ཨ་རིས“སློབ་སྦྱོང་གཏིང་ཟབ་བྱེད་པ”ཞེས་པར་ལོ་ངོ40རིང་ཞིབ་འཇུག་བྱས་པར་ཕྱིར་དྲན་དང་དཔེ་ལྟ་བྱེད་པ།

སྐལ་བཟང་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22


དང་པོ། ཨ་རིས“སློབ་སྦྱོང་གཏིང་ཟབ་བྱེད་པ”ཞེས་པར་ཞིབ་འཇུག་བྱས་པའི་ལོ་རྒྱུས་འཕེལ་འགྱུར།

དུས་རབས20པའི་དུས་མཇུག་ཏུ་སླེབས་པ་ནས་བཟུང་། ཀླད་པའི་ཚན་རིག་དང་། ཤེས་རྟོགས་ཚན་རིག མིས་བཟོས་རིག་ནུས་བཅས་ཀྱི་ཁྱབ་ཁོངས་ལ་ཞིབ་འཇུག་བྱེད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། སློབ་སྦྱོང་དང་སློབ་ཁྲིད་ཐད་ཀྱི་ཞིབ་འཇུག་ཀྱང་ཆེས་ཐོག་མའི་དོ་སྣང་དང་ལག་རྩལ་ཙམ་ནས། རིམ་བཞིན་གཏིང་ཟབ་པའི་སློབ་སྦྱོང་གི་དོན་སྙིང་དང་བརྒྱུད་རིམ་གྱི་ཕྱོགས་སུ་བསྒྱུར། དམའ་རིམ་གྱི་མཚོན་རྟགས་ཤེས་བྱའི་སློབ་སྦྱོང་ལས་བརྒལ་ཏེ་སློབ་སྦྱོང་གཏིང་ཟབ་བྱེད་པར་དོ་སྣང་བྱས། ཐུན་མོང་ཤེས་བྱར་དོན་གཉེར་བྱེད་པའི་མི་སྒེར་གྱི་དོན་སྙིང་དེ་རྒྱལ་སྤྱིའི་སློབ་ཁྲིད་བཅོས་སྒྱུར་གྱི་གཞི་རྩའི་ཁ་ཕྱོགས་སུ་གྱུར་ཡོད།

དུས་རབས20པའི་ལོ་རབས60པར། ཨ་རིའི་སློབ་གྲྭ་ཆུང་འབྲིང་གིས། པུའུ་ལུའུ་ན་ཡི་ཤེས་རྟོགས་རིགས་པའི་གཞུང་ལུགས་གཞིར་བཟུང་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་ཚན་དང་སློབ་ཁྲིད་ལ་གཞི་ཁྱོན་ཆེ་བའི་བཅོས་སྒྱུར་བྱེད་མགོ་ཚུགས། འོན་ཀྱང་། སྟོབས་ཆེ་བའི་སློབ་ཚན་དང་སློབ་ཁྲིད་བཅོས་སྒྱུར་དེས་སྔོན་དཔག་གི་དམིགས་ཡུལ་མ་འགྲུབ་པ་ནི། བཅོས་སྒྱུར་བྱས་རྗེས་ཀྱི་སློབ་ཚན་གྱི་ནང་དོན་ཨ་རིའི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་དོན་དངོས་དང་ཁ་བྲལ་བ་དང་། སློབ་ཁྲིད་དུ་འཕྲུལ་ཆས་རང་བཞིན་གྱི་དྲན་ཤེས་ནན་བཤད་ཐལ་དྲགས་པར་བྱས་ནས། ལས་གནས་དང་པོའི་དགེ་རྒན་རྣམས་ཀྱིས།“ངེས་པར་དུ་ཡིད་ལ་འཛིན་དགོས་པ་དང་བྱང་ཆུབ་དགོས་པའི་སློབ་དེབ་ལ་སྦྱོང་བརྡར་བྱེད་པའི་ཐབས་ལམ་སྤྱོད་དགོས་པ་ལས། ཡིད་ལ་འཛིན་པ་དང་སྦྱོང་བརྡར་བྱེད་པ་དེ་ནི་བྲོ་མེད་ཅིག་ཏུ་བསམ་མི་རུང་སྟེ”། དེ་ལྟར་བྱས་ན“དམའ་རིམ་སློབ་སྦྱོང”གི་དབང་དུ་གྱུར་ནས་སློབ་གསོའི་སྤུས་ཚད་ཇེ་ཞན་དུ་འགྲོ་སྲིད།

