༄༅།།མཉམ་འདྲེས་སྨྱན་སྦྱོར་ཡིག་སྒྱུར་གྱི་སྒྱུ་རྩལ་རང་བཞིན་ལ་དཔྱད་པ།

གནས་བརྟན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-22



དཔའ་རིས་བོད་རིགས་རང་སྐྱོང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བོད་སྐད་ཚན་ཁག གནས་བརྟན།
        མཉམ་འདྲེས་སྨྱན་སྦྱོར་ཡིག་སྒྱུར་གྱི་ཚད་གཞི་ནི་སྤྱིར་བཏང་གི་ཚད་གཞི་དང་མཐུན་དགོས་པར་མ་ཟད། ད་དུང་དེ་ལས་ལྷག་པའི་ཁྱད་ཆོས་ལྡན་དགོས། འདིར་མཉམ་འདྲེས་སྨྱན་སྦྱོར་ཡིག་སྒྱུར་ལས་ཡིག་སྒྱུར་ནི་ཚན་རིག་ཡིན་ནམ་སྒྱུ་རྩལ་ཡིན། རྩོམ་རིག་ཡིག་སྒྱུར་གྱི་སྒྱུ་རྩལ་རང་བཞིན་དང་སྤྱི་ཚོགས་བྱེད་ནུས་བཅས་ཀྱི་ཐད་ནས་ཕྱི་ནང་མཁས་པའི་བཞེད་དགོངས་དང་སྦྱར་ནས་རགས་ཙམ་དཔྱད་པ་ལ།

    དང་པོ། ཡིག་སྒྱུར་གྱི་རང་བཞིན།
        སྔོན་གྱི་སུའུ་ལེན་གྱི་རིག་རྩལ་གྲུབ་མཐའི་ལོ་ཙཱའི་གཞུང་ལུགས་སྨྲ་བ་སུའོ་པོ་ལི་ཧྥུ་ཡིས“ཡིག་སྒྱུར་གྱི་དམིགས་ཡུལ་ནི་སྐད་རིགས་ཤིག་གི་ནང་དོན་དང་རྣམ་པ་སྐད་རིགས་གཞན་ཞིག་ལ་བརྗེ་སྤོར་བྱེད་པར་ཟེར”ཞེས་བཤད། མཚན་ཉིད་འདི་ནི་གཟབ་ནན་གྱིས་བཤད་ན་ཚན་རིག་དང་མི་མཐུན། རྒྱུ་མཚན་ནི་མ་རྩོམ་གྱི་རྣམ་པར་སྐད་རིགས་ཀྱི་གྲུབ་ཆ་འདུས་པས། སྐད་རིགས་ཤིག་སྐད་རིགས་གཞན་ཞིག་ཏུ་བརྗེ་སྤོར་བྱེད་ཐབས་མེད།
        སུའུ་ལེན་སྐད་བརྡའི་གྲུབ་མཐའི་གཞུང་ལུགས་སྨྲ་བ་ཧྥེ་ཏའོ་ཧྥུས་ཡིག་སྒྱུར་ལ་མཚན་ཉིད་བཀོད་པ་ནི་སུའོ་པོ་ལི་ཧྥུའི་མཚན་ཉིད་ལས་ཅུང་ཟད་ཞིབ་ཚགས་ཡིན་ཏེ། དེ་ནི“ཡིག་སྒྱུར་ནི་སྐད་རིགས་ཤིག་གི་ནང་དོན་དང་རྣམ་པ་ཁ་མ་བྲལ་བར་མཚོན་པར་བྱས་པའི་དངོས་པོ་དེ། སྐད་རིགས་གཞན་ཞིག་གིས་ཡང་དག་ཅིང་འཐུས་ཚང་བས་མཚོན་པར་བྱས་པ་ལ་ཟེར”ཞེས་བཤད།
