གཙོ་ངོས།>> སྐྱེ་ཁམས།>>ཤེས་བྱ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༩ཚེས་༡༨ཉིན།

༄༅།།སྨུག་པར་བལྟས་ནས་གནམ་གཤིས་བརྟག་ཚུལ།

        སྔ་དྲོ་སྨུག་ནག་ཐང་ལ་ལྷུང་ན། །ཕྱི་དྲོ་ཆུ་ནག་ཙད་ཀྱིས་གདུ། །ཞེས་སྔ་དྲོ་སྨུག་པ་སྟུག་པོ་འཐིབས་ན་ཕྱི་དྲོ་ཚ་གདུག་ཆེ་བ་དང་། གཞན་ཡང་རྫ་མགོར་སྨུག་པ་རྒྱུ་ཤུགས་དྲག་ན་གནམ་རུབ་པ་དང་ཆར་བ་འབབ་པའི་རྟགས་སུ་སྙམ་སྟེ། སྟོན་དུས་དང་དབྱར་དུས་སུ་གནམ་རུབ་ཅིང་ཆར་འབབ་པའི་སྐབས་སུ་རི་མགོའི་སྨུག་པ་ཡང་གཅིག་གིས་གཅིག་བདས་ཏེ་འགྲོ་བ་ལྟར་བར་མཚམས་མེད་པར་རྒྱུག་བཞིན་པའི་སྣང་ཚུལ་དེ་ཡང་ཆར་གྱི་འབབ་རྒྱུན་མི་ཆད་པའི་རྟགས་ཡིན། ཡུལ་མི་ཚོས་དེ་རིང་ཡང་རི་མགོར་སྨུག་པ་ལྷུང་ཡོད་པས་གནམ་མི་དྭངས་པ་འདྲ་ཞེས་བཤད་སྲོལ་ཡོད། གཞན་ཡང་རི་མགོའི་སྨུག་པ་གྱེན་དུ་འཕྱུར་ན་འབབ་པའི་རྟགས། རི་མགོའི་སྨུག་པ་དར་བཞིན་ཆགས་ན་དྭངས་པའི་རྟགས། ། ཞེས་པའི་གནམ་གཤིས་སྐོར་གྱི་གཏམ་དཔེ་མང་པོ་ཡོད།

        ཚ་སྨུག་ནི་གནམ་གཤིས་དྭངས་པའི་སྐབས་སུ་ཞོགས་པར་རི་ལུང་ཀུན་ཏུ་རླངས་པ་འཕྱུར་བ་ལྟར་མཐོང་ཡུལ་མོག་པར་བཟོས་ནས་མཚམས་རེར་ས་ལོབས་ཆུ་ལོབས་ཀྱི་རང་ས་རང་ཡུལ་ནས་མགོ་རྨོངས་པར་བྱེད། ཆར་སྨུག་ནི་གནམ་རུབ་པ་དང་ཆར་བ་འབབ་པའི་སྐབས་སུ་ཆར་བའི་མཐུན་རྐྱེན་དུ་འགྱུར་བ་ཞིག་ཡིན་པས་གནམ་གཤིས་ལ་འབྲེལ་དམ་ཞིང་དབྱེ་འབྱེད་སླའོ། ། དེ་ནི་སྨུག་པའི་རང་བཞིན་མཁའ་ལ་གཡེང་བའི་ས་ངོས་ཀྱི་མཁའ་རླུང་ནང་གི་ཆུ་ཐིགས་ཆུང་ཆུང་ངམ་ཡང་ན་དྲོད་ཚད་མར་ཆགས་པ་དང་། བརླན་ཚད་མཐོ་རུ་འགྲོ་བའི་བརྒྱུད་རིམ་ནང་གྲུབ་པ་ཞིག་ཡིན་པས་ཉི་འོད་ཀྱིས་སྨུག་ལོང་ཁྲོད་ཀྱི་ཆུ་རྡུལ་སྐེམ་པར་བྱེད་ངེས་པས་ཚ་སྨུག་ཏུ་བརྗོད་ཅིང་། གནམ་རུབ་དུས་ཆུ་ཐིགས་དེ་དག་ཆར་བའི་གྲོགས་སུ་སྦྲན་ངེས་པས་ཆར་སྨུག་ཏུ་བཤད་པ་དོན་དང་མཐུན་པ་རེད། སྤྲིན་དང་སྨུག་པའི་འཁོར་ཕྱོགས་ནི་གཙོ་བོ་རླུང་གི་རྒྱུ་ཕྱོགས་ལ་བརྟེན་ནས་བྱུང་རྐྱེན། རླུང་གི་གཡུག་ཕྱོགས་ལ་བརྟེན་ནས་བརྗོད་པ་ཡོད་ཀྱང་དོན་གྱིས་གཞི་གཅིག་ཏུ་ཁེལ་ཡོད་པ་རེད། །

《གནམ་གཤིས་ཤེས་བྱ་རབ་གསལ་མེ་ལོང》ལས་བདམས།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1