གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

གཅོད་པ་སྐྱིད།​ རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༩ཚེས་༢༢ཉིན།

༄༅།།སློབ་གསོ་ཆ་འཕྲིན་ཅན་གྱིས་ས་ཁུལ་མི་གཅིག་པའི་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ།


མཚོ་ལྷོ། གཅོད་པ་སྐྱིད།

        ཆ་འཕྲིན་ཅན་ནི་ཐོག་མར་ཉི་ཧོང་གི་མཁས་པ་ཞིག་གིས་དུས་རབས20པའི་ལོ་རབས60པའི་ནང་མ་འོངས་པའི་སྤྱི་ཚོགས་འཕེལ་ཕྱོགས་ལ་དབྱེ་ཞིབ་བྱེད་སྐབས། ཐོན་ལས་ཅན་ཞེས་པའི་ཚིག་གི་གྲུབ་ཚུལ་ཐོག་མར་བཏོན་པའི་ནང་དོན་འདི་ལ་ལད་ཟློས་བྱས་ནས་གྲུབ་པ་རེད། ལོ་འདི་གར་ཆ་འཕྲིན་ལག་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་སོང་བ་དང་བསྟུན་ནས། ཆ་འཕྲིན་ཅན་དེ་རིམ་བཞིན་ཐོན་སྐྱེད་ནུས་ཤུགས་ཨང་དང་པོའི་གོ་གནས་སུ་སྐྱོད་བཞིན་ཡོད་པར་མ་ཟད། འགྱུར་བ་འདི་ལྟ་བུས་མི་རྣམས་ཀྱི་འཚོ་བ་རོལ་སྟངས་ཀྱི་ཤེས་རྟོགས་ལ་གཞི་ནས་འགྱུར་བ་བཏང་ཡོད། སློབ་གསོ་ཆ་འཕྲིན་ཅན་ཞེས་པའི་ནང་དོན་འདི་ནི་ཐོག་མར1993ལོའི་ཨ་རིའི་ཆ་འཕྲིན་མྱུར་ལམ་གྱི་འཆར་གཞི་ལས་ཐོན་པ་ཡིན། འཆར་གཞི་དེའི་དོན་སྙིང་ནི་ཆ་འཕྲིན་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱས་པ་བརྒྱུད་ཁྱབ་ཁོངས་སོ་སོའམ་ལྷག་པར་དུ་སློབ་གསོའི་ཁྱབ་ཁོངས་ཀྱི་ཆ་འཕྲིན་ལག་རྩལ་གྱི་ནུས་པར་སྐུལ་འདེད་བྱེད་པ་དང་། ཐབས་ལམ་དེ་བརྒྱུད་ནས་དུས་རབས21པའི་སློབ་གསོའི་བཅོས་བསྒྱུར་ཁྲོད་ཀྱི་ཆ་འཕྲིན་ལག་རྩལ་དང་བསླབ་ཚན་སློབ་ཁྲིད་གཉིས་གཏིང་ཟབ་པར་འདྲིས་རྒྱུ་དེ་ཡིན། རང་རྒྱལ་གྱིས་སློབ་གསོ་ཆ་འཕྲིན་ཅན་གྱི་གོ་དོན་ནི་དུས་རབས་སྔོན་མའི་ལོ་རབས90པའི་མཇུག་ཏུ་གྲུབ་པ་ཡིན། ལོ་ངོ་ཉི་ཤུ་ལྷག་གི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་མཁས་པ་མང་པོ་ཞིག་གིས་གླེང་ཞིང་རང་རྒྱལ་གྱི་སློབ་གསོའི་འཕེལ་རྒྱས་ཁྲོད་བཀོལ་སྤྱོད་ཀྱང་བྱས། 2012ལོར་དངོས་སུ་བཏོན་པའི《སློབ་གསོ་ཆ་འཕྲིན་ཅན་གྱི་ལོ་བཅུའི་འཆར་བཀོད》ནི་དེ་བས་ཀྱང་རྒྱལ་ཁབ་ཀྱི་ངོས་ཐད་ནས་བཏོན་པའི་སྲིད་ཇུས་ཀྱིས་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པའི་འཆར་གཞི་དངོས་སུ་ཚད་ལྡན་དུ་བཏང་ཞིང་། སློབ་གྲྭ་ཆུང་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭ་གྲངས་ཀའི་སློབ་ར་འཛུགས་སྐྲུན་གྱི་རྨང་གཞིའི་ཚད་ཐིག་གཏན་འབེབས་བྱེད་རྒྱུ་གསལ་པོར་བཏོན་ཡོད། སྲིད་གཞུང་གི་སྐུལ་འདེད་དང་ཚོད་ལྟའི་དཔེ་སྟོན་གྱི་རྩ་དོན་འོག