནས་གཤེགས་པའི། །
མེས་པོ་གཡུ་རྣ་ཅན་ཚོ། །
མར་ཁུའི་ཞུན་ཐིགས་ཡིན་འདྲ། །
ལྟག་སྐྲ་མགོ་ལ་དཀྲིས་ཤིང་། །
སྐྲ་གནོན་གསེར་གྱིས་བྱས་པའི། །
མེས་པོ་གཟི་མདངས་ཅན་ཚོ། །
སེང་གེའི་གཡུ་རལ་ཡིན་འདྲ། །
འབྲོང་རྒོད་རྭ་ནས་འཛིན་ཅིང་། །
སྟག་གཟིག་རྣ་མཆོག་མཉེ་བའི། །
མེས་པོ་པགས་སློག་ཅན་ཚོ། །
ལྕགས་ཀྱི་མི་བོ་ཡིན་འདྲ། །
གསེར་སྒ་ལྗིད་ཀྱིས་ནོན་ཞིང་། །
སྲབ་སྐྱོགས་ཤེད་ཀྱིས་འཐེན་པའི། །
མེས་པོ་ཀི་སྒྲ་ཅན་ཚོ། །
དགྲ་བླ་ཝེར་མ་ཡིན་འདྲ། །
འགུ་ཟི་སྐེད་ལ་བཏགས་ཤིང་། །
ཁྲ་རིང་རྒྱབ་ལ་ཁུར་པའི། །
མེས་པོ་ཞེ་རྩ་ཅན་ཚོ། །
ལྷ་བསང་དུད་སྤྲིན་ཡིན་འདྲ། །
མཆོངས་ན་སྟག་མོ་འབྲོས་ཤིང་། །
འཐབ་ན་དྲེད་མོང་འདར་བའི། །
མེས་པོ་དཔུང་ཤེད་ཅན་ཚོ། །
བཙན་པོའི་རུ་མཚོན་ཡིན་འདྲ། །
སྙིང་སྟོབས་ཆུ་ལྟར་འཁོལ་ཞིང་། །
དཔའ་ངར་མེ་ལྟར་འབར་བའི། །
མེས་པོ་ཁྲབ་རྨོག་ཅན་ཚོ། །
དོམ་ནག་ཁྲག་སྨྱོས་ཡིན་འདྲ། །
མཐའ་ཡི་སོ་ཁ་སྲུང་ཞིང་། །
རྡོ་ལ་ཡི་གེ་འབྲི་བའི། །
མེས་པོ་བྱས་རྗེས་ཅན་ཚོ། །
བྱུས་ཀྱི་སྲོག་ཤིང་ཡིན་འདྲ། །
ཁ་ཆེམས་བུ་ལ་འཇོག་ཅིང་། །
དམ་བཅའ་ཞེ་ལ་འཆང་བའི། །
མེས་པོ་རྩམ་དྲི་ཅན་ཚོ། །
ལྷ་ཡི་ཕོ་ཉ་ཡིན་འདྲ། །
ཐང་ལ་སྒར་ཆེན་འདེབས་ཤིང་། །
སྒར་མཐའ་ལྕགས་རིས་བསྐོར་བའི། །
མེས་པོ་བློ་རྒྱ་ཅན་ཚོ། །
གངས་རིའི་ར་བ་ཡིན་འདྲ། །
དཔའ་སྐད་འབྲུག་ལྟར་སྒྲོག་ཅིང་། །
གསང་གཏམ་དུར་དུ་སྦེད་པའི། །
མེས་པོ་རང་ཚུགས་ཅན་ཚོ། །
རྫོང་བཙན་སྒོ་མོ་ཡིན་འདྲ། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1