༄༅།།ཁྱིམ་ལས་མང་དུ་ལས་ན་གཉེན་འཐོར་བའི་སྐབས་སུ་གུན་གསབ་འཇལ་དགོས་པའི་རེ་བ་བཏོན་ཆོག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-22


དམངས་དོན་ཁྲིམས་གཞུང་དུ་ཁྱིམ་ལས་ཙག་ཙིག་ལ་གུན་གསབ་འཇལ་བའི་ལམ་ལུགས་བཙུགས་པ་སྟེ། ཁྱིམ་ལས་མང་དུ་ལས་ན་གཉེན་འཐོར་བའི་སྐབས་སུ་གུན་གསབ་འཇལ་དགོས་པའི་རེ་བ་བཏོན་ཆོག
        ཁྱིམ་བདག་མ(家庭主妇)མང་ཤས་ཤིག་གི་ལས་ཀ་ནི་ཟ་མ་ལས་པ་དང་གསོལ་ཆས་བཀྲུ་བ། ཁང་པར་གད་བདར་བྱེད་པ།ལོ་ལོན་དང་བྱིས་པར་སྙོར་སྐྱོང་བྱེད་པ་སོགས་ཀྱི་ཁྱིམ་ལས་ཙག་ཙིག་ཡིན་པས།གལ་ཏེ་གཉེན་འཐོར་དགོས་པ་བྱུང་ན།མོ་རང་ཚོའི་དུས་རྒྱུན་གྱི་ལས་ཀ་དེ་དག་སྣང་མེད་དུ་འཇོག་སླ་བ་རེད།ཁྱིམ་ལས་ཙག་ཙིག་ལ་གུན་གསབ་འཇལ་དགོས་པའི་རེ་འདུན་འདོན་མཁན་ཡོད་པའི་དབང་དུ་བཏང་ནའང་།ད་སྤྱོད་གཉེན་འབྲེལ་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན།དེ་ལ་ཁྲིམས་ཁང་གི་རྒྱབ་སྐྱོར་ཐོབ་རྒྱུ་ཧ་ཅང་དཀའ།
        དམངས་དོན་ཁྲིམས་གཞུང་ལག་བསྟར་བྱས་རྗེས།གནས་ཚུལ་དེ་བཅོས་སྒྱུར་བྱས་ཡོད་པ་སྟེ།ཁྱིམ་ཚང་གི་འཚོ་བའི་ཁྲོད་དུ་འོས་འགན་མང་པོ་འཁུར་བའི་ཕྱོགས་ཀྱིས་གཉེན་འཐོར་བའི་སྐབས་སུ།ཅིག་ཤོས་ལ་ཁྱིམ་ལས་ཙག་ཙིག་གི་གུན་གསབ་འཇལ་དགོས་པའི་རེ་བ་བཏོན་ཆོག་པ་དང་།ཅིག་ཤོས་ཀྱིས་ཀྱང་འོས་འཚམ་གྱིས་གུན་གསབ་འཇལ་དགོས་ལ།ཕྱོགས་གཉིས་ཀ་དེའི་ཐད་ནས་གྲོས་མཐུན་མ་བྱུང་ན་ཁྲིམས་ཁང་གིས་ཐག་གཅོད་བྱེད་རྒྱུ་རེད།
        ད་ལྟའི་གནས་ཚུལ།ཐུན་མོང་རྒྱུ་ནོར་ལམ་ལུགས་ཀྱིས་ཁྱིམ་ལས་ཀྱི་གུན་གསབ་ལམ་ལུགས་སྣང་མེད་དུ་བཞག་པ།
        ད་ལྟའི་ཁྱིམ་ཚང་གི་ནང་དུ།སྐྱེས་པ་དང་བསྡུར་ན་བུད་མེད་ཀྱིས་ཕྲག་ཏུ་བླངས་པའི་ཁྱིམ་ཚང་གི་ལས་དོན་ཅུང་མང་ལ།ཁྱིམ་ལས་ཁོ་ན་གཉེར་བའི་ཁྱིམ་བདག་མ་མང་པོ་ཞིག་གིས་གཉེན་འཐོར་རྗེས་འོས་འཚམ་གྱི་ལས་ཀ་རྙེད་དཀའ་བས་འཚོ་བའང་རོལ་ཐབས་མེད་པའི་གནས་སུ་ལྷུང་འདུག