རྒྱལ་ཡོངས་ཀྱི་ས་གནས་སོ་སོ་རུ་གྲངས་ཀའི་སློབ་ར་འཛུགས་སྐྲུན་གྱི་ཚོད་ལྟའི་རྣམ་གྲངས་དར་སྤེལ་གཏོང་གིན་ཡོད། སློབ་གསོ་ཆ་འཕྲིན་ཅན་གྱིས་རང་རྒྱལ་གྱི་སློབ་གསོའི་ལས་དོན་བསྒྱུར་བཅོས་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པར་སྐུལ་འདེད་བཏང་ཡོད།
        རང་རྒྱལ་ནི་མི་གྲངས་མང་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་། མངའ་ཁོངས་རྒྱ་ཆེ་ཞིང་མི་རིགས་མང་པོ་འཛོམས་པས། དེས་རང་བཞིན་གྱིས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་ལ་ཁྱད་པར་འབྱུང་ངེས་ཡིན་ཏེ། ཤར་ནས་ནུབ་དང་དམའ་ས་ནས་མཐོ་སར་འགྲོ་བའི་སྐས་དབྱིབས་ཀྱི་རྣམ་པར་ཆགས་ཡོད། ས་ཁོངས་ཁྱད་པར་ནི་གཙོ་བོ་ས་ཁོངས་སོ་སོའི་བར་གྱི་རང་བྱུང་གི་ཁྱད་པར་དང་གནས་སྟངས་ཀྱི་ཁྱད་པར། འཕེལ་ཕྱོགས་ཀྱི་ཁྱད་པར་ལས་གྲུབ་པ་ཡིན། མངའ་ཁོངས་རྒྱ་ཆེ་བས་རང་བཞིན་གྱིས་ས་ཁོངས་དང་ས་ཁུངས་བར་གྱི་ས་ཁམས་དང་ལོ་རྒྱུས་ཀྱི་རྨང་གཞི། རང་བྱུང་ཆ་རྐྱེན་སོགས་ལ་རྐྱེན་བྱས་ཏེ་གཟུགས་མེད་ཀྱི་ཁྱད་པར་བྱུང་བས། རང་རྒྱལ་གྱི་ས་ཁོངས་བར་གྱི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་ཀྱི་ད་ཡོད་གནས་ཚུལ་གྱི་ཁྱད་པར་དང་། ས་ཁོངས་དཔལ་འབྱོར་ལག་རྩལ་ཁྱབ་སྟངས་གྱི་ཁྱད་པར། ས་ཁུངས་བར་གྱི་དཔལ་འབྱོར་འཕེལ་རྒྱས་ཁ་ཕྱོགས་ཀྱི་ཁྱད་པར་སོགས་བྱུང་བ་ཡིན། རྒྱལ་ནང་གི་མཁས་པས་རྒྱལ་ནང་གི་ས་ཁོངས་ཁྱད་པར་གནད་དོན་ལ་ཞིབ་འཇུག་བྱེད་སྐབས་ས་གཤིས་ལ་གཞིགས་ནས་རྒྱལ་ཁབ་ཡོངས་ཤར་དང་དབུས། ནུབ་བཅས་ས་ཁོངས་ཆེན་མོ་གསུམ་དུ་བཀར། འབྲེལ་ཡོད་མཁས་པས་ཀྱང་སློབ་གསོ་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ཆུ་ཚད་ཀྱི་ས་ཁོངས་ཁྱད་པར་ལ་ཞིབ་འཇུག་བྱས་ཤིང་། གཙོ་བོ་སློབ་གསོ་ཆ་འཕྲིན་ཅན་དེ་རང་རྒྱལ་གྱི་རྨང་གཞིའི་སློབ་གསོ་དང་མཐོ་རིམ་སློབ་གསོའི་ཆུ་ཚད་ཀྱི་ས་ཁུངས་བར་གྱི་ཁྱད་པར་ལ་དངོས་དཔང་གི་ཞིབ་འཇུག་ཡིན།
