5Gདུས་རབས་སླེབས་པར་མི་རིགས་སློབ་གསོས་ གྲ་སྒྲིག་ལེགས་པོ་བྱས་ཡོད་དམ

སང་རྒྱན་གྱིས་བརྩམས། བན་དེེ་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22


5Gདེ་འདྲའི་གལ་ཆེ་བའི་རྒྱུ་མཚན་ཅི་ཡིན།

ན་ནིང་ནས་བཟུང་དྲ་རྒྱ་དང་གསར་འགྱུར་སྣ་ཚོགས་སུ5Gལག་རྩལ་ནི་གླེང་གཞི་རུ་གྱུར་ཡོད།

ང་ཚོས5Gལག་རྩལ་ཞེས་པའི་མིང་ལས། དེ་ནི་ལག་ཁྱེར་འཕྲིན་སྐྱེལ་རབས་ལྔ་པའི་ལག་རྩལ་ཞིག་ཡིན་པ་ཤེས་ཐུབ་སྟེ། 1Gནས5Gཡི་བར་ཧ་ལམ་ལོ་10རེའི་ནང་དུ་ལག་ཁྱེར་འཕྲིན་སྐྱེལ་གྱི་ལག་རྩལ་རིམ་པ་ཆེན་པོ་རེ་འཕར་བཞིན་ཡོད། 2019ལོ་ནས་བཟུང་འཕར་ཡུན5པའི་མགོ་བརྩམས་པ་རེད།

5Gདེ་སྔ་དུས་ཀྱི1Gདང2Gདང3Gདང4Gབཅས་ལ་བསྡུར་ན་མི་འདྲ་ས་ཅི་ཡོད་ཅེ་ན། ཕྱི་ནས་བལྟས་ན5Gནི་རབས་སྔོན་མ་བཞི་པོའི་རྨང་གཞིའི་སྟེང་དུ་རབས་གཅིག་འཕར་བ་ཙམ་ཡིན་ཡང་། དེའི་ནུས་པ་ཇེ་ལེགས་སུ་སོང་བ་ནི་མཆོང་སྐྱོད་ཆེན་པོ་ཞིག་རེད།

དེས་ན5Gནི་གསར་བརྗེ་རང་བཞིན་གྱི་འཕེལ་རྒྱས་ཤིག་ཡིན་པ་དང་། དེར་དོན་སྙིང་ཆེན་པོ་ལྡན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། འདིར་བརྗོད་དགོས་པ་ཞིག་ནི། 5Gལག་རྩལ་གྱིས་ཐེངས་དང་པོར་འཛམ་གླིང་གི་ཁོངས་སུ་ལག་ཁྱེར་འཕྲིན་སྐྱེལ་ལག་རྩལ་གྱི་ཚད་གཞི་གཅིག་གྱུར་བྱས་པ་དེ་རེད། 1Gདང2Gདང3Gདང4Gབཅས་ཀྱི་དུས་རབས་སུ། འཛམ་གླིང་གི་རྒྱལ་ཁབ་སོ་སོས་ལག་ཁྱེར་འཕྲིན་སྐྱེལ་ལག་རྩལ་ཐད་བཀོལ་བའི་ཚད་གཞི་གཅིག་གྱུར་མིན་པས། དེས་འཕྲིན་སྐྱེལ་ཚད་གཞི་མི་འདྲ་བའི་ཉེར་སྤྱོད་རིགས་སྣ་ཚོགས་བར་དུ་ཕན་ཚུན་མཉམ་འདྲེས་ལེགས་པོ་བྱེད་མི་ཐུབ་པའི་སྣང་ཚུལ་བྱུང་དུ་བཅུག་པས། ང་ཚོས5Gལག་རྩལ་བྱུང་བ་དེར“དུས་རབས་ཀྱི་མཚམས་འབྱེད་པའི་དོན་སྙིང་ལྡན”ཞེས་བརྗོད་ཆོག་ལ། མ་འོངས་པར་འཛམ་གླིང་གི་ལག་ཁྱེར་འཕྲིན་སྐྱེལ་ལག་རྩལ་ནི་ཁ་ཕྱོགས་གཅིག་ཏུ་འཕེལ་རྒྱས་འགྲོ་ངེས་ཡིན། ང་ཚོས་ཨ་མེ་རི་ཁ་དང་ཧྭ་ཝེ(华为)བར་དུ་ལག་རྩལ་ཁྱབ་ཁོངས་སུ་རྩོད་གཞི་ཡོད་པ་ཤེས་ཡོད། དེས་ན་ཨ་མེ་རི་ཁས་རང་རྒྱལ་གྱི5Gལག་རྩལ་ལ་དེ་འདྲའི་དོགས་ཟོན་བྱེད་དོན་ཅི་ཡིན་ཞེ་ན། 5Gལག་རྩལ་ཞིབ་འཇུག་དང་གསར་སྐྲུན་ཐད་རང་རྒྱལ་ནི་འཛམ་གླིང་གི་སྔོན་གྲས་སུ་སྐྱོད་བཞིན་ཡོད་པའི་རྐྱེན་གྱིས་རེད། 5Gཡི་འབྲེལ་ཡོད་ཚད་གཞིའི་ཐད་དུ། རང་རྒྱལ་ནི་འཛམ་གླིང་གི་ཆུ་ཚད་ཨང་དང་པོར་སླེབས་ཡོད་པ་མ་ཟད། 5Gལག་རྩལ་གྱི་ཆེད་ཁེའི་སྡོམ་གྲངས་ཀྱིས་འཛམ་གླིང་གི34%ཟིན་ཡོད་པས། མ་འོངས་པར་འཛམ་གླིང་གི་ཆ་འཕྲིན་ལག་རྩལ་གོང་འཕེལ་དུ་འགྲོ་བར་ཀྲུང་གོ་དང་ཁ་འབྲལ་ཐབས་མེད་པ་ཡིན།