        དེང་རབས་སྐད་བརྡ་རིག་པ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། མི་རྣམས་ཀྱིས་ཡིག་སྒྱུར་གྱི་རང་བཞིན་ལ་སྔར་ལས་ལྷག་པའི་ངོས་ཟིན་བྱུང་ཡོད་དེ། ཡིག་སྒྱུར་ནི་ཐོག་མར་སྐད་ཆའི་བྱེད་སྒོ་ཞིག་དང་འབྲེལ་འདྲིས་བྱེད་པའི་ཡོ་བྱད་ཅིག་ལ་ངོས་འཛིན་བཞིན་ཡོད། དེ་ནི་སྐད་ཆར་འབྲེལ་བ་ཡོད་པར་མ་ཟད། འབྲེལ་འདྲིས་ཀྱི་ཁོར་ཡུག་དང་སྐད་ཆའི་བྱེད་སྒོར་ཞུགས་པའི་ལག་ལེན་ཉམས་མྱོང་དང་ཤེས་བྱའི་སྒྲིག་གཞི་ལའང་འབྲེལ་བ་དམ་ཟབ་ཡོད། སུའུ་ལེན་གྱི་ལོ་ཙཱ་བ་པཱ་ཨེར་ཧུའུ་ཏ་ལུའོ་ཧྥུས་གསལ་པོར་བཤད་ཡོད་དེ། “ཡིག་སྒྱུར་ནི་སྐད་རིགས་ཤིག་གི་སྐད་ཆའི་ཐོན་དངོས་ཡིན་ལ། ནང་དོན་མ་འགྱུར་བའི་ཆ་རྐྱེན་ལ་བརྟེན་ནས་སྐད་རིགས་གཞན་ཞིག་གི་སྐད་ཆའི་ཐོན་དངོས་སུ་བསྒྱུར་བའི་བརྒྱུད་རིམ་ལ་ཟེར”ཞེས་བཤད། མཚན་ཉིད་འདིས་ལོ་ཙཱའི་གཞུང་ལུགས་སྐད་བརྡ་རིག་པ་ཁོ་ནའི་རྨང་གཞིའི་སྟེང་བཙུགས་པ་མ་ཡིན་པར། ད་དུང་ངེས་པར་དུ་སྐད་ཆ་མ་ཡིན་པའི་གྲུབ་ཆ་སྣ་ཚོགས་ལ་བསམ་བློ་གཏོང་དགོས། མཚན་ཉིད་འདིའི་དགེ་མཚན་ནི་དེས་ཡིག་སྒྱུར་གྱི་སྐད་ཆའི་བྱེད་སྒོ་དང་འབྲེལ་འདྲིས་ཀྱི་བྱེད་སྒོ་ངོས་ཟིན་ཡོད། མཚན་ཉིད་འདིའི་ཞན་ཆ་ནི་ཡིག་སྒྱུར་ནི་བསམ་གཞིག་གི་བྱེད་སྒོ་ཞིག་དང་། གཏན་ཚིགས་ཀྱི་བསམ་གཞིག་དང་གཟུགས་བརྙན་གྱི་བསམ་གཞིག་གཞི་གཅིག་ཏུ་འབྲེལ་བའི་བྱེད་སྒོ་ཞིག་ཡིན་པ་ངོས་ཟིན་མེད། དེར་བརྟེན། མཚན་ཉིད་འདིས་རྩོམ་རིག་ཡིག་སྒྱུར་གྱི་མཛེས་དཔྱོད་རིག་པའི་དོགས་གནད་ལ་འགྲེལ་བཤད་བྱེད་མི་ཐུབ།