        རྒྱལ་ཁབ་ཅིག་གི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་ཀྱིས་སློབ་གསོའི་ཁྱབ་ཁོངས་དང་མྱུར་ཚད། རྒྱལ་ཁབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཚད་གཞི་དང་སྤུས་ཀ སློབ་ཚན་གྱི་སྒྲིག་འཛུགས་དང་སློབ་ཁྲིད་ཀྱི་ནང་དོན་ལ་སོགས་པར་ཚོད་འཛིན་ཐེབས་པར་མ་ཟད། དེ་དང་མཉམ་དུ་སློབ་གསོའི་གྲུབ་ཚུལ་དང་ལམ་ལུགས། སློབ་ཁྲིད་སྒྲིག་འཛུགས་ཀྱི་རྣམ་པ་དང་སློབ་ཁྲིད་བྱེད་ཐབས་སོགས་ཀྱི་འགྱུར་བར་ཤུགས་རྐྱེན་བཟོ་བཞིན་ཡོད། འདི་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོའི་འོག་ཐོན་སྐྱེད་ནུས་ཤུགས་ཀྱིས་སློབ་གསོའི་འཕེལ་རྒྱས་ལ་ཐེབས་པའི་ནུས་པ་ཡིན། ས་ཁོངས་བར་གྱི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་ལྟོས་བཅས་ཀྱིས་དོ་མཉམ་མིན་པ་དེས་ཀྱང་ས་ཁོངས་བར་གྱི་སློབ་གསོའི་འཕེལ་རྒྱས་ཆུ་ཚད་ལ་ཁྱད་པར་འབྱུང་བ་ཡིན། ས་ཁུལ་གཅིག་གི་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ཆུ་ཚད་ཀྱིས་སློབ་གསོའི་ཆུ་ཚད་ལ་ཚོད་འཛིན་བྱེད་ཀྱིན་ཡོད་མོད། འོན་ཀྱང་སློབ་གསོས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཆུ་ཚད་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་གྱིན་ཡོད། ས་ཁོངས་འཕེལ་རྒྱས་ཀྱི་ཁྱད་པར་ཅུང་ཆེ་བའི་ས་ཁུལ་ལ་རྒྱབ་ཁབ་ཀྱིས་གནད་ཁེལ་དབུལ་སྐྱོར་དང་སློབ་གསོའི་དབུལ་སྐྱོར་གཉིས་ལ་དབུལ་ཐར་འགག་སྒྲོལ་གྱི་འཐབ་ཇུས་གཙོ་བོ་གཅིག་ཏུ་བརྩིས་ཤིང་། སློབ་གསོའི་སྤྱི་པའི་ཞབས་ཞུ་བརྒྱུད་དེ་མཁོ་སྤྲོད་ལམ་ལུགས་དང་དབུལ་སྐྱོར་སྲིད་ཇུས་ལག་བསྟར་གྱི་འགུལ་སྤྱོད་ལ་རེ་བའང་ཡིན། འགུལ་སྤྱོད་འདི་ནི་གཙོ་བོ་སྲིད་གཞུང་གིས་སྣེ་ཁྲིད་དེ་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ནུས་ཤུགས་དང་སློབ་གསོ་ཆ་འཕྲིན་ཅན་སྙོམ་སྒྲིག་བྱས་ཏེ། བརྟན་ཞིང་ཡུན་རིང་བའི་སློབ་གསོ་ཆ་འཕྲིན་ཅན་དུ་བསྒྱུར་བའི་དངུལ་འཇོག་ནང་རྐྱེན་དང་སྒྲིག་སྲོལ་འཛུགས་བསྐྲུན་བྱ་རྒྱུ་དེ་རེད།