དེས་ན5Gལག་རྩལ་གྱི་ཐགས་ཞེང་ཆེ་བ(大带宽)དང་། དུས་འགྱང་ཐུང་བ(低时延)། སྦྲེལ་མཐུད་ཆེ་བ(大连接)བཅས་ཀྱིས་སྤྱི་ཚོགས་ལ་འགྱུར་ལྡོག་ཆེན་པོ་གང་དག་སློང་ངེས་ཡིན་ཞེ་ན།“ཚད་འགྱུར་བ་ལས་ངོ་བོ་འགྱུར་བ་ཡིན”ཞེས་པའི་བཤད་སྲོལ་ཞིག་ཡོད་དེ། བལྟས་ཚོད་ཀྱིས5Gནི་ཐགས་ཞེང་ཇེ་ཆེར་སོང་བ་ཙམ་ཡིན་ཡང་། དོན་དངོས་སུ་དེའི་ཤུགས་རྐྱེན་ཧ་ཅང་ཆེ་བ་ཡིན། སྔར་ཐགས་ཞེང་ཆུང་བའི་སྐབས་སུ། ཉེར་སྤྱོད་མང་པོ་ཞིག་བཀོལ་མི་ཐུབ་སྟེ། དཔེར་ན། ང་ཚོས་རྒྱུན་པར1080Pདང་། 4Kཡི་བརྙན་ཟློས་གསལ་བོ་ཞེས་བརྗོད་པ་ཡིན། འོན་ཀྱང་ལག་རྩལ་གྱི་སྟེང་ནས་བཤད་ན། 4Kཡི་བརྙན་ཟློས་ནི་ཆེས་གསལ་བའི་བརྙན་ཟློས་མིན། ད་ལྟ་ཅུང་སྔོན་ཐོན་གྱི་བརྙན་ཟློས་ཆེས་གསལ་བོ་ནི8Kཀྱི་བརྙན་རྒྱུ་ཡིན། སྤྱིར་བཏང་དུ4Kཡི་བརྙན་ཟློས་ནི་འཆར་ཡོལ་ཆུང་བ་དང་འབྲིང་བའི་རོལ་རྩེད་ལ་བལྟས་ནས་བཤད་ན་གསལ་བོ་ཡིན་ཡང་། བར་ཐག་ཉེ་བའི་སྐུལ་འོད་འཕྲོ་གྲིབ་དང་འཆར་ཡོལ་ཆེ་བ་སོགས་ཀྱི་ལག་རྩལ་རིམ་བཞིན་ཇེ་མཐོར་སོང་བར་བསྟུན་ནས4Kབརྙན་རྒྱུ་ཡི་བརྙན་ཟློས་ཀྱིས་མི་འདང་བ་རེད།ལྷག་པར་དུ་བཟོ་ལས་ཀྱི་ཁོངས་སུ་རྩེར་སོན་བཟོ་སྐྲུན་ལ། མིག་གིས་ཚད་འཇལ་བ་སོགས་ཀྱི་ཉེར་སྤྱོད་ཐད4Kབརྙན་རྒྱུ་ཡི་བརྙན་ཟློས་ཀྱིས་དགོས་མཁོ་སྐོང་མི་ཐུབ། 8Kཅན་དང་བརྙན་ཟློས་དེ་བས་གསལ་བོ་བརྒྱུད་སྤྲོད་བྱེད་པར5Gཡི་ཐགས་ཞེང་ཆེ་བའི་ཁྱད་གཤིས་ཀྱི་རམ་འདེགས་ལ་བརྟེན་དགོས་པ་ཡིན།

