ཞི་ཅིན་ཕིང་གིས་གཞི་རིམ་འཐུས་མིའི་བཞུགས་མོལ་ཚོགས་འདུའི་སྟེང་གསུང་བཤད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 09-21


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་བདུན་ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ། ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་གཞི་རིམ་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་གསུང་བཤད་གནང་བར་མ་ཟད། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིས་ལོ་ལྔའི་འཆར་གཞི་བཅུ་བཞི་བར་འཆར་འགོད་བྱས་པའི་བསམ་འཆར་དང་གྲོས་གཞི་ལ་ཉན། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་དམིགས་འབེན་ཡིན། ལོ་ལྔའི་འཆར་འགོད་ལ་འཆར་གཞི་བཟོ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པས། ཇུས་འགོད་རྩེ་གྲ་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཐབས་ཇུས་དམངས་ལ་འདྲི་བ་རྒྱུན་འཁྱོངས་བྱ་རྒྱུ་གཉིས་གཅིག་གྱུར་བྱེད་དགོས། རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཐབས་འདོན་ཇུས་འབུལ་བྱེད་པར་སྐུལ་སློང་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”འཆར་འགོད་སྒྲིག་བཟོ་བྱེད་པ་དེ་མི་དམངས་ཀྱི་འདོད་བློ་དང་མཐུན་ཞིང་། མི་དམངས་ཀྱི་བསམ་ཚུལ་དང་རེ་འདོད་དང་མཐུན་པར་སྐུལ་འདེད་གཏོང་དགོས་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། ཉིན་འགའི་སྔོན་ལ། ང་ཚོས་ལོ་ལྔའི་འཆར་བཞི་བཅུ་བཞི་བའི་འཆར་འགོད་བཟོ་བར་དྲ་ཐོག་ནས་བསམ་འཆར་བསྡུ་ལེན་བྱེད་པའི་བྱེད་སྒོ་སྤེལ་བ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དོ་སྣང་བྱེད་ཚད་དང་དེའི་ནང་ཞུགས་ཚད་ཧ་ཅང་ལེགས་པོ་བྱུང་ངར་མ་ཟད། བསམ་འཆར་དང་གྲོས་འགོ་ཧ་ཅང་མང་པོ་བཏོན་པ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་འཆར་འགོད་ཀྱི་གྲོས་འགོའི་ནང་གནད་དོན་དེ་དག་ལ་ལན་ཧུར་ཐག་འདེབས་དགོས་ཟེར།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་དང་མ་འོངས་པའི་དུས་སྐབས་གང་དུའང་རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་གནས་ཡོད་མོད། འོན་ཀྱང་གོ་སྐབས་དང་འགྲན་སློང་ཚང་མར་འཕེལ་རྒྱས་དང་འགྱུར་ལྡོག་གསར་པ་བྱུང་ཡོད། ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་གནས་བབ་ལ་དབྱེ་ཞིབ་དང་འཕེལ་རྒྱས་འགྲོ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་དང་། འཕེལ་རྒྱས་ཀྱི་རྣམ་པ་བཟང་པོར་གཅེས་འཛིན། འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོ་གཙོ་བོར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀྱིས་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཆགས་པར་བྱེད་དགོས། དུས་ཡུན་རིང་པོའི་ནང་བྲེལ་དཀའ་ཉེན་ལྕིའི་ལས་འགན་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ནམ་ཡང་བློ་གཅིག་སེམས་གཅིག་དང་སེམས་ཤུགས་གཅིག་སྒྲིལ། ཞུམ་མེད་འབད་འཐབ་བཅས་བྱས་ནས་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་རྒྱལ་ཁ་ཐོབ་པ་ཚང་མ་མི་དམངས་ཀྱི་རྒྱལ་ཁ་ཡིན་པ་དང་མི་དམངས་ནི་དཔའ་བོ་ངོ་མ་ཡིན་ཟེར།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1