        སློབ་གསོ་ཆ་འཕྲིན་ཅན་ཁྱབ་སྤེལ་གཏོང་བའི་བརྒྱུད་རིམ་ཁྲོད། སློབ་གསོའི་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་ནི་ད་ལྟའི་སློབ་གསོ་ཆ་འཕྲིན་ཅན་ཁྱབ་སྤེལ་གཏོང་བའི་འགག་རྩ་ཡིན་སྟབས། ཤེས་ལྡན་པ་དག་གིས་ཀྱང་ཨང་ཀི་ཅན་གྱི་སློབ་གསོའི་ཐོན་ཁུངས་ཀྱི་སྤྱི་པའི་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་དཀའ་ཁག་ཇི་ལྟར་སེལ་པའི་ཐད་ལྟ་ཚུལ་མི་འདྲ་བ་དུ་མ་བཏོན་ཡོད་དེ། དཔེར་ན། “ས་ཁོངས་མཉམ་འཛུགས་མཉམ་སྤྱོད་ཀྱི་ལམ་ལུགས”དང“ས་ཁོངས་བརྒལ་བའི་མཉམ་འཛུགས་ཇི་ལྟར་བྱ་ཚུལ་དང་ནུས་ལྡན་སྒོས་བེད་སྤྱོད་གཏོང་ཚུལ”སོགས་འཛུགས་སྐྲུན་བྱེད་ཐབས་མི་འདྲ་བ་བཏོན། གང་ལྟར། བྱེད་ཐབས་གང་སྤྱད་ཀྱང་ཆེས་གལ་འགངས་ཆེ་བ་ནི་གང་ལ་བརྟེན་ནས་ཐོན་ཁུངས་མཉམ་སྤྱོད་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན་པས། ང་ཚོས་ངེས་པར་བྱེད་ཐབས་གཙོ་བོ་མིན་པར་གང་ལ་བརྟེན་དགོས་པ་གཙོ་བོ་ཡིན་པ་ཤེས་པའི་ཆ་རྐྱེན་འོག ཁོ་ཚོར་མཁོ་བ་གང་ཡིན་ཐད་བསམ་བློ་གཏོང་དགོས། སློབ་ཁྲིད་ཀྱི་ཐོན་ཁུངས་ནི་སློབ་གསོ་ཆ་འཕྲིན་ཅན་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གཙོ་བོ་ཡིན་ཏེ། ཨུ་ཚུགས་སྒོས་སློབ་གསོའི་ཐོན་ཁུངས་ཀྱི་བེད་སྤྱོད་དེ་གསར་པ་གསར་རྐྱང་དང་འཕེལ་རྒྱས་མགྱོགས་པོ་ཡིན་ན་ད་གཟོད་ཁྱད་མཚར་ཆེ་བ། རང་ལ་འཚམ་པོ་མིན་པའི་སློབ་གསོའི་ཐོན་ཁུངས་ཚུར་ལེན་པ་བཅས་བྱས་ན། ཐོན་ཁུངས་དང་འགྲོ་སོང་འབོར་ཆེན་ཆུད་ཟོས་སུ་གཏོང་བ་ལས་མེད་སྟབས། འདིས་གསལ་བཤད་བྱེད་ཐུབ་པ་ནི་ས་ཁོངས་མི་འདྲ་བའི་སློབ་གསོའི་ཐོན་ཁུངས་ཀྱི་སྤྱི་པའི་ཞབས་ཞུའི་འཛུགས་སྐྲུན་ཐད་སྣ་མང་ཅན་གྱི་རེ་འདུན་ཡོད་པ་དེ་ཡིན། ས་ཁོངས་བར་གྱི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་ཀྱིས་ས་ཁོངས་ནང་གི་མི་འབོར་དང་ཐོན་སྐྱེད་ནུས་ཤུགས་ཐག་གཅོད་ཐུབ་ཅིང་། དེ་དང་མཉམ་དུ་ཚད་ངེས་ཅན་ཞིག་གི་སྒོ་ནས་ས་ཁོངས་མི་འདྲ་བའི་ནང་གི་འགྲིམ་འགྲུལ་འཁོར་རྒྱུག་གི་རེ་འདུན་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། འདི་ལྟར་དབུལ་ཕོངས་ས་ཁུལ་ཁ་ཤས་ཀྱི་འགྲིམ་འགྲུལ་སྔར་བཞིན་སྟབས་བདེ་མིན་སྟབས། སློབ་གསོ་ཆ་འཕྲིན་ཅན་གྱི་རྗེས་ཕྱོགས་ཀྱི་འཛུགས་སྐྲུན་ཐད་ད་དུང་ཡུན་རིང་དང་བརྟན་འཇགས་ཀྱི་འཛུགས་སྐྲུན་ལམ་ལུགས་ཤིག་འཛུགས་དགོས། དཔྱད་འཇོག་ནི་སློབ་གསོ་ཆ་འཕྲིན་ཅན་གྱི་གྲུབ་འབྲས་ཕྱིར་མངོན་པའི་ཐབས