ང་ཚོས་ད་དུང་ཚད་འདས་དུས་འགྱང་ཐུང་བ་དང་ཚད་འདས་སྦྲེལ་མཐུད་ཆེ་བར་བལྟས་ན། སྔར་གྱི་དྲ་རྒྱའི་ཆ་རྐྱེན་འོག་ཏུ་ཉེར་སྤྱོད་མང་པོ་ཞིག་ཞིབ་འཇུག་གི་གནས་སྐབས་སུ་ཡོད་པས། ཉེར་སྤྱོད་ཀྱི་རྨང་གཞི་ནམ་ཡང་མེད། དཔེར་ན། མི་མེད་ཁ་ལོ་སྒྱུར་བའི་ལག་རྩལ་ལྟ་བུ་ནི། དྲ་རྒྱའི་དུས་འགྱང་ཚད་གཞི་ངེས་ཅན་ཞིག་ལ་མ་སླེབས་ཚེ་ལག་བསྟར་བྱེད་དཀའ་བ་ཡིན། སྤྱིར་བཤད་ན། སྔར་གྱི་སྐུད་མེད་འཕྲིན་སྐྱེལ་ལག་རྩལ་གྱི་གཞི་གྲངས་བརྒྱུད་སྤྲོད་དུས་འགྱང་ནི། ཚང་མ་ཧའོ་སྐར་ཆ30ལས་བརྒལ་ཡོད་པས། དེ་འདྲའི་དུས་འགྱང་གིས་མྱུར་སྐྱོད་གཞུང་ལམ་དུ་རྒྱུག་བཞིན་པའི་མི་མེད་ཁ་ལོ་སྒྱུར་བའི་རླངས་འཁོར་གྱིས་སྤྲིན་སྣེའི་བཀའ་བརྡ་དང་ལེན་བྱས་པའི་སྔོན་ལ་སྨི་འགའི་ཡོ་གཟུར་བྱུང་ནས་ཐོད་ཐུག་རྒྱག་ཏུ་འཇུག་སྲིད་པས། ཉེན་ཁ་ཧ་ཅང་ཆེ་བ་ཡིན། འོན་ཀྱང5Gལག་རྩལ་ཁྲོད་དུ་ཚད་གཞི་གསར་པ་བཀོལ་བས། བར་སྣང་མཐུད་ཁའི་གཞི་གྲངས་བརྒྱུད་སྤྲོད་ཀྱི་དུས་འགྱང་ནི། ཧའོ་སྐར་ཆ10ཡི་མན་དུ་ཇེ་དམའ་རུ་བཏང་བས། དུས་འགྱང་དམའ་བའི་ཁྱད་ཆོས་འདི་ནི། སྐབས་ཐོག་རང་བཞིན་གྱི་རེ་འདུན་མཐོ་བའི་རྒྱང་རིང་གཤག་བཅོས་དང་རྒྱང་རིང་ཚོད་འཛིན་སོགས་ཀྱི་ཉེར་སྤྱོད་ལ་མཚོན་ན་དོན་སྙིང་ཆེན་པོ་ལྡན་པ་རེད།

4Gཡིས་ང་ཚོའི་འཚོ་བ་བསྒྱུར་བྱུང་། 5Gཡིས་ཅི་ཞིག་བསྒྱུར་སྲིད་དམ།

སྔར“4Gཡིས་ང་ཚོའི་འཚོ་བ་བསྒྱུར”ཞེས་པའི་དྲིལ་སྒྲོག་གི་ཚིག་ཅིག་ཡོད། 4Gཡི་དུས་རབས་ལ་ང་ཚོ་ཚང་མར་མྱོང་ཚོར་ཞིག་ཐོབ་ཡོད་ངེས་ཡིན། ད་ལྟ་ལག་ཁྱེར་ཁ་པར་ནི་ཚང་མར་མེད་མི་རུང་བ་ཞིག་ཏུ་གྱུར་ཡོད་པ་མ་ཟད། མི་ལ་ལས་ལག་ཁྱེར་ཁ་པར་ནི་རང་གི་ཚེ་གྲོགས་ལས་ཀྱང་རྩ་ཆེ་ཞེས་ཀུ་རེའི་ཚུལ་གྱིས་བརྗོད་བཞིན་ཡོད། 5Gཡི་དུས་རབས་སུ་འགྱུར་ངེས་པ་ནི་སྤྱི་ཚོགས་ཧྲིལ་བོ་ཡིན།