        གཉེན་འབྲེལ་བཅའ་ཁྲིམས་ཀྱི་དོན་ཚན40པའི་ནང་དུའང་ཁྱིམ་ལས་ཙག་ཙིག་ལ་གུན་གསབ་འཇལ་བའི་ལམ་ལུགས་གཏན་འཁེལ་བྱས་ཡོད་པས།སྔོན་ཆད་ཀྱང་གཉེན་འཐོར་སྐབས་བུད་མེད་རྣམས་ཀྱིས་ཕོ་ཕྱོགས་ལ་ཁྱིམ་ལས་ཀྱི་གུན་གསབ་འཇལ་དགོས་པའི་རེ་བ་བཏོན་ཆོག་མོད།འོན་ཀྱང་གཏན་འཁེལ་དེ་ལག་བསྟར་བྱེད་རྒྱུ་ནི་ཧ་ཅང་དཀའ་མོ་ཞིག་རེད། རྒྱུ་མཚན་ནི་དེའི་ནང་དུ་ད་རུང“གཉེན་འབྲེལ་འབྲེལ་བ་གནས་པའི་སྐབས་སུ་ཐོབ་པའི་རྒྱུ་ནོར་ཡོད་ཚད་རང་རང་གི་རྒྱུ་ནོར་རང་རང་ལ་དབང་བའི་ཁ་ཆད་བཞག་ཡོད་པར་མ་ཟད།ཕྱོགས་གཅིག་གིས་བུ་ཕྲུག་སྙོར་བ་དང་ལོ་ལོན་ལ་བདག་སྐྱོང་བྱེད་པ།ཅིག་ཤོས་ཀྱི་བྱ་བར་རམ་འདེགས་བྱེད་པ་སོགས་ཀྱི་འོས་འགན་མང་དུ་འཁུར་ཡོད་ན།གཉེན་འཐོར་བའི་སྐབས་སུ་གུན་གསབ་འཇལ་དགོས་པའི་རེ་བ་བཏོན་ཆོག་པ་དང་།ཅིག་ཤོས་ཀྱིས་ཀྱང་འོས་འཚམ་གྱི་གུན་གསབ་འཇལ་དགོས་པ”གཏན་འཁེལ་བྱས་ཡོད།
        དེའི་ནང་གི་ཤེས་དགོས་པ་ཞིག་ནི།གཉེན་འབྲེལ་བཅའ་ཁྲིམས་ཀྱི་ནང་དུ་གཏན་འཁེལ་བྱས་ཡོད་པའི་ཁྱིམ་ལས་ཙག་ཙིག་ལ་གུན་གསབ་འཇལ་བའི་ལམ་ལུགས་དེ་ནི་རང་རང་གི་རྒྱུ་ནོར་རང་རང་ལ་དབང་བའི་གྲོས་འཆམ་ཡི་གེ་བཞག་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་ད་གཟོད་བཏོན་ཆོག་པ་དེ་རེད། མངོན་སུམ་གྱི་འཚོ་བའི་ཁྲོད་དུ།ཁྱིམ་ཚང་མང་ཤས་ཤིག་གིས་ཐུན་མོང་གི་རྒྱུ་ནོར་ལམ་ལུགས་ལག་བསྟར་བྱེད་ཀྱིན་ཡོད་པས།གོང་གི་སྔོན་འགྲོའི་ཆ་རྐྱེན་དེས་ཁྱིམ་ལས་ཙག་ཙིག་གི་གུན་གསབ་ལམ་ལུགས་ལ་ཚད་བཀག་ངེས་ཅན་ཞིག་བཟོས་ཡོད་པ་དང་།ལག་བསྟར་བྱེད་པར་དཀའ་ཁག་ཆེན་པོ་བཟོས་འདུག་པས།གཉེན་འཐོར་གྱོད་དོན་གྱི་ཁྲོད་དུ་ཁྱིམ་ལས་ཙག་ཙིག་ལ་གུན་གསབ་འཇལ་དགོས་པའི་རེ་འདུན་འདོན་མཁན་ཧ་ཅང་ཉུང་།
        དཔེ་མཚོན། ཁྱིམ་ལས་ཁོ་ན་གཉེར་བའི་བུད་མེད་རྣམས་ཀྱིས་གཉེན་འཐོར་སྐབས་ངལ་རྩོལ་གུན་གསབ་ལེན་དཀའ་བ།
        ཟི་ལིང་དུ་བསྡད་ཡོད་པའི་བདེ་འཚོ་ཡིས་བཟའ་ཟླའི་བར་དུ་བརྩེ་དུང་མེད་པར་རྐྱེན་བྱས་ཏེ།ཁྲིམས་ཁང་ལ་བཟའ་འཐོར་བྱེད་རྒྱུའི་རེ་འདུན་བཏོན་པ་དང་།ཕྱོགས་གཉིས་ཀྱི་བཟའ་ཟླའི་འབྲེལ་བ་མེད་པར་བཟོ་དགོས་པར་མ་ཟད།བུ་ཕྲུག་གི་སྙོར་སྐྱོང་དབང་ཆ་སུ་ལ་དབང་བ་དང་རྒྱུ་ནོར་ཇི་ལྟར་བགོ་བཤའ་རྒྱག་པ་སོགས་ཀྱི་ཐད་ནས་ཁྲིམས་ཁང་གིས་ཐག་གཅོད་བྱེད་དགོས་པའི་རེ་འདུན་བཏོན།
        གྱོད་དོན་བདག་སྤྲོད་བྱེད་པའི་གོ་རིམ་ཁྲོད།བདེ་འཚོས་བཤད་རྒྱུར།གཉེན་འབྲེལ་འབྲེལ་བ་གནས་པའི་སྐབས་སུ།ཁྱོ་གའི་ཁྱིམ་ཚང་གི་ཆེད་དུ་ཁོ་མོས་བྱ་བའང་བློས་བཏང་ནས།བུ་ཕྲུག་ཕོ་མོ་གཉིས་སྙོར་སྐྱོང་བྱས་པ་དང་།ལོ་ན་རྒས་པའི་སྒྱུག་པོ་སྒྱུག་མོར་སྙོར་སྐྱོང་བྱས་པར་མ་ཟད།ཁྱིམ་ཚང་ནང་གི་ཁྱིམ་ལས་ཡོངས་རྫོགས་རང་ཉིད་ཀྱི་འགན་དུ་བླངས་ནའང་།ཁྱོ་གས་རང་ཉིད་ཀྱི་དཀའ་སྡུག་མིག་ནང་དུ་མི་འཇོག་པར་ཡང་ནས་བསྐྱར་དུ་གཉེན་འཐོར་རྒྱུའི་རེ་འདུན་བཏོན་མྱོང་ཟེར།
        གྱོད་དོན་བདག་སྤྲོད་བྱས་པའི་གོ་རིམ་ཁྲོད།བདེ་འཚོར་ཁྱིམ་ལས་ངལ་རྩོལ་གྱི་གུན་གསབ་རེ་འདུན་འདོན་འདོད་ཡོད་པ་ཁྲིམས་དཔོན་གྱིས་ཤེས་མོད།འོན་ཀྱང་མོས་རང་རང་གི་རྒྱུ་ནོར་རང་རང་ལ་དབང་བའི་ཡིག་ངོས་ཀྱི་ཁ་ཆད་སོགས་ཀྱི་འབྲེལ་ཡོད་དཔང་རྟགས་འདོན་སྤྲོད་བྱེད་མི་ཐུབ་པས་མི་བསྐྱུར་ཐབས་མེད་བྱུང་།
        གལ་ཏེ་དོ་བདག་པས་ཁྱིམ་ལས་ཙག་ཙིག་ལ་གུན་གསབ་འཇལ་དགོས་པའི་རེ་འདུན་བཏོན་ན།ཁྲིམས་ཁང་གིས་ཇི་ལྟར་ཐག་གཅོད་བྱེད་དམ།
        གཡང་མོ་དང་ཚེ་བྷ་གཉིས2010ལོར་གཉེན་སྒྲིག་པ་དང་།ཁྱོ་གས་ཕྱི་རྒྱལ་གྱི་ཁེ་ལས་ཤིག་ཏུ་ལས་ཀ་གཉེར་གྱིན་ཡོད་པས།དུས་རྒྱུན་གཞུང་དོན་གྱི་ཆེད་དུ་ཕྱི་རུ་འགྲོ་བའམ་ཡང་ན་ལས་དུས་ཁ་སྣོན་བྱས་ཏེ་ཁྱིམ་ཚང་སྐྱོང་ཁོམ་མེད་པས།གཉེན་བསྒྲིགས་རྗེས་གཡང་མོས་ལས་ཀ་མ་བཙལ་བར་ཁྱིམ་ཚང་གི་ལས་ཀ་ཙག་ཙིག་གཉེར་རྒྱུ་ཐག་བཅད།