་ལམ་ཡིན་པའི་ཆ་ནས། དཔྱད་འཇོག་གིས་སློབ་གསོ་ཆ་འཕྲིན་ཅན་ལ་འགྱུར་བ་ཆེན་པོ་གཏོང་ཐུབ་པས། ངེས་པར་དུ་དཔྱད་འཇོག་ནས་ཆུ་ཚད་འཇལ་བའི་གོ་རིམ་ལ་ལྟ་རྟོག་བྱ་དགོས། རང་རྒྱལ་གྱི་ཁྱད་ཆོས་ལྡན་པའི་སློབ་གསོ་ཆ་འཕྲིན་ཅན་གྱི་དཔྱད་འཇོག་ཚད་གཞིའི་མ་ལག་ཅིག་འབྱུང་བར་ཡང་ངེས་པར་དུ་དུས་ཡུན་རིང་མོར་རྒྱུན་མཐུད་ཀྱིས་ལེགས་བཅོས་བྱེད་པའི་བརྒྱུད་རིམ་ཞིག་དགོས།
        ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་དར་སྤེལ་བྱུང་བ་བརྒྱུད་ནས། ཆ་འཕྲིན་ཅན་འདི་མི་རྣམས་ཀྱི་འཚོ་བའི་ཟུར་སོ་སོར་ཁྱབ་ཅིང་།ཐ་ན་ང་ཚོའི་ད་ལྟའི་སྤྱི་ཚོགས་རྣམ་པ་ཧྲིལ་པོར་ཤུགས་རྐྱེན་བཟོ་བཞིན་ཡོད་ལ། ཚན་རིག་ལག་རྩལ་ལ་བརྟེན་ནས་སློབ་གསོའི་དོ་མཉམ་ལ་སྐུལ་འདེད་གཏོང་ཐབས་འདི་ཀྲུང་དབྱང་སྲིད་གཞུང་གིས་ཡང་དང་བསྐྱར་དུ་ནན་བཤད་དང་ཧུར་ཐག་འབད་ཐག་གིས་ཁྱབ་སྤེལ་གཏོང་བའི་སློབ་གསོའི་སྲིད་ཇུས་ཤིག་ཡིན། ཆ་འཕྲིན་ལག་རྩལ་ནི་སློབ་གསོའི་ཐོན་ཁུངས་ཀྱི་བགོ་འགྲེམ་ལུགས་མཐུན་མིན་པའི་སྣང་ཚུལ་ལེགས་བཅོས་སུ་གཏོང་བའི་ཐབས་ལམ་གསར་པ་ཞིག་ཡིན་པའི་ཆ་ནས། ས་ཁོངས་བར་གྱི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་རྐྱེན་བྱས་ནས་བྱུང་བའི་སློབ་གསོའི་ཆུ་ཚད་འཕེལ་རྒྱས་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་ཐུབ། འདི་ལྟར། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱིས་སྣེ་ཁྲིད་པའི་སློབ་གསོའི་ཆ་འཕྲིན་ཅན་གྱི་རྒྱབ་ལྗོངས་འོག ཆ་འཕྲིན་ཅན་དེ་ས་ཁོངས་མི་འདྲ་བའི་སློབ་གསོའི་འཕེལ་རྒྱས་ཁྲོད་དཀའ་ཁག་མི་འདྲ་བར་འཕྲད་ཡོད་སྟབས། ང་ཚོས་ཡུལ་དངོས་རང་བཞིན་གྱི་བརྟག་དཔྱད་ཞིབ་འཇུག་བྱེད་ཐབས་གཙོར་བཟུང་ནས།ས་ཁོངས་མི་འདྲ་བར་ཆ་འཕྲིན་ཅན་གྱི་སློབ་གསོ་ཁྱབ་སྤེལ་གཏོང་བའི་ཐད་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་དགོས་ཤིང་། ཆ་འཕྲིན་ཅན་གྱི་བྱེད་ཐབས་འདི་སྤྱད་ནས་ས་ཁོངས་བར་གྲུབ་པའི་སློབ་གསོའི་བར་ཁྱད་ཇེ་ཆུང་དུ་གཏོང་དགོས་ལ། ས་ཁོངས་བར་གྱི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་ཀྱི་བར་ཁྱད་སྔར་བས་ཇེ་ཆུང་དུ་གཏོང་དགོས། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1