        ང་ཚོས་ཡིག་སྒྱུར་ལ་མཚན་ཉིད་ཅུང་ཡང་དག་ཅིག་བཀོད་ན། དེ་ནི་སྐད་ཆའི་སྤྱི་ཚོགས་གཉིས་ཀྱི་འབྲེལ་འདྲིས་ཡོ་བྱད་མེད་དུ་མི་རུང་བ་ཞིག་ཡིན། དེའི་དམིགས་ཡུལ་ནི་རང་གི་སྐད་ཆའི་སྤྱི་ཚོགས་དེའི་ཁྱབ་ཁོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཡར་རྒྱས་གོང་འཕེལ་དུ་འགྲོ་བ་དེ་ཡིན་ལ། དེའི་ལས་འགན་ནི་མ་རྩོམ་ཇི་མ་ཇི་བཞིན་དུ་སྐད་རིགས་ཤིག་ནས་སྐད་རིགས་གཞན་ཞིག་ཏུ་སྤོ་བ་དེ་ཡིན། འོན་ཀྱང་དེ་ནི་ལས་སླ་མོ་ཞིག་གཏན་ནས་མ་ཡིན་ཏེ། རྒྱུ་མཚན་ནི་མ་རྩོམ་གྱི་དོན་དངོས་གནས་ཚུལ་ནི་ཁོར་ཡུག་དེ་ནས་བྱུང་ཞིང་དེ་དང་གཞི་གཅིག་ཏུ་འདྲེས་ཡོད་པས་སོ་སོར་འབྱེད་མི་ནུས། དཔེར་ན་ཐང་ག་དང་ཐང་ག་འབྲི་སའི་རས་གཞི་གཉིས་སོ་སོར་བགར་དཀའ་བ་བཞིན་རེད། དེར་བརྟེན། ངེས་པར་དུ་མ་རྩོམ་ཇི་མ་ཇི་བཞིན་དུ་ཀློག་པ་པོའི་སེམས་སུ་འཇོག་དགོས་ཚེ། དོན་དངོས་གནས་ཚུལ་དེ་དག་ཡང་བསྐྱར་སྒྱུར་མཁན་གྱི་ཡིད་ངོར་འཇོག་དགོས་ལ། དེ་ནས་ཁོར་ཡུག་དེ་དང་གཞི་གཅིག་ཏུ་འདྲེས་ནས་དེའི་དངོས་པོ་ཞིག་ཏུ་འགྱུར་དགོས་པས། འགལ་འདུ་དང་དཀའ་ཁག་མང་པོ་ཞིག་ངང་ངམ་ཤུགས་ཀྱིས་འབྱུང་བཞིན་ཡོད་པ་རེད། འགལ་འདུ་དང་དཀའ་ཁག་འདི་དག་ཕྱོགས་ལྔ་ནས་བྱུང་བ་ཡིན་ཏེ། གཅིག རིག་གནས་ཤིག་དང་རིག་གནས་གཞན་ཞིག་གི་ཁྱད་པར་ལས་བྱུང་བ་ཡིན། གཉིས། སྐད་རིགས་ཤིག་དང་སྐད་རིགས་གཞན་ཞིག་གི་ཁྱད་པར་ལས་བྱུང་བ་ཡིན། གསུམ། སྒྱུར་མཁན་གྱིས་མ་རྩོམ་ལ་གོ་བ་ལེན་སྟངས་དང་མ་རྩོམ་གྱི་ནང་དོན་གྱི་ཁྱད་པར་ལས་བྱུང་བ་ཡིན། བཞི། སྒྱུར་མཁན་གྱི་མཚོན་པའི་ནུས་པ་དང་མ་རྩོམ་ལ་གོ་བ་ལེན་པའི་ཁྱད་པར་ལས་བྱུང་བ་ཡིན། ལྔ། སྒྱུར་མཁན་གྱི་གཤིས་རྒྱུད་དང་གསར་རྩོམ་གྱི་རང་གཤིས་དེ་རྩོམ་པ་པོའི་གཤིས་རྒྱུད་དང་གསར་རྩོམ་གྱི་རང་གཤིས་ཀྱི་ཁྱད་པར་ལས་བྱུང་བ་ཡིན།རྒྱུ་རྐྱེན་འདི་དག་གི་དབང་གིས། ཡིག་སྒྱུར་ནི་འགལ་འདུ་དང་དཀའ་ཁག་མང་ཞིང་བྱ་བ་རྙོག་འཛིང་ཆེ་བ་ཞིག་ཡིན་མོད། དེ་ནི་མི་སྒེར་དང་སྤྱི་ཚོགས་ལ་མེད་དུ་མི་རུང་བའི་ཡོ་བྱད་ཅིག་ཡིན་པ་སྨོས་མ་དགོས་ཏེ། དེའི་རྒྱུ་མཚན་ནི་ཡིག་སྒྱུར་ཞེས་པའི་ཡོ་བྱད་འདི་མེད་ཚེ། སྐད་ཆའི་སྤྱི་ཚོགས་གཉིས་ཀྱི་བར་འབྲེལ་འདྲིས་དང་བསམ་བློ་བརྗེ་རེས་བྱེད་མི་ཐུབ་ལ། ཡིག་སྒྱུར་གྱིས་ལོ་རྒྱུས་འཕེལ་རིམ་ཁྲོད། འཛམ་གླིང་མི་རིགས་ཀྱི་འཕེལ་རྒྱས་ལ་ནུས་པ་གལ་ཆེན་བཏོན་པར་མ་ཟད། ད་ལྟའང་སྔར་བཞིན་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་བཏོན་དང་འདོན་བཞིན་ཡོད།

 གཉིས་པ། ཡིག་སྒྱུར་ནི་ཚན་རིག་ཡིན་ནམ་སྒྱུ་རྩལ་ཡིན།
        ཡིག་སྒྱུར་ནི་དོན་དམ་གྱིས་ཚན་རིག་ཡིན་ནམ་སྒྱུ་རྩལ་ཡིན་ཞེ་ན། དེ་ནི་གནའ་ནས་བཟུང་མི་རྣམས་ཀྱིས་རྩོད་གླེང་བྱེད་བཞིན་པའི་དོགས་གནད་ཅིག་ཡིན།ང་ཚོས་བལྟས་ན་ཡིག་སྒྱུར་ནི་ནུས་རྩལ་བཀོལ་སྤྱོད་བྱེད་པ་ཞིག་ཡིན་ལ། ལག་ལེན་གྱི་བརྒྱུད་རིམ་དང་མཇུག་འབྲས་ཤིག་ཡིན་པ་ལས་ཚན་རིག་ཅིག་ཡེ་ནས་མིན། ལག་ལེན་གྱི་བརྒྱུད་རིམ་དང་མཇུག་འབྲས་ཀྱི་རང་བཞིན་དང་ཆོས་ཉིད་རང་བཞིན་གྱི་ཤེས་བྱ་འདི་རིགས་ལ་ཞིབ་འཇུག་བྱེད་པའི་ཡིག་སྒྱུར་གཞུང་ལུགས་ནི་ད་གཟོད་ཚན་རིག་ཡིན་ལ། ང་ཚོས་དེར་ཡིག་སྒྱུར་ཚན་རིག་ཅེས་བརྗོད་ཀྱང་ཆོག ཡིག་སྒྱུར་ནི་སྒྱུ་རྩལ་ཡིན་མིན་གྱི་ཐད་ནས། ང་ཚོས་སྒྱུ་རྩལ་ལ་མཚན་ཉིད་ཇི་ལྟར་འགོད་པར་རག་ལས་ཡོད། སྒྱུ་རྩལ་ལ་སྒྲ་དོག་འཇུག་དང་ཡངས་འཇུག་གཉིས་ཡོད་པ་ལས། སྒྲ་དོག་འཇུག་གི་སྒྱུ་རྩལ་ནི་སྣང་བརྙན་གྱིས་དོན་དངོས་མཚོན་པའི་འདུ་ཤེས་འཛིན་སྟངས་ཤིག་ལ་ཟེར་ཞིང་།དཔེར་ན། རོལ་མོ་དང་རི་མོ། རྩོམ་རིག