        2019ལོར་གཡང་མོ་དང་ཚེ་བྷ་གཉིས་གཉེན་འཐོར་བ་དང་།གཡང་མོས་རྒྱུ་ནོར་བགོ་བཤའི་ཐད་ནས་ཁྲིམས་ཁང་ལ་བྱིས་པ་ཟླ་ཁ་གང་བའི་སྐབས་ཀྱི་སྟོན་མོའི་ཡོང་སྒོ་དང་གཉེན་སྒྲིག་སྐབས་ཀྱི་སྟོན་མོའི་ཡོང་སྒོ།རིན་གོང་མཐོ་བའི་དུས་ཚོད་འཁོར་ལོ་སོགས་འདུས་པའི་རེ་འདུན16བཏོན་པ་དང་།དེའི་ནང་དུ་ད་རུང་ཁྱིམ་ལས་ཙག་ཙིག་གི་གུན་གསབ་སྒོར་ཁྲི10འདུས་པ་རེད།
        རེ་འདུན་གཞན་པ་རྣམས་ལ་ཁྲིམས་ཁང་གིས་གཉེན་འབྲེལ་བཅའ་ཁྲིམས་ཀྱི་དོན་ཚན15པའི་གཏན་འཁེལ་ལྟར།རྒྱུ་ནོར་གྱི་བྱེ་བྲག་གི་གནས་ཚུལ་གཞིར་བཟུང་ནས་བུ་ཕྲུག་དང་མོ་ཕྱོགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་རྩ་དོན་ལྟར་ཐག་གཅོད་བྱས་མོད། འོན་ཀྱང་གཡང་མོས་བཏོན་པའི་ཁྱིམ་ལས་ཙག་ཙིག་གི་གུན་གསབ་རེ་འདུན་ཐད་ནས།ཁྲིམས་ཁང་གིས་བདག་སྤྲོད་བྱས་རྗེས།ཁོ་གཉིས་ལ་གུན་གསབ་འཇལ་བའི་སྔོན་འགྲོའི་ཆ་རྐྱེན་ཏེ་གཉེན་འབྲེལ་འབྲེལ་བ་གནས་པའི་སྐབས་སུ་ཐོབ་པའི་ཕྱོགས་གཉིས་ཀྱི་ཡོང་སྒོ་ཡོངས་རྫོགས་རང་རང་གི་ཡོང་སྒོ་རང་རང་ལ་དབང་བའི་ཡིག་ངོས་ཀྱི་གྲོས་འཆམ་ཡི་གེ་མེད་པ་ཚོར་བས་མོའི་རེ་འདུན་ལ་རྒྱབ་སྐྱོར་མ་བྱས་པ་རེད།
        དམངས་དོན་ཁྲིམས་གཞུང་དུ།རྒྱུ་ནོར་ལམ་ལུགས་གང་ཞིག་ལག་བསྟར་བྱེད་ནའང་།གཉེན་འཐོར་སྐབས་གུན་གསབ་ཀྱི་རེ་འདུན་བཏོན་ཆོག་པ་གཏན་འཁེལ་བྱས་ཡོད།
        དམངས་དོན་ཁྲིམས་གཞུང་གི་གཉེན་འབྲེལ་ཁྱིམ་ཚང་ལེ་ཚན་གྱི་དོན་ཚན1088པའི་ནང་དུ་རང་རང་གི་རྒྱུ་ནོར་རང་རང་ལ་དབང་བའི་ཁ་ཆད་ཡི་གེ་དགོས་པའི་སྔོན་འགྲོའི་ཆ་རྐྱེན་དེ་མེད་པར་བཟོས་ཏེ།ཐད་ཀར“བཟའ་ཟླ་གཉིས་ཀྱི་ཕྱོགས་གཅིག་གིས་བུ་ཕྲུག་དང་ལོ་ལོན་སྙོར་སྐྱོང་བྱེད་པ་དང་།ཅིག་ཤོས་ཀྱི་བྱ་བར་རམ་འདེགས་བྱེད་པ་སོགས་ཀྱི་ཆེད་དུ་འོས་འགན་མང་པོ་ཕྲག་ཏུ་བླངས་ཡོད་ན།གཉེན་འཐོར་སྐབས་ཅིག་ཤོས་ལ་གུན་གསབ་འཇལ་དགོས་པའི་རེ་འདུན་བཏོན་ཆོག་པ་དང་།ཅིག་ཤོས་ཀྱིས་ཀྱང་གུན་གསབ་འོས་འཚམ་འཇལ་དགོས་ལ།དེའི་བྱེ་བྲག་གི་བྱེད་ཐབས་ནི་ཕྱོགས་གཉིས་ཀས་གྲོས་བྱས་ཏེ་ཐག་གཅོད་དགོས་པ་དང་།གྲོས་འཆམ་མི་ཡོང་ན་ད་གཟོད་ཁྲིམས་ཁང་གིས་ཐག་གཅོད་དགོས་པ”གཏན་འཁེལ་བྱས་ཡོད།