རྒྱུ་རྐྱེན་དེའི་དབང་གིས་ཨ་རིས་དུས་རབས20པའི་ལོ་རབས70པར“རྨང་གཞིའི་སློབ་གསོ་སླར་གསོ་བྱེད་པའི་ལས་འགུལ”སྤེལ་ནས། ཡང་བསྐྱར་སློབ་གསོའི་སྤུས་ཚད་ཇེ་ཞན་དུ་འགྲོ་བའི་དཀའ་ངལ་སེལ་དགོས་བྱུང་། ལས་འགུལ་དེའི་ནང་། མཁས་པ་ཁ་ཤས་ཀྱིས། སློབ་མའི་སློབ་སྦྱོང་གི་གོ་རིམ་དང་། སློབ་སྦྱོང་བྱེད་ཐབས་སོགས་ཀྱི་ཁྱབ་ཁོངས་གཞིར་བཟུང་སྟེ། སློབ་གསོའི་བརྒྱུད་རིམ་དེ་ཞིབ་འཇུག་དང་རྩད་གཅོད་བྱེད་པའི་གཞི་འཛིན་ས་བྱས་ནས། སྤྱི་ཚོགས་འཕོ་འགྱུར་ཁྲོད་ཀྱི་སློབ་གསོའི་གནད་དོན་ལ་ཐག་གཅོད་བྱེད་ཐབས་བཏོན་པ་དང་། སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་བྱེད་པ་ནི་སྐབས་དེར་བྱུང་བ་ཞིག་རེད།

“སློབ་སྦྱོང་གཏིང་ཟབ་བྱེད་པ”ཞེས་པའི་ཐ་སྙད་འདི་ནི། ཧྥེ་ལུན་སི•མ་ཏུན་དང་ལུའོ་ཅེ•སར་ཆའོ་གཉིས་ཀྱིས། 1976ལོར《སློབ་སྦྱོང་གི་ངོ་བོའི་ཁྱད་པར་ཏེ། མཇུག་འབྲས་དང་བརྒྱུད་རིམ》ཞེས་པའི་རྩོམ་ཡིག་ནང་ཐོག་མར་བཏོན་པ་རེད། 1976ལོའི་རྗེས་སུ། ཨ་རིས་སློབ་སྦྱོང་གཏིང་ཟབ་བྱེད་པའི་སྐོར་ལ་ཞིབ་འཇུག་བྱེད་པའི་རྩོམ་ཡིག་གི་གྲངས་འབོར་སྤྱི་ཡོངས་ནས་འཕེལ་བཞིན་ཡོད་མོད། འོན་ཀྱང་བསྡོམས་འབོར་བལྟོས་བཅས་ཀྱིས་ཅུང་ཉུང་། དོན་སྤྱི་དང་འབྲེལ་བའི་གཞུང་ལུགས་སྐོར་ལ་གཅིག་བསྡུས་ཀྱིས་ཞིབ་འཇུག་བྱས་ཡོད། 2000ལོའི་རྗེས་སུ། མཁས་པ་རྣམས་ཀྱིས་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཐབས་ལམ་ལ་འཚོལ་ཞིབ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས། དེའི་ཞིབ་འཇུག་ཁྱབ་ཁོངས་རྒྱ་ཆེར་བཏང་བ་དང་། སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་བྱེད་པར་འཕེལ་རྒྱས་ཀྱི་དུས་སྐབས་བསུས།
2012ལོར་ཨ་རིའི་སློབ་སྦྱོང་གཏིང་ཟབ་བྱེད་པ་ཞེས་པའི་གྲོས་མགོ་འདོན་མཁན་གྱི་སྒྲིག་གཞི་གཙོ་བོ་སྟེ“ཨ་རིའི་ཞིབ་འཇུག་ཨུ་ཡོན་ལྷན་ཚོགས”ཀྱིས། སློབ་སྦྱོང་གཏིང་ཟབ་བྱེད་པའི་ནུས་པ་དེ་ཤེས་རྟོགས་ཀྱི་ཁྱབ་ཁོངས་དང་། མི་དང་མིའི་བར་གྱི་ཁྱབ་ཁོངས། མི་སྒེར་གྱི་ཁྱབ་ཁོངས་བཅས་གསུམ་དུ་བརྩིས་པ་རེད། ཝེ་ལེན་དང་ཧྥུ་ལོ་ལ•ཞིའུ་ལི་ཐེ་ཐེབས་རྩ་ལྷན་ཚོགས་ཀྱིས། བརྒྱུད་རིམ་ལྡན་པའི་སྒོ་ནས་དབྱེ་ཞིབ་དང་ཕྱོགས་བསྡུས་བྱས་པ་བརྒྱུད།“སློབ་སྦྱོང་གཏིང་ཟབ་བྱེད་པའི”བྱང་ཚད་ཀྱི་གཞི་རྩའི་སྒྲོམ་གཞི་བཏོན་ཏེ། ལྟེ་བའི་རིག་གཞུང་གི་ནང་དོན་ཁོང་དུ་ཆུད་པ་དང་། མཐའ་དཔྱོད་རང་བཞིན་གྱིས་བསམ་གཞིག་བྱེད་པ་དང་། རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་པ་སོགས་ནུས་པ་གཙོ་བོ་དྲུག་གི་འཕེལ་རྒྱས་ལ་འགྲེལ་བཤད་བརྒྱབ་ཡོད།