ཟློས་གར་སོགས་ལྟ་བུ། དོན་འདི་རིགས་ལ་གཞིགས་ནས་བཤད་ན། རྩོམ་རིག་ཡིག་སྒྱུར་ཁོ་ན་ལས་རྩོམ་རིག་བརྩམས་ཆོས་མ་ཡིན་པའི་ཡིག་སྒྱུར་ནི་སྒྱུ་རྩལ་ཡིན་པར་ཁས་ལེན་མི་རུང་། སྒྲ་ཡངས་འཇུག་གི་སྒྱུ་རྩལ་ནི་ཕུལ་དུ་བྱུང་བའི་ནུས་རྩལ་ཞིག་ལ་ཟེར་ཞིང་། དཔེར་ན། མགོ་ཁྲིད་སྒྱུ་རྩལ། དམག་དོན་སྒྱུ་རྩལ། ཟས་གཡོས་སྦྱོར་གྱི་སྒྱུ་རྩལ་སོགས་ལྟ་བུ། དོན་འདི་རིགས་ལ་གཞིགས་ནས་བཤད་ན། ཡིག་སྒྱུར་ཡོད་ཚད་དེ་རྩོམ་རིག་ཡིག་སྒྱུར་དང་རྩོམ་རིག་མ་ཡིན་པའི་ཡིག་སྒྱུར་ཡང་སྒྱུ་རྩལ་ཡིན་དགོས་ལ། ང་ཚོས་དེར་ཡིག་སྒྱུར་སྒྱུ་རྩལ་ཞེས་བརྗོད་ཆོག ཡིག་སྒྱུར་སྒྱུ་རྩལ་དང་ཡིག་སྒྱུར་ཚན་རིག་གཉིས་ལ་འབྲེལ་བ་དམ་པོ་ཡོད་དེ། ཡིག་སྒྱུར་སྒྱུ་རྩལ་ནི་གཙོ་བོ་ཉམས་མྱོང་རང་བཞིན་ཡིན་ལ། ཡིག་སྒྱུར་ཚན་རིག་ནི་གཞུང་ལུགས་རང་བཞིན་ཡིན་པས། དེ་གཉིས་ལ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དམ་ཟབ་ཅིག་ཆགས་ཡོད། རྒྱང་རིང་པོར་དམིགས་ནས་བཤད་ན། རྩིས་འཁོར་གསར་སྒྱུར་བྱས་པ་དང་དེང་རབས་སྐད་བརྡ་རིག་པ་འཕེལ་རྒྱས་བྱུང་བར་བསྟུན་ནས། ནམ་ཞིག་ཚན་རྩལ་བརྩམས་ཆོས་དང་སྲིད་དོན་ཆེད་རྩོམ་ཡིག་སྒྱུར་བྱེད་པ་གོ་རིམ་ཅན་དུ་འགྱུར་ངེས་ལ། དེ་དུས་རྩོམ་སྟངས་འདི་རིགས་ཀྱི་བརྩམས་ཆོས་ལ་མཚོན་ན། ཡིག་སྒྱུར་སྒྱུ་རྩལ་ནི་ཡིག་སྒྱུར་ཚན་རིག་ཅིག་ཏུ་འགྱུར་སྲིད། ཡིན་ཡང་རྩོམ་རིག་ཡིག་སྒྱུར་ནི་ནམ་ཡང་སྒྱུ་རྩལ་ཞིག་ཡིན། རྒྱུ་མཚན་ནི་རྩོམ་རིག་སྒྱུ་རྩལ་ཡིན་ལ་རྩོམ་རིག་ཡིག་སྒྱུར་སྒྱུ་རྩལ་མིན་པར་བསྒྲུབ་སྲོལ་མེད་དོ། །