        “གལ་ཏེ་བདེ་འཚོ་དང་གཡང་མོ་གཉིས་ཀྱིས་དམངས་དོན་ཁྲིམས་གཞུང་ལག་བསྟར་བྱས་རྗེས།ཁྱིམ་ལས་ཙག་ཙིག་ལ་གུན་གསབ་འཇལ་དགོས་པའི་རེ་འདུན་བཏོན་པ་ཡིན་ན།མོ་གཉིས་ཀྱི་རེ་འདུན་ལ་ཁྲིམས་ལྟར་རྒྱབ་སྐྱོར་ཐོབ་ངེས་རེད”ཅེས་ཁྲིམས་དཔོན་ཉིང་ཅུས་ཆིང་གིས་དེ་ལྟར་བཤད་པ་དང་།དམངས་དོན་ཁྲིམས་གཞུང་གི་དོན་ཚན1088པ་ནི་མི་སེམས་ལ་དྲོད་ཁོལ་སྦྱིན་པའི་དོན་ཚན་ཞིག་རེད་ཟེར།
        བཟོ་བཅོས་དེས་ཁྱིམ་ལས་ཙག་ཙིག་གི་གུན་གསབ་ལམ་ལུགས་སྤྱོད་པར་འཚམ་པའི་ཁྱབ་ཁོངས་ལ་རྒྱུ་ནོར་རང་རང་ལ་དབང་བའི་ཁ་ཆད་ཀྱི་ཚོད་འཛིན་མི་ཐེབས་པར་བྱས་ཡོད་པས།ཁྱིམ་ལས་ཙག་ཙིག་གི་རིན་ཐང་ལ་ཁས་ལེན་དང་བརྩི་བཀུར་ཐོབ་པ་དང་།ཁྱིམ་ལས་ཙག་ཙིག་གི་གུན་གསབ་ལམ་ལུགས་ཀྱི་སྤྱོད་འཐུས་རང་བཞིན་ཇེ་དྲག་ཏུ་བཏང་ཡོད།
        དམངས་དོན་ཁྲིམས་གཞུང་གི་དོན་ཚན1088པའི་ནང་དུ་སྲུང་སྐྱོབ་བྱས་ཡོད་པ་ནི་ཁྱིམ་བདག་མ་ཁོ་ན་མ་ཡིན་པར་ཁྱིམ་བདག་པ་རྣམས་ལའང་སྲུང་སྐྱོབ་བྱས་འདུག སྔོན་ཆད་སྐྱེས་པ་རྣམས་ཀྱིས་ཀྱང་གཉེན་འཐོར་གྱོད་གཞིའི་ཁྲོད་རྒྱུ་ནོར་བགོ་བཤའ་རྒྱག་སྐབས།“རྒྱུ་ནོར་འདྲ་མཉམ་གྱིས་བགོས་པའི་རྨང་གཞིའི་སྟེང་ད་གཟོད་བུད་མེད་དང་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི”རྩ་དོན་ལག་བསྟར་བྱེད་དཀའ་བས།སྐྱེས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་མི་ཐོབ་པའི་གནས་ཚུལ་ཧ་ཅང་མང་།
        “བཟའ་ཟླ་གཉིས་ཀྱིས་རྒྱུ་ནོར་བགོ་བཤའ་ཡི་ལམ་ལུགས་གང་ཞིག་སྤྱོད་པ་དང་།ཁྱིམ་ཚང་གི་ལས་ཀ་ཙག་ཙིག་འགན་དུ་ལེན་མཁན་ཁྱོ་ག་དང་ཆུང་མ་སུ་ཞིག་ཡིན་རུང་།གཉེན་འཐོར་སྐབས་ཁྱིམ་ལས་ཙག་ཙིག་ལ་གུན་གསབ་ཐོབ་ཆོག”པས། འདི་ནི་དམངས་དོན་ཁྲིམས་གཞུང་དུ་གཏན་འཁེལ་བྱས་ཡོད་པའི་ཁྱིམ་ལས་ཙག་ཙིག་གི་གུན་གསབ་ལམ་ལུགས་ཐད་ཀྱི་ཡར་རྒྱས་ཆེན་པོ་ཞིག་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1