༄༅།།མ་མགོ་དང་འ་འགོའི་ཡི་གེ་གཉིས་ཀྱི་འཇུག་དོན་དང་སྦྱོར་ཚུལ་ལ་ཡང་བསྐྱར་དཔྱད་པ།

ཀུན་ཁྱབ་ཀླུ་བྱམས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-17



ཟི་ལིང་། ཀུན་ཁྱབ་ཀླུ་བྱམས།
        དེ་ཡང་མ་མགོ་དང་འ་འགོའི་ཡི་གེ་གཉིས་ཀྱི་འཇུག་དོན་དང་སྦྱོར་ཚུལ་ཐད་ཚེ་ཏན་ཞབས་དྲུང་མཆོག་གིས་དེ་སྔ《དག་ཡིག་ཐོན་མིའི་དགོངས་རྒྱན》ནང་དུ། འགོ་མ་ནི། དག་ཡིག་འགར། བྱ་བའི་འགོ་དང་ལུས་ཀྱི་མགོ ། ཞེས་ཐོག་མའི་དོན་དུ་བཤད་མོད། ཁ་མིག་ལྡན་པའི་གོང་བུ་ལས་གཞན་ལ་མས་འཕུལ་མི་བྱེད་ན་ཁྱབ་ཆུང་བར་འགྱུར་ཞིང་བྱ་བའི་འགོ་མཇུག་དང་ལུས་ཀྱི་མགོ་མཇུག་ཅེས་ཁྱད་འབྱེད་དོན་ཡང་མི་རྙེད་དོ། །དེའི་ཕྱིར་འ་འགོ་ནད་འགོ་བ་དང་རི་ལ་འགོ་བ་ཞེས་པ་ལས་བྱ་བའི་མགོ་མཇུག ཆུའི་མགོ་རྔ། ཞེས་ཁྱད་མེད་པར་བྲིས་ན་དཔེ་དག་པ་རྣམས་དང་མཐུན་ནམ་སྙམ་མོ། །ཞེས་གསུངས་ཡོད་པར་མ་ཟད། ཕྱིས་སུ་མཛད་པའི《ཐོན་མིའི་ཞལ་ལུང》དུ་ཡང་།﹝འགོ་བརྩམས།﹞བྱ་བའི་མགོ་བཟུང་བ་སྟེ་མས་འཕུལ་གྱི་མགོ་བྱས་ན་ལེགས། རྒྱུ་མཚན་ནི་བྱ་བའི་འགོ་དང་ལུས་ཀྱི་མགོ་ཞེས་ཁྱད་པར་འབྱེད་པའི་རིགས་པ་དེས་ཆུ་མི་ཐུབ་སྟེ། ལུས་ཀྱི་མགོ། རི་མགོ། ཆུ་མགོ། བྱ་བའི་མགོ་མཇུག་བར་གསུམ་དང་། ཞེ་ས་སྦྱོར་བའི་སྐབས་སུ་མཛད་པའི་དབུ་ཚུགས་ནས་མཇུག་གྲུབ་ཀྱི་བར། ཞེས་པ་རྣམས་ཀྱི་སྟེང་ནས་བསམ་བློ་ཐོངས་དང་། དེ་དག་ལ་སྡེབ་གཅིག་ཏུ་མ་མགོ་བྱས་ན་འཐད་པ་དང་། འ་འགོ་ཅན་ནི་རི་ལ་འགོ་བ་དང་ནད་འགོ་བའི་སྐལ་བར་བཞག་ན་སྐྱོན་ཕྲ་མོས་ཀྱང་རེག་པར་མི་འགྱུར་རོ་སྙམ་དུ་སེམས་སོ། །ཞེས་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་གསུངས་ཡོད་ཙ་ན། དེ་ནི་ད་ལྟ་ཁ་ཅིག་གི་སྣང་ངོར་འགོ་ཁྲིད་དང་། འགོ་བརྗོད། འགོ་འཛིན། འགོ་བརྩམས་སོགས་ལ་འ་འགོ་ཅན་བྲིས་ན་དག་ཆ་ཐོན་ཡོད་ཅིང་ཁུངས་བཙུན་པར་སྙམ་པ་དག་གི་དོགས་པ་སེལ་བའི་རྩི་སྨན་ལྟ་བུར་འགྱུར་འོས། ཡོངས་གྲགས་ལྟར་ན། ང་ཚོའི་བོད་ཀྱི་ཡི་གེ་ལ་མགོ་ཅན་གྱི་ཡི་གེ་གསུམ་སྟེ། ར་མགོ་དང་། ལ་མགོ། ས་མགོ་ཞེས་མ་མགོ་ཅན་འབྲི་བ་ལ་ཞིབ་ཏུ་སོམས་ཤིག་ཨང་། དེ་ལྟར་དུ་མགོ་རྒྱལ་མཆུ་ནི་དགུན་ཟླ་གསུམ་ཞེས་བོད་པ་རང་གི་ཡུལ་བབ་དང་མཐུན་པར་བརྩིས་པའི་ཟླ་བ་བཅུ་གཅིག་པའི་མིང་ལ་ཐོག་མའི་དོན་གྱི་མགོ་ཟླ་བ་ཟེར་ཞིང་། ཉོན་མོངས་ཀྱི་མགོ་མནན་དང་། མགོ་རྟིང་སློག་པ། བླ་མ་ཚོགས་མགོར་ཕེབས་ཟེར་བ་སོགས་ལ་མ་མགོ་ཅན་འབྲི་བ་ལས་འ་འགོ་འབྲི་མི་སྲིད་སྙམ།
        གཤམ་དུ་མ་མགོའི་འཇུག་དོན་ལས་འཕྲོས་ཏེ་ཡིག་རྙིང་སོགས་བསྟན་བཅོས་གྲགས་ཅན་ཁག་ཅིག་ཏུ་མ་མགོའི་ཡི་གེ་ཇི་ལྟར་སྦྱར་ཡོད་ཚུལ་མཐར་ཆགས་སུ་དགོད་པ་ལ།

 དང་པོ། རྩ་བའི་འཇུག་དོན།
        མགོ། ⑴ལུས་ཀྱི་མགོ་སྟེ་ཡན་ལག་གི་མཆོག་ལའོ། །མགོ་ན་སྐྲ་མང་། མགོ་ལ་ཞྭ་མོ་བསྐོན། མི་མགོ་ཆེ་ཞིག་ཡོང་གིན་ཡོད་ཟེར་བ་ལྟ་བུའོ། །ཞེ་ས་ལ་དབུ་འབྲི་སྟེ། དབུ་སྐྲ། དབུ་ཞྭ། དབུ་རྒྱན་ཟེར་བ་ལྟ་བུའོ། །

 གཉིས་པ། འཕྲོས་དོན།
        མགོ། ⑵ཐོག་མའམ་ཀླད་དང་རྩེ་མོའམ་ཏོག་བཅས་ཀྱི་དོན་ཏེ། སྡེ་བའི་མགོ་རྣ་བཟུང་། ཁྱེའུ་སྐྱེས་པའི་མགོ་མ་ལ་སྐྱེས་མགོ། ཁྱི་ཕྲུག་རྩེབས་པའི་སྐྱེས་མགོ་ལ་ཚང་མགོ་ཟེར་བ། སྐད་མགོ་མཐོ་རུ་མ་འཇུག་ཅེས་སོགས་ལྟ་བུའོ། །
        1)མིའི་ལུས་སྟེང་གི་མིང་ལ་སྦྱར་ན། དཔེར་ན། སྣ་མགོ། ཕྲག་མགོ། བྲང་མགོ། དཔྱི་མགོ། པུས་མགོ་བཅས་པ་ལྟ་བུ་ལ་མ་མགོ་བྲིས་ན་དག་ཆ་ཡོངས་སུ་ཐོན་ཡོད། ཞེ་སའི་དོན་གྱིས། མགོ་ལས་དབུ་བྱུང་སྟེ། དབུ་གཙོ། དབུ་བརྩམས། དབུ་བཙུགས་ཟེར་བ་ལྟ་བུའོ། །
        2)འཚོ་བའི་ཁྲོད་ཀྱི་དངོས་པོའི་མིང་ལ་སྦྱར་ན། དཔེར་ན། ཀ་མགོ། ཐབ་མགོ། སྔས་མགོ། གྲལ་མགོ། བྲག་མགོ། ཆུ་མགོ་ཞེས་པ་ལྟ་བུའི་མིང་བརྡ་མང་པོ་ཞིག་ཡོད་པ་རྣམས་ལ་མ་མགོ་ཅན་བྲིས་ན་གནའ་དེང་གི་མཁས་པ་དག་གི་བཞེད་དགོངས་དང་ཡོངས་སུ་མཐུན།
        3)གནའ་དེང་མཁས་པ་གྲགས་ཆེན་ཁ་ཅིག་གི་བསྟན་བཅོས་སྐད་ལ་སྦྱར་ན།
⒈《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ》གྱི་ལྡེབ8པར། གནམ་གྱྀ་ནི་དབུས། ས་འྀ་ནི་དཀྱིལ། གླྀང་གི་ནི་སྙིང་པོ། གངས་ཀྱི་ནྀ་ར་བ། ཆུ་བོ་ཀུན་གྱི་ནི་མགོ་བོ། ཞེས་སམ། ལྡེབ163པར། རྒྱ་དང་མཇལ་དུམ་ཀྱྀ་མགོའ་བརྩམས། ཞེས་དང་། ལྡེབ436པར། རྒྱ་རྗེ་ནྀ་བསམ་ལང་ལ། །དགྲའ་བཞེར་ནྀ་གཡུལ་སྤྲད་ཅིང་། །དགྲ་ཟྀན་ནྀ་གསར་སྤངས་པས། །སྲྀད་ཀྱི་ནི་མགོ་བཟུང་ཞིང་། ཕ་སྐྱབས་ནྀ་སྡུག་བཙལ་པའ། །ཞེས་འབྱུང་བ་ལྟ་བུའོ། །
⒉《མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར》གྱི་ལྡེབ119པར། ཆོས་མགོ་ཐོན་པ་ནི་ལྟ་ཞོག༔ སྲོག་མགོ་ཡང་ཐོན་དཀའ་བར་འདུག༔ ཅེས་འབྱུང་བ་ལྟ་བུའོ། །
3.《རྭ་ལོ་ཙཱ་བའི་རྣམ་ཐར》གྱི་ལྡེབ122པར། བླ་མ་མང་པོ་ལ་ཆོས་ཀྱང་ཞུས་ལགས་ཏེ། ཕྱིས་ལས་ངན་པའི་དབང་གིས་ཆོས་མགོ་མ་ཐོན་ཞེས་འབྱུང་བ་ལྟ་བུ།
4.《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག》དེབ16པའི་ལྡེབ1པར། མན་ངག་ཐམས་ཅད་བསྡུས་པའི་མགོ་ནི། །བཤེས་གཉེན་དམ་པ་མི་བཏང་བ་ཡིན། །ཞེས་སམ།ལྡེབ375པར། ཆོས་མགོ་གྲོས་ཀྱིས་འདོན། གྲོས་མགོ་ཆོས་ཀྱིས་འདོན་པ་ཡིན། ཞེས་འབྱུང་བ་ལྟ་བུའོ། །
5.《གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག》དེབ17པའི་ལྡེབ11པར། ཆུ་མཐོང་སྐྲ་ཤད་འཁྱག་སྟེང་མཁར། །གྲལ་མགོར་རྗེས་ལ་ཁྲུས་སྨན་འདྲ། །ཞེས་སམ། ལྡེབ102པར། ཆོས་ཀྱི་ལག་ལེན་ཇེ་ཞན་ཇེ་ཞན་ལ་གཞུག་ཆོས་སྣ་གཅིག་གི་མགོ་ཡང་མི་ཐོན་གསུང་ཞེས་འབྱུང་བ་ལྟ་བུའོ། །
6.ས་པཎ་ཀུན་དགའ་རྒྱལ་མཚན་གྱི《མཁས་པ་འཇུག་པའི་སྒོ》ཡི་ལྡེབ9པར། དང་པོ་ནི་ལུས་རྣམ་གཞག་ཤེས་པས་བརྗོད་བྱ་ངོས་ཟིན། གོ་རིམ་མི་འཁྲུག མགོ་སྨོས་པས་དོན་བདེ་བླག་ཏུ་བྱ་བའི་དགོས་པ་སྟེ་གསུམ་མོ། །ཞེས་འབྱུང་བ་ལྟ་བུའོ། །