 གསུམ་པ། རྩོམ་རིག་ཡིག་སྒྱུར་གྱི་སྒྱུ་རྩལ་རང་བཞིན་དང་སྤྱི་ཚོགས་བྱེད་ནུས།
        ཀྲུང་གོའི་དེང་རབས་རྩོམ་རིག་པ་བློ་མཐུན་མའོ་ཏུན་གྱིས“རྩོམ་རིག་ཡིག་སྒྱུར་ནི་སྐད་རིགས་གཞན་ཞིག་སྤྱད་ནས་མ་རྩོམ་གྱི་སྒྱུ་རྩལ་ཡིད་ཡུལ་བརྒྱུད་སྤྲོད་བྱས་ནས། ཀློག་པ་པོས་འགྱུར་རྩོམ་ཀློག་སྐབས་མ་རྩོམ་ཀློག་པ་བཞིན་བློ་བསྐྱེད་དང་ཡིད་འགུགས། མཛེས་ཚོར་བཅས་མྱོང་ཐུབ་པ་ལ་ཟེར”ཞེས་བཤད།མའོ་ཏུན་ལགས་ཀྱིས་མཚན་ཉིད་བཀོད་པ་ནི་ཚིག་ཉུང་ཞིང་དོན་འདུ་ལ་རྩོམ་རིག་ཡིག་སྒྱུར་གྱི་མཚན་ཉིད་ཚད་དང་ལྡན་པ་ཞིག་རེད། འོན་ཀྱང་གཞུང་ལུགས་ཞིབ་འཇུག་གི་དམིགས་ཡུལ་དང་བསྟུན་ན། ད་དུང་སྤྱི་ཚོགས་ཀྱི་ལག་ལེན་དང་བྱེད་ཐབས་ཀྱང་རྩོམ་རིག་ཡིག་སྒྱུར་གྱི་མཚན་ཉིད་དུ་འདུ་འོས། དེར་བརྟེན། ང་ཚོས་རྩོམ་རིག་ཡིག་སྒྱུར་ལ་མཚན་ཉིད་འདི་ལྟ་བུ་ཞིག་འགོད་འོས་སྙམ། རྩོམ་རིག་ཡིག་སྒྱུར་ནི་རྩོམ་རིག་ཁྱབ་ཁོངས་ཀྱི་སྐད་ཆའི་སྤྱི་ཚོགས་གཉིས་བར་གྱི་འབྲེལ་འདྲིས་བརྒྱུད་རིམ་དང་ཡོ་བྱད་ཅིག་ཡིན་ལ། དེའི་དམིགས་ཡུལ་ནི་རང་གི་སྐད་ཆའི་སྤྱི་ཚོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཡར་རྒྱས་སུ་གཏོང་བ་དང་། དེའི་ལས་འགན་ནི་མ་རྩོམ་གྱི་སྤྱི་ཚོགས་འཚོ་བ་ཇི་བཞིན་སྐད་ཆ་ཞིག་ནས་སྐད་ཆ་གཞན་ཞིག་ཏུ་སྤོ་བ་དེ་ཡིན།
        སྤྱི་ཚོགས་འཚོ་བ་ངེས་ཅན་ཞིག་གི་གཟུགས་སྣང་ཕྱིར་མཚོན་པའམ་སྒྱུ་རྩལ་གྱི་ཡིད་ཡུལ་ཞེས་པ་ནི། མ་རྩོམ་གྱི་རྩོམ་པ་པོས་རང་གི་སྤྱི་ཚོགས་དང་བསམ་བློ། མཛེས་དཔྱོད་ཀྱི་ལྟ་བ་བཅས་སྤྱི་ཚོགས་དེའི་སྣང་བརྙན་དངོས་སུ་མཚོན་པར་བྱས་པ་ཞིག་ཡིན་པས།རྩོམ་རིག་ཡིག་སྒྱུར་ནི་སྒྱུ་རྩལ་གྱི་སྣང་བརྙན་ཞིག་དང་འཚོ་བ་དངོས་ཀྱི་ཚུར་སྣང་ཞིག་ཡིན་ཞེས་བརྗོད་ཆོག་སྙམ།