2013ལོ་ནས་བཟུང་། སློབ་སྦྱོང་གཏིང་ཟབ་བྱེད་པའི་ཁྱབ་ཁོངས་ཀྱི་ཞིབ་འཇུག་དེ་རིགས་པའི་གཞུང་ལུགས་ལ་བརྟེན་ནས། དབྱེ་ཞིབ་བྱེད་པ་ནས་ལག་ལེན་དངོས་ཀྱིས་འཚོལ་ཞིབ་བྱེད་པར་བསྒྱུར་ཏེ། སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ་དང་སློབ་གསོ་དྲང་གཞག་ཡོང་བར་སྐུལ་འདེད་གཏོང་བའི“སློབ་སྦྱོང་གཏིང་ཟབ་བྱེད་པའི”ལས་འགུལ་དེ་སྤེལ་གང་ཐུབ་བྱས། ཝེ་ལེན་དང་ཧྥུ་ལོ་ལ•ཞིའུ་ལི་ཐེ་ཐེབས་རྩ་ཚོགས་པས། ད་ལྟ་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་བྱེད་པའི་ཁྲོད་དུ་།
ཨ་རིའི་ཞིབ་འཇུག་མཐུན་ཚོགས་ཀྱིས། ཇུས་འགོད་དང་ལག་བསྟར་བྱས་པའི“སློབ་སྦྱོང་ཞིབ་འཇུག་གཏིང་ཟབ”བྱེད་པའི་རྣམ་གྲངས་དང་། “སློབ་སྦྱོང་གཏིང་ཟབ་བྱེད་པའི་དྲ་རྒྱའི”རྣམ་གྲངས་ལ་རིགས་པའི་གཞུང་ལུགས་འཕེལ་རྒྱས་སམ། ཡང་ན་ལག་ལེན་གསར་གཏོད་གང་གི་ཐད་ནས་ཀྱང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང་། ཨ་རིས་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་བྱེད་པར་ལམ་ཚད་རྡོ་རིང་གསར་པ་ཞིག་བསླངས་འདུག་ཅེས་བསྟན།

གཉིས་པ། རང་རྒྱལ་གྱི་འབྲེལ་ཡོད་ཞིབ་འཇུག་ལ་དཔེ་ལྟ་བྱེད་དགོས།

1.རིགས་པའི་གཞུང་ལུགས་ཞིབ་འཇུག་ཐད་སློབ་སྦྱོང་གཏིང་ཟབ་བྱེད་པའི་གོ་དོན་ཁ་གསལ་ཡིན་དགོས།

རང་རྒྱལ་གྱི་མཁས་པ་རྣམས་ཀྱིས། རིག་གཞུང་ཞིབ་འཇུག་ཏུ་ཕྱི་རྒྱལ་གྱི་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཐད་ནས་ལུང་འདྲེན་བཞིན་ཡོད། ཡང་མཁས་པ་ལ་ལས། སློབ་སྦྱོང་གཏིང་ཟབ་བྱེད་པ་ནི་མཐའ་དཔྱོད་རང་བཞིན་གྱི་བསམ་གཞིག་ནན་བཤད་བྱེད་པའི་སློབ་སྦྱོང་བྱེད་སྟངས་ཤིག་ཡིན་པར་ངོས་འཛིན་བཞིན་ཡོད། ཡིན་ན་ཡང་། སློབ་ཁྲིད་དང་སློབ་སྦྱོང་བྱེད་སྟངས་གསར་པ་ཞིག་དར་སྤེལ་གཏོང་སྐབས། ཐོག་མར་དོན་སྤྱིར་དབྱེ་ཞིབ་གསལ་པོོ་བྱེད་དགོས་མོད། འོན་ཀྱང་སློབ་སྦྱོང་གཏིང་ཟབ་བྱེད་པའི་ནང་དོན་ལ་དབྱེ་ཞིབ་བྱེད་སྐབས། སློབ་ཚན་གསར་པ་བཅོས་སྒྱུར་ཁྲོད་དར་སྤེལ་བཏང་བའི་སློབ་སྦྱོང་བྱེད་སྟངས་སྣ་ཚོགས་ལ་དབྱེ་འབྱེད་བྱེད་མཁན་ཤིན་ཏུ་ཉུང་།