སྤྱིར་བཏང་དུ། 5Gཡིས་སྤྱི་ཚོགས་ལ་ཕྱོགས་གསུམ་ནས་ཤུགས་རྐྱེན་ཐེབས་སྲིད་དེ།

ཕྱོགས་གཅིག་ནས། 5Gནི་སྤྱི་ཚོགས་ཀྱི་ཆ་འཕྲིན་བརྗེ་རེས་དང་སྦྲེལ་མཐུད་ཀྱི་སྲོག་རྩ་ལྟ་བུར་འགྱུར་ངེས་ཡིན། 5Gནི་རབས་སྔོན་མ་བཞིའི་ལག་ཁྱེར་འཕྲིན་སྐྱེལ་ལག་རྩལ་དང་མི་འདྲ་སྟེ། སྔར་གྱི་ལག་ཁྱེར་འཕྲིན་སྐྱེལ་ལག་རྩལ་གྱིས་གཙོ་བོ་མི་དང་མིའི་བར་གྱི་འབྲེལ་མཐུད་དང་འབྲེལ་འདྲིས་གནད་དོན་ཐག་གཅོད་པ་ཡིན། 5Gལག་རྩལ་གྱིས་ཐག་གཅོད་བྱེད་པ་ནི་མི་དང་དངོས་པོའི་བར་དང་། དངོས་པོ་དང་དངོས་པོའི་བར་གྱི་འབྲེལ་མཐུད་གནད་དོན་ཐག་གཅོད་པ་ཡིན། གསལ་བོར་བཤད་ན། 5Gདུས་རབས་སླེབས་པ་དེས་དངོས་པོ་ཡོད་དགུ་དངོས་སུ་སྦྲེལ་བ་མངོན་འགྱུར་བྱེད་ཐུབ།

དངོས་པོ་ཡོད་དགུ་སྦྲེལ་བ་དེ་ང་ཚོས་དཔེར་བརྗོད་གཅིག་གི་སྟེང་ནས་གོ་བ་བླངས་ཆོག་སྟེ། དཔེར་ན། ང་ཚོས་རྒྱུན་པར་བཀོལ་བའི་སོ་འཁྲུད་བྱེད་ཀྱི་ཕག་ཟེ་དང་ཆབ་གཞོང་ལྟ་བུ་ནི། རྗེས་ཕྱོགས་དྲ་རྒྱ་ཡོད་པའི་ཆ་རྐྱེན་འོག་ཏུ་ཕན་ཚུན་མཉམ་སྦྲེལ་མངོན་འགྱུར་བྱེད་ཐུབ། 5Gཡི་མཉམ་སྦྲེལ་ལ་བྱེད་ནུས་ཅི་ཡོད་ཅེ་ན། དཔེར་ན། སོ་འཁྲུད་བྱེད་ཀྱི་ཕག་ཟེ་ལ་དཔེར་བཞག་ན། ཕག་ཟེ་ཡིས་ཉིན་རེར་བཀོལ་སྤྱོད་བྱེད་མཁན་གྱི་མི་དེའི་སྐྱེ་ལུགས་ཁྱད་ཆོས་དང་། ལུས་པོའི་ཕྱོགས་སོ་སོའི་ཁྱད་རྟགས་འཚོལ་སྡུད་དང་ཡར་སྤྲོད་བྱས་པ་བརྒྱུད་ནས། མི་དེའི་ལུས་པོར་ནད་འབྱུང་བའི་གནས་ཚུལ་བརྡར་ཤ་གཅོད་ཐུབ།