7.《རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར》གྱི་ལྡེབ98པར། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད། སྤྲོ་བ་སྐྱེད་པ་མཛད་དེ་སྐྱིད་པའི་མགོ་ཚུགས་པ་ཡིན་གསུངས། ཞེས་དང་། ལྡེབ204པར། གྲལ་མགོ་ན་ཡོན་བདག་ཕྱུག་པོ་གཞོན་ནུ་མ་ཞིག་འདུག ཅེས་དང་། ལྡེབ219པར། ཡང་སྟག་གི་ལོ་ཡི་ལོ་གཞུག་ལ། །ཡོས་བུའི་ལོ་ཡི་ལོ་མགོ་ལ། །ཞེས་དང་། ལྡེབ441པར། རྗེ་བཙུན་མཉེས་ཏེ་ཡོན་ཏན་གྱི་མགོ་མ་སྐྱེས་འདུག ད་ཉམས་སུ་ལེན་ལུགས་འདི་ལྟར་གྱིས་ཤིག་གསུངས།ཞེས་འབྱུང་བ་ལྟ་བུའོ། །
8.《ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད》ཀྱི་ལྡེབ32པར། གྲལ་མགོ་ཞེས་འབྱུང་ཞིང་། ལྡེབ210པར། མན་ངག་ཐམས་ཅད་བསྡུས་པའི་མགོ་ནི་དགེ་བའི་བཤེས་གཉེན་མི་གཏོང་བ་ཡིན་ཞེས་འབྱུང་བ་ལྟ་བུའོ། །
9.《རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་པར་ཐར་པ་དད་པའི་འཇུག་ངོགས》ཀྱི་ལྡེབ49པར། ཆོས་མཚམས་ལེའུ་གཉིས་པའི་མགོ། ཞེས་སམ། ལྡེབ50པར། སྟོན་མགོ་མའི་རིང་ལ་སྡེ་ཆེན་དུ་བྱོན། ཞེས་དང་། ལྡེབ68པར། ཐོག་མར་བཤེས་གཉེན་བསྟེན་པ་ནས་མགོ་བརྩམས། ཞེས་དང་། ལྡེབ78པར། རྗེ་རིན་པོ་ཆེ་འདིས་དཔྱིད་མགོ་འབྲི་ཁུང་དུ་བྱོན་ཞེས་འབྱུང་བ་ལྟ་བུའོ། །
10.《རིག་འཛིན་ཚངས་དབྱངས་རྒྱ་མཚོའི་གསུང་མགུར་དང་གསང་བའི་རྣམ་ཐར》གྱི་ལྡེབ150པར། དགུན་མགོ་མའི་ནང་དུ་ཨ་ལག་ཤ་རུ་ཕེབས་ནས་སྔར་རྒྱུན་ལྟར་བཞུགས། ཞེས་དང་། ལྡེབ158པར། འབྲུག་ལོའི་དབྱར་མགོ་མའི་ཚེས་མགོར་ཡོན་མཆོད་ལྷན་རྒྱས་སུ་ཧལ་ཧའི་ཕྱོགས་སུ་ཆིབས་བསྒྱུར་གནང་། ཞེས་དང་། ལྡེབ175པར། བསྟན་པ་ཕྱི་དར་གྱི་མགོ་ཚུགས་པ་ལྟར་གྱུར་པས། དེ་དུས་བོད་ཁམས་ཐམས་ཅད་བདེ་འཇགས་ལ་སོང་ཞེས་འབྱུང་བ་ལྟ་བུའོ། །
11. 《འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར》གྱི་ལྡེབ32པ་དང་། ལྡེབ57པ། ལྡེབ168པ་བཅས་སུ་སོ་སོར། གྲལ་མགོར་བསྡད། གྲལ་མགོར་བཏོན། གྲལ་མགོ་མ་ཐོབ། ཅེས་འབྱུང་ཞིང་། ལྡེབ467པར། ལྷ་ས་སྨོན་ལམ་ནས་མགོ་བཙུགས་ཞེས་འབྱུང་བ་ལྟ་བུའོ། །