2.རྩེ་རིམ་ཇུས་འགོད་ཐད་སློབ་སྦྱོང་གཏིང་ཟབ་བྱེད་པའི་དམིགས་ཚད་མ་ལག་འཛུགས་དགོས།

རང་རྒྱལ་ཡང་ཨ་རིས་བཏོན་པའི《དུས་རབས21པའི་རྩལ་ནུས་སྒྲོམ་གཞི》 དང་ཕལ་ཆེར་ཆ་མཚུངས་པའི་འཕེལ་རྒྱས་ཀྱི་གོ་སྐབས་དང་ཕྲད་ཡོད། དེ་བས། ང་ཚོས་ཨ་རིའི《དུས་རབས21པའི་རྩལ་ནུས་སྒྲོམ་གཞིའི》ཇུས་འགོད་ལས།“སློབ་སྦྱོང་གཏིང་ཟབ་བྱེད་པའི་སྒྲོམ་གཞིའི”སྐོར་གྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས་སློབ་སྦྱོང་གཏིང་ཟབ་དང་ལྟེ་བའི་བྱང་ཚད་སྦྲེལ་མཐུད་གང་ལེགས་བྱེད་དགོས། རྩེ་རིམ་ཇུས་འགོད་ཐད་སློབ་སྦྱོང་གཏིང་ཟབ་བྱེད་པའི་དམིགས་ཚད་མ་ལག་བཙུགས་ནས། སློབ་སྦྱོང་དང་སློབ་ཁྲིད་གཏིང་ཟབ་བྱེད་པའི་ལག་ལེན་འཚོལ་ཞིབ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

3. སློབ་གསོའི་ལག་ལེན་ཁྲོད་འབྲེལ་ཡོད་དངོས་དཔང་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས།

2012ལོ་ནས་བཟུང་། ཨ་རིའི་གཏིང་ཟབ་སློབ་སྦྱོང་ཁྱབ་ཁོངས་ལ་ཞིབ་འཇུག་བྱེད་པ་དེ་གཞུང་ལུགས་དབྱེ་ཞིབ་ནས་ལག་ལེན་འཚོལ་ཞིབ་ཏུ་བསྒྱུར་ཏེ། ལག་ལེན་དངོས་ཀྱི་ཐོག་ནས་སློབ་སྦྱོང་གཏིང་ཟབ་བྱེད་པའི་སློབ་སྦྱོང་གི་བརྒྱུད་རིམ་དང་། སློབ་སྦྱོང་བྱེད་སྟངས་སོགས་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱ་རྒྱུ་གཙོ་བོར་འཛིན་པ་དང་། ཞར་དུ་སློབ་སྦྱོང་གཏིང་ཟབ་བྱེད་པའི་གདེང་འཇོག་ཞིབ་འཇུག་ལ་མཐོང་ཆེན་བྱ་དགོས། འོན་ཀྱང་། རང་རྒྱལ་གྱི་མིག་སྔའི་སློབ་སྦྱོང་གཏིང་ཟབ་བྱེད་པའི་ཁྱབ་ཁོངས་སུ། སློབ་ཚན་ལག་ལེན་ཕྱོགས་ཀྱི་དོན་དངོས་ཁུངས་སྐྱེལ་གྱི་ཞིབ་འཇུག་བྱས་པ་ཉུང་ལ། སློབ་སྦྱོང་གི་ཕྱོགས་སྟོན་རང་བཞིན་གསལ་པོ་མེད། །

(《ཕྱི་རྒྱལ་གྱི་སློབ་གསོ་ཞིབ་འཇུག》2019ལོའི་པར་ཐེངས་དང་པོ་ལས་བདམས་ཏེ་བོད་ཡིག་ཏུ་བསྒྱུར། ཀའོ་ཧུང་ཧའེ་དང་དབྱི་ཧུང་པའོ་གཉིས་ཀྱིས་བརྩམས།)


* སྐལ་བཟང་རྒྱལ། མཚོ་སྔོན་མི་རིགས་སློབ་གཞི་རྩོམ་སྒྱུར་ལྟེ་གནས་སུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1