ཕྱོགས་གཉིས་ནས། 5Gནི་ཐོན་ལས་ཀྱི་སྒྲིག་གཞི་བསྒྱུར་ཞིང་ལག་རྩལ་གོང་དུ་སྤར་བའི་འགྲོས་སྣོན་ཆས་སུ་འགྱུར་ངེས་ཡིན། ད་ལྟ“ཤེས་ནུས་ཅན”ཞེས་པའི་བཤད་ཚུལ་དེ་ཀུན་གྱི་རྣ་ལམ་དུ་བྱང་ཡོད། དོན་དངོས་སུ་ཤེས་ནུས་ཅན་དུ་འཕེལ་བའི་རྨང་གཞི་ནི་འབྲེལ་མཐུད་ཡིན། གལ་ཏེ་གཞི་གྲངས་སོ་སོ་འབྲེལ་མི་ཐུབ་ཚེ། གཞི་གྲངས་གཅིག་གྱུར་བྱེད་མི་ཐུབ་པས། ཤེས་ནུས་ཅན་ཞེས་པའང་ཡོད་མི་སྲིད། མིག་སྔར། 5Gཡིས་མཚོན་པའི་ཆ་འཕྲིན་ལག་རྩལ་གསར་པ་དེ། ལས་རིགས་སོ་སོའི་ཐོན་སྐྱེད་ཁྲོད་དུ་ཁྱབ་ནས་ལས་སྒོ་སོ་སོ་དྲ་རྒྱ་ཅན་དང་གྲངས་སྒྱུར་ཅན། ཤེས་ནུས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པས། གནད་ཆེའི་རྒྱུ་རྐྱེན་ཡོངས་ཀྱི་ཐོན་སྐྱེད་ལས་ཕྱོད་གོང་འཕེལ་དུ་འགྲོ་ངེས་ཡིན།

ཕྱོགས་གསུམ་ནས། 5Gནི་འབྱུང་འགྱུར་ཤེས་ནུས་སྤྱི་ཚོགས་ཀྱི་རྨང་རྡོ་གསར་པ་ཞིག་ཏུ་འགྱུར་ངེས་ཡིན། ལག་རྩལ་གསར་པ་མང་པོ་སྟེ། དཔེར་ན། AIལག་རྩལ་དང་འཕྲུལ་ཆས་མིའི་ལག་རྩལ་སོགས་ཚང་མ་མཇུག་མཐར་དྲ་རྒྱ་ལ་བརྟེན་དགོས། ང་ཚོས5Gལ་འདི་ལྟར་གོ་བ་བླངས་ཆོག་སྟེ། 5Gནི་རྨང་གཞིའི་འཕྲིན་སྐྱེལ་སྒྲིག་བཀོད་ཅིག་ཡིན་པས་དེ་ནི་དྲ་རྒྱ་ཞིག་ཡིན་པ་དང་།

5Gནི་མིས་བཟོས་ཤེས་ནུས་དང་། དངོས་འབྲེལ་དྲ་རྒྱ། སྤྲིན། གཞི་གྲངས་ཆེན་མོ། མུ་འགྲམ་རྩིས་རྒྱག ཁུལ་ཁོངས་ཕྲེང་སྦྲེལ་སོགས་ལག་རྩལ་གསར་པའི་འགྲོས་སྣོན་ཆས་ཤིག་ཡིན་པས། དེ་དྲ་རྒྱ་ཁོ་ན་ཙམ་མིན་པར་དེས་ལས་རིགས་སོ་སོ་གྲངས་སྒྱུར་ཅན་གྱི་སྒྲིག་གཞི་རུ་འགྱུར་བར་ནུས་ཤུགས་སྩོལ་ཐུབ་པ་ཡིན།

5Gལ་ཁྱད་ཆོས་གཙོ་བོ་གསུམ་ཡོད་པ་ལས་གཞན། ད་དུང་གནད་འགག་གི་ལག་རྩལ་གསར་པ་མང་པོ་ཞིག་ཡོད།

མི་རིགས་སློབ་གསོར་ཤུགས་སྣོན་གྱིས་གཞན་རྗེས་སྙེག་པའི་གོ་སྐབས་ལེགས་པོ།

མ་འོངས་པར5Gཡིས་སློབ་གསོའི་ཕྱོགས་ལ་འགྱུར་ལྡོག་གང་དག་སློང་ངེས་ཡིན་ཞེ་ན། འདིར་ཕྱོགས་བསྡོམས་ཤིག་བྱས་ན་འགྱུར་ལྡོག་ཆེན་པོ་གསུམ་འབྱུང་སྲིད་དེ།