12.《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》ཀྱི་ལྡེབ100པར། མ་ནོར་དམ་ཆོས་ཐོས་པས་སྐལ་བ་བཟང་། །ཤུགས་དྲག་དད་པ་བརྟན་པོའི་མགོ་འདྲེན་བཟང་། །ཞེས་དང་། ལྡེབ232པར། འདི་ཉིད་མགོ་སྔ་མོ་ནས་བརྩམས་ཀྱང་། མཇུག་ཡོངས་སུ་རྫོགས་པ་ཞེས་འབྱུང་བ་ལྟ་བུ།
13.《འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར》གྱི་ལྡེབ336པར། ཡོན་བདག་བསོན་ནམས་འཕེལ་གྱིས་མགོ་བྱས་པའི་གཉེར་བ་རྣམས། ཞེས་དང་། ལྡེབ456པར། ཕྱི་དར་གྱི་མགོ་ཚུགས་པའི་དུས་སུ་འདུལ་བ་དང་སྔགས་ཀྱི་བསྟན་པ་རྣམ་དག་ནི་ཉམས། ཞེས་དང་། ལྡེབ647པར། རབ་བྱུང་བཅུ་བཞི་པའི་ནང་ཚན་ཆུ་ཡོས་ལོ་ཀོང་ཕྱོགས་སུ་འཁོར་ཞག་ལ་ཕྱིན་སྐབས་མགོ་བརྩམས་ཞེས་འབྱུང་བ་ལྟ་བུའོ། །
14.《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ》པོད་དང་པོའི་ལྡེབ59པར། ཀུན་ལྡན་ཞེས་པ་ལྕགས་བྱི་མགོ་ཟླའི་ཡར་ངོའི་རྫོགས་པ་དང་པོའི་ཉིན། ཞེས་དང་། ལྡེབ288པར། བརྡ་དག་ལོ་པཎ་གྱི་ལུགས་བཟང་དྲི་མ་མེད་པའི་ཕྱོགས་མགོའང་མ་བཏོད། ཅེས་དང་། གསུང་རྩོམ་པོད་གསུམ་པ་ཡི་ལྡེབ577པར། དེ་རིང་ཕྱག་ཏུ་འབྱོར་བའི་ཕྱི་ཉིན་ནས་དཔར་མགོ་བརྩམས་ཞེས་འབྱུང་བ་ལྟ་བུའོ། །
15.《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས》ཀྱི་ལྡེབ42པར། དེ་ཡང་ཆུ་ཆེན་ཕལ་ཆེར་གྱི་ཆུ་མགོ་བོད་ན་ཡོད་པས། ཆུ་མགོ་ནས་ཆུ་མཇུག་བར་བོད་ཀྱི་དཔུང་གིས་བཟུང་ཞེས་འབྱུང་བ་ལྟ་བུ་སོགས་ཀྱིས་མཚོན་ནོ། །
        མདོར་ན། ཁོ་བོས་ཉེ་ལམ་བསྟན་བཅོས་གྲགས་ཅན་ཁག་ཅིག་ལ་མཇལ་བ་ལས་བྱ་བའི་མགོ་ལ་མ་མགོ་སྦྱར་ཚུལ་མིག་གིས་མཐོང་བ་ལས་ཁ་ཤས་འཁོད་པ་ཙམ་ལས་ཀྱང་། “ལུས་ཀྱི་མགོ་ནི་མ་མགོ་ཡིན། །བྱ་བའི་འགོ་ནི་འ་འགོ་ཡིན། །”ཟེར་བའི་རྩ་ཆིངས་ནི་ནོར་འཁྲུལ་ཅན་ཞིག་ཡིན་པ་ཤེས་ནུས་སོ། །


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1