        རྩོམ་རིག་ཡིག་སྒྱུར་ནི་སྒྱུ་རྩལ་ཡིན་ན། སྒྱུ་རྩལ་ལ་འཛོམ་འོས་པའི་སྤྱི་ཚོགས་ཀྱི་བྱེད་ནུས་ཏེ། སློབ་གསོ་དང་མཛེས་དཔྱོད་བཅས་འདོན་སྤེལ་བྱེད་དགོས། དམིགས་ཡུལ་འདིར་བསླེབ་པའི་ཆེད་དུ། སྒྱུར་མཁན་གྱིས་ངེས་པར་དུ་དུས་རབས་འདི་དང་གྲལ་རིམ་འདིའི་ལྟ་ཚུལ་གྱིས། མ་རྩོམ་དུ་རྗོད་ཀྱིན་པའི་སྤྱི་ཚོགས་འཚོ་བའི་ངོ་བོ་མཚོན་པར་བྱེད་པ་དང་། མ་རྩོམ་གྱི་རྩོམ་པ་པོ་ནི་སྤྱི་ཚོགས་ཀྱི་མི་དང་སྒྱུ་རྩལ་པ་ཞིག་ཡིན་པའི་རྣམ་པ་མཚོན་དགོས་པར་མ་ཟད། རང་གི་རྩོམ་རིག་གི་འཇོན་ཐང་དང་ནུས་པ་ཡོད་ཚད་བཏོན་ནས། མ་རྩོམ་གྱི་སྒྱུ་རྩལ་ཁྱད་ཆོས་དང་ཡིད་ཡུལ་རྣམས་ཇི་མ་ཇི་བཞིན་གྱིས་སྐད་རིགས་གཞན་ཞིག་གིས་མཚོན་པར་བྱེད་དགོས། དེ་ལྟར་བྱས་ཚེ། འགྱུར་རྩོམ་ཡང་མ་རྩོམ་བཞིན་གསོན་ཉམས་ལྡན་པ་ཞིག་ཏུ་འགྱུར་ངེས་ལ། ད་དུང་སྤྱི་ཚོགས་འཚོ་བའི་ཁྲོད་སློབ་གསོའི་ནུས་པའང་འདོན་ཐུབ་པས། དེ་ནི་རྩོམ་རིག་ཡིག་སྒྱུར་གྱིས་སྤྱི་ཚོགས་ལ་བཏོན་པའི་ནུས་པ་ཡིན།
        མདོར་ན། ཡིག་སྒྱུར་ཚན་རིག་དང་ཡིག་སྒྱུར་སྒྱུ་རྩལ་ནི་ཡིག་སྒྱུར་ལག་ལེན་དང་ཡིག་སྒྱུར་ཞིབ་འཇུག་ཁྲོད་ཁ་འབྲལ་ཐབས་མེད་པ་ཞིག་ཡིན། ཡིག་སྒྱུར་ཚན་རིག་དང་ཡིག་སྒྱུར་སྒྱུ་རྩལ་གང་ཡིན་རུང་ཡིག་སྒྱུར་མཚན་ཉིད་རིག་པའི་འཛུབ་སྟོན་དང་བསྟུན་དགོས། ཡིག་སྒྱུར་མཚན་ཉིད་རིག་པ་དང་ཡིག་སྒྱུར་ཚན་རིག ཡིག་སྒྱུར་སྒྱུ་རྩལ་བཅས་ཀྱི་གཅིག་གྱུར་གྱི་ལྟ་ཚུལ་ནི་ཡིག་སྒྱུར་ལྟ་ཚུལ་ཡིན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1