འགྱུར་ལྡོག་དང་པོ་ནི། 5Gདུས་རབས་སླེབས་པ་དེས་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་བཏང་སྟེ། ང་ཚོའི་བློ་རིག་ལྡན་པའི་སློབ་གླིང་དང་། བློ་རིག་ལྡན་པའི་སློབ་གསོ་སྤྲིན་དྲ་རུ་སྦྲེལ་བའི་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་གསར་པ་མཁོ་སྤྲོད་བྱེད་ངེས་ཡིན། ང་ཚོས་ཤེས་གསལ་ལྟར། ད་ལྟ་སློབ་གྲྭ་སོ་སོར་སུན་སྣང་སྐྱེ་བའི་གནད་དོན་ཞིག་ཡོད་པ་ནི། རྒྱལ་ཁབ་ཀྱིས་སློབ་གསོ་ཆ་འཕྲིན་ཅན་དུ་བསྒྱུར་བར་ཤུགས་སྣོན་བྱེད་བཞིན་པའི་ལོ་འདི་དག་གི་ནང་དུ། ཕྱོགས་སོ་སོའི་ལག་རྩལ་སྟོབས་ཤུགས་ཀྱིས་སློབ་གྲྭ་རུ་ཆ་འཕྲིན་ཅན་དུ་བསྒྱུར་བའི་མ་ལག་མང་པོ་བསྐྲུན་ཡོད་ནའང་། ཆ་འཕྲིན་ཅན་གྱི་ཉེར་སྤྱོད་མི་འདྲ་བར་དྲ་རྒྱའི་དགོས་མཁོའང་མི་འདྲ་བ་ཡོད་པས། ཉེར་སྤྱོད་ཁ་ཤས་ཤིག4Gཡི་ཆ་རྐྱེན་འོག་ཏུ་བཀོལ་མི་ཐུབ། དེ་བས་སློབ་གྲྭས་ཡང་བསྐྱར་རང་ཉིད་ཀྱིWIFIམ་ལག་དང་ཁྱབ་ཆུང་དྲ་རྒྱའི་མ་ལག་བཙུགས་ཏེ། ཆ་འཕྲིན་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་ཁྲོད་སློབ་གྲྭ་རུ་ཁེར་རྐྱང་གི་ཆ་འཕྲིན་གླིང་ཕྲན་ཆགས། ཁེར་རྐྱང་གི་ཆ་འཕྲིན་གླིང་ཕྲན་ལ་ཞན་ཆ་ཅི་ཡོད་ཅེ་ན། གཅིག་ནས་བྱ་བ་མི་འདྲ་བ་དག་མ་ལག་མི་འདྲ་བར་ཞུགས་ནས་བསྒྲུབ་དགོས་པས། དགེ་རྒན་གྱི་བྱ་བར་དཀའ་ཚེགས་ཆེན་པོ་བཟོ་བ་དང་། གཉིས་ནས་ཆ་འཕྲིན་གྱི་མ་ལག་དེ་དག་ཏུ་བསགས་པའི་གཞི་གྲངས་མང་པོ་མཉམ་དུ་འདྲེས་མི་ཐུབ་པས། སློབ་གསོའི་གཞི་གྲངས་ཆེན་པོའི་ནུས་པ་དངོས་འདོན་མི་ཐུབ། གཞན་ཡང་། ད་དུང་སློབ་གྲྭའི་ཆ་འཕྲིན་མ་ལག་སྲུང་སྐྱོབ་ཐད་དུའང་དཀའ་ཚེགས་ཆེན་པོ་བཟོ་བ་རེད།

5Gདུས་རབས་སླེབས་རྗེས། སློབ་གྲྭའི་ཁེར་རྐྱང་གི་ཆ་འཕྲིན་གླིང་ཕྲན་གྱི་རྣམ་པ་ཐག་གཅོད་བྱེད་ཐུབ་ངེས་ཡིན། སྔར་ཆ་རྐྱེན་གྱི་ཚོད་འཛིན་ཐེབས་པས་སློབ་གྲྭས་གཙོ་བོWIFIདྲ་རྒྱ་བཀོལ་བ་ཡིན། WIFIདྲ་རྒྱ་ཡིས་སྤྱིའི་བརྒྱུད་ལམ་བཀོལ་བཞིན་ཡོད་པས། དེར་འགལ་རྐྱེན་འབྱུང་སླ་བ་མ་ཟད། ད་དུང་ཚིགས་ཚེག་རེས་འདོན་སྤྲོད་བྱེད་པའི་སྦྲེལ་མཐུད་གྲངས་ལ་ཚད་བཀག་ཡོད་པ་དང་།བཀོལ་སྤྱོད་སྐབས་རྒྱུན་པར་ཇེ་དལ་དུ་འགྲོ་བའམ་སྐུད་ལམ་ཆད་པ་སོགས་ཀྱི་གནད་དོན་འབྱུང་བས། བཀོལ་སྤྱོད་ཀྱི་ཚོར་སྣང་སྐྱིད་པོ་ཞིག་མིན་ལ། ཆ་འཕྲིན་གྱི་བདེ་འཇགས་ལའང་ཁག་ཐེག་བྱེད་དཀའ། 5Gམངོན་འགྱུར་བྱུང་བ་དེས་སློབ་གྲྭའི་ཆ་འཕྲིན་ཅན་གྱི་ཉེར་སྤྱོད་དྲ་རྒྱར་འཛོམ་དགོས་པའི་དགོས་མཁོ་ཐམས་ཅད་སྐོང་ཐུབ་པས། དྲ་རྒྱ་མཉམ་འདྲེས་ཆེན་པོ་བྱེད་པའི་རྨང་གཞིའི་ཆ་རྐྱེན་ལྡན་པར་བྱས།འགྱུར་ལྡོག་གཉིས་པ་ནི། 5Gཡིས་སློབ་གསོར་ཉེར་སྤྱོད་གསར་པ་སྐྱེལ་ཡོང་ངེས་ཡིན།5G+AICDEལག་རྩལ་དང་སློབ་གསོའི་སློབ་ཁྲིད་རྣམ་པ་མཉམ་འདྲེས་གཏིང་ཟབ་བྱེད་ཐུབ་པ་དེས་ཁྲིད་པ་དང་སློབ་པའི་རྣམ་པ་བསྒྱུར་ངེས་ཡིན། སློབ་ཁྲིད་ཀྱི་རྣམ་པའི་སྟེང་ནས5Gཡིས་བསླབ་ཚན་གྱི་རྣམ་པ་སྒྱུར་རོགས་བྱེད་ཐུབ་པ་དང་། ཆ་འཕྲིན་ཀུན་འདུས་འཕྲོ་གྲིབ་ལག་རྩལ་ལ་འབྲེལ་ཏེ་ཡུལ་དུས་དང་ཡུལ་དངོས་བརྒལ་བའི་རྒྱང་རིང་སློབ་ཁྲིད་སྐྱེལ་འོངས་པས། ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་བསྐྱོད་ནས་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་ཐུབ། དེ་དང་ཆབས་ཅིག5Gཡིས་སློབ་སྦྱོང་བྱེད་མཁན་ལ་ངོས་འཛིན་བྱེད་སྟངས་སྒྱུར་རོགས་བྱེད་པ་དང་། AR/VRལག་རྩལ་ལ་ཟུང་འབྲེལ་བྱས་ཏེ་དངོས་ཟོལ་ཟུང་འབྲེལ་དང་དངོས་ཁྲིད་རྣམ་པའི་སློབ་ཁྲིད། ཟབ་ཞུགས་རྣམ་པའི་ཉམས་ལེན་སློབ་ཁྲིད་བཅས་བསྩལ་ནས། སློབ་སྦྱོང་བྱེད་མཁན་ལ་རང་འགུལ་ངང་ཤེས་བྱ་གསར་གཏོད་བྱེད་པར་རོགས་རམ་བྱེད་ཐུབ།

འགྱུར་ལྡོག་གསུམ་པ་ནི། 5Gཡིས་སློབ་གསོར་རྣམ་པ་གསར་པ་ཞིག་སྐྱེལ་ཡོང་ངེས་ཡིན། མི་རིགས་ས་ཁུལ་ལ་མཚོན་ན་སྔོན་ཐོན་གྱི་སློབ་ཁྲིད་བྱེད་ཐབས་སྤྱོད་པར་མཇུག་མཐར་ཐག་གཅོད་བྱ་དགོས་པ་གཙོ་བོ་ནི། སློབ་གསོའི་ཐོན་ཁུངས་འདྲ་མཉམ་མིན་པའི་གནད་དོན་དེ་ཡིན། སློབ་གསོའི་ཐོན་ཁུངས་ལེགས་པོ་ཕྱིར་འདོན་མི་ཐུབ་པར་རྒྱང་རིང་སློབ་ཁྲིད་ཁོ་ནར་བརྟེན་ན་ནུས་པ་ཆེན་པོ་འདོན་མི་ཐུབ། དེར་བརྟེན་ད་དུང་སློབ་གསོའི་གནས་བབ་གསར་པ་ཞིག་ངེས་པར་དུ་འཛུགས་དགོས་པ་དང་། སློབ་གསོའི་གནས་བབ་གསར་དུ་འཛུགས་དགོས་ན། 5Gདུས་རབས་ནི་གོ་སྐབས་བཟང་པོ་ཞིག་ཡིན། ལག་རྩལ་གསར་པ་སླེབས་པའི་སྐབས་འདིར་ཞིབ་འཇུག་ལས་ཁུངས་དང་སློབ་གསོའི་ལས་ཁུངས་ཁ་ཤས་ལ། སློབ་གསོའི་བྱེད་སྟངས་གསར་པ་སྒྲུབ་པའི་ཐད་སྒུལ་ཤུགས་སྔར་ལས་ཆེ་བ་ཡོད་ངེས་པས། གོ་སྐབས་འདི་སྤྱད་ནས་སློབ་གསོའི་གནས་བབ་གསར་པའི་མཉམ་འབྲེལ་འཛུགས་སྐྲུན་བྱས་ཆོག

མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ལ་མཚོན་ན། བདག་གིས་བལྟས་ན5Gལ་དོན་སྙིང་ཆེན་པོ་ལྡན་པ་རེད། ཆེད་ལས་མཁས་པ་དང་མཁས་དབང་མི་ཉུང་བ་ཞིག་གིས། ད་ལྟ་སློབ་གསོ་ཆ་འཕྲིན་ཅན་དུ་གྱུར་པ་དང་བསྟུན་ནས་མི་རིགས་ས་ཁུལ་དང་། མཚོ་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་བར་གྱི་ཁྱད་པར་ནི་ངོ་མ་བཤད་ན། ཇེ་ཆུང་དུ་འགྲོ་བ་མིན་པར་ཇེ་ཆེར་འགྲོ་བཞིན་ཡོད་ཟེར། མི་རིགས་ས་ཁུལ་དང་དར་རྒྱས་ཆེ་བའི་ས་ཁུལ་བར་གྱི་སློབ་གསོའི་ཆུ་ཚད་ཀྱི་ཁྱད་པར་ཇེ་ཆུང་དུ་གཏོང་དགོས་ན། 5Gདུས་རབས་སླེབས་པ་ནི་གོ་སྐབས་ལེགས་པོ་ཞིག་ཡིན་ཏེ། དེའི་རྒྱུ་མཚན་ནི5Gཡིས་བསྩལ་པའི་ཁྲིད་ཐབས་གསར་པ་དང་ཡུལ་རྣམ་གསར་པའི་ཉེར་སྤྱོད་འོག མི་ཚང་མའི་མགོ་རྩོམ་གནས་ཕལ་ཆེར་འདྲ་མཉམ་ཡིན། གནས་སྐབས་འདིར་གལ་ཏེ་མི་རིགས་ས་ཁུལ་གྱིས། 5Gལག་རྩལ་བེད་སྤྱོད་གང་ལེགས་བྱས་ནས་ཉེར་སྤྱོད་གསར་པ་བཀོལ་ན། འཕེལ་རྒྱས་གཏོང་སྟངས་ཐད་དར་རྒྱས་ཆེ་བའི་ས་ཁུལ་དང་དཔུང་བ་མཉམ་གཤིབ་ཀྱིས་མདུན་དུ་སྐྱོད་ཐུབ་པ་རེད།

མིག་སྔར། 5Gཡི“ཕྱེ་མ་ལེབ”ཀྱི་གཤོག་ཟུང་བརྐྱངས་བྱུང་བས། འཛམ་གླིང་ལ་སྔར་ལས་ཆེ་བའི་འགྱུར་ལྡོག་ཅིག་སློང་ངེས་ཡིན་ཏེ། ང་ཚོས་མཉམ་དུ་འབྱུང་འགྱུར་ལ་རེ་སྒུག་བྱེད་པར་བྱ། །



 སང་རྒྱན། ཀྲུང་གོའི་ལག་ཁྱེར་འཕྲིན་སྐྱེལ་ཁྲེང་ཏུའུ་ཐོན་ལས་ཞིབ་འཇུག་གླིང་ལས་རིགས་ཉེར་སྤྱོད་ལྟེ་གནས་ཀྱི་སྤྱི་གཉེར་པ་གཞོན་པ་ཡིན།
* བན་དེ་བཀྲ་ཤིས། མཚོ་སྔོན་མི་རིགས་སློབ་གཞི་རྩོམ་སྒྱུར་ལྟེ་གནས་སུ་ཕྱག་ལས་གནང་བཞིན་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1