ཀན་ལྷོའི་སྲོལ་རྒྱུན་བཟའ་བཏུང་རིག་གནས་ཀྱི་འཕོ་འགྱུར་བཤད་པ།

ལྷ་མོ་ཚེ་རིང། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22


དང་པོ། བོད་ཀྱི་བཟའ་བཏུང་གི་སྤྱི་ཁོག་དང་བཟའ་བཏུང་གི་གོམས་སྲོལ་བཤད་པ།

1.བཟའ་བཏུང་རིག་གནས་ཀྱི་སྤྱི་ཁོག་བཤད་པ།

བོད་ནི་ས་ཁམས་ཁོར་ཡུག་དང་གནམ་གཤིས་ཆ་རྐྱེན་དམིགས་བསལ་ཅན་གྱི་མཚོ་བོད་མཐོ་སྒང་དུ་འཚོ་ཞིང་། དམིགས་བསལ་གྱི་ཁོར་ཡུག་འདི་འདྲ་ཞིག་གི་འོག་ཏུ་བོད་མི་རིགས་རང་ཉིད་ཀྱིས་ཐུན་མོང་མ་ཡིན་པའི་བཟའ་བཏུང་གི་རིག་གནས་ཤིག་སྐྲུན་པ་རེད། འབྲེལ་ཡོད་དཔྱད་གཞི་ལྟར་ན་བོད་ཀྱི་བཟའ་བཏུང་རིག་གནས་ལ་དུས་རིམ་གསུམ་གྱི་དབྱེ་སྟངས་ཤིག་ཡོད་པར་བཞེད་པ་ལ། དུས་རིམ་དང་པོ་ནི་སྤྱི་ལོའི་དུས་རབས་དྲུག་པ་ནས་བཟུང་ཕྱི་ཕྱོགས་སུ་རིག་གནས་སྤེལ་རེས་དང་བརྗེ་རེས་ཀྱི་ཐབས་ལམ་རྒྱ་སྐྱེད་དུ་བཏང་ནས། རིག་གནས་སྤེལ་རེས་དང་རིག་གནས་ཉོ་ཚོང་འཕེལ་རྒྱས་འགྲོ་བའི་རྣམ་པ་ཞིག་ཆགས། ལྷག་པར་དུ་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་ཐང་རྒྱལ་རབས་ཀྱི་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས་པའི་དུས་སྐབས་སུ། བོད་རྒྱ་མི་རིགས་ཀྱི་མི་རིགས་མཐུན་འབྲེལ་ལ་སྐུལ་འདེད་ཐེབས་པ་དང་བོད་རྒྱ་མི་རིགས་ཀྱི་རིག་གནས་སྤེལ་རེས་དང་མཉམ་འདྲེས་བྱེད་པའི་འབྲེལ་ཟམ་ཞིག་བཙུགས་ཡོད་པས། བཟའ་བཏུང་རིག་གནས་ཀྱི་འཕེལ་རྒྱས་ལ་སྔར་བྱུང་མ་མྱོང་བའི་གོ་སྐབས་ཤིག་བསྐྲུན་ཡོད། དུས་རིམ་གཉིས་པ་ནི་དུས་རབས་18པར་ཆིང་རྒྱལ་རབས་ཀྱི་གོང་མ་ཀོང་ཞིའི་དབང་སྒྱུར་དུས་སྐབས་སུ། གོང་མའི་ཕོ་བྲང་ནང་གི་བཟའ་བཏུང་ལ་རྒྱ་ཟས་ལུགས་བཅོ་བརྒྱད་ཅེས་འབོད་པའི་བཟའ་བཏུང་ལ་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད་པ་རེད། དུས་རིམ་གསུམ་པ་ནི་དུས་རབས་ཉི་ཤུ་པར་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན་ནས། ཕྱི་ཕྱོགས་སུ་སྒོ་ཕྱེས་ཏེ་བོད་དང་ཕྱི་ཕྱོགས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གྱུར་ནས། བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པས་བོད་ཀྱི་རིག་གནས་དང་ཕྱིའི་རིག་གནས་ཀྱི་བར་ལ་སྔར་ལས་མང་བའི་བརྗེ་རེས་ཀྱི་གོ་སྐབས་བྱུང་བས། བོད་ཀྱི་བཟའ་བཏུང་ཡང་ཚོང་ལས་ཅན་དུ་གྱུར་ནས་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ཁྱབ་པར་གྱུར། བོད་ནི་མཐོ་སྒང་དུ་འཚོ་བས། གཙོ་བོ་ས་མཐོའི་ཕྱུགས་ལས་གསོ་སྤེལ་དང་འབྲུ་རིགས་འདེབས་འཛུགས་ལ་བརྟེན་ནས་མི་རིགས་རང་གི་བཟའ་བཏུང་རིག་གནས་གསར་གཏོད་བྱས་པ་རེད། བཟའ་བཏུང་གི་རིགས་ལ་རྩམ་པ་དང་ཞོ། འོ་མ། མར། ཕྱུར་བ། སྐམ་ལུག་གི་ཤ། ཇ་བསྲུབས་མ་སོགས་སོ། །

2.འཚོ་བའི་ཁྲོད་ཀྱི་བཟའ་བཏུང་གི་གོམས་སྲོལ།

བོད་ཀྱི་འཚོ་བའི་ནང་དུ་བཟའ་བཏུང་གི་རིགས་མང་པོ་ཡོད་པ་ལ་དཀར་ཟས་དང་དམར་ཟས་ཏེ་ཧ་ལམ་རིགས་ཆེན་པོ་གཉིས་སུ་ཕྱེས་ཡོད། གོ་དོན་རྒྱ་ཆེ་བའི་ཐོག་ནས་དམར་ཟས་ནི་སྲོག་ཆགས་ལས་བྱུང་བ་དང་། དཀར་ཟས་ནི་རྩི་ཤིང་གི་རིགས་ལས་བྱུང་བ་ཞིག་ལ་བྱ། དམར་ཟས་ནི་ཤ་རིགས་གཙོ་བྱས་པ་དང་། དཀར་ཟས་ནི་རྩི་ཤིང་གཙོ་བྱས་པའི་ཚལ་རིགས་སམ་ཡང་ན་ཟ་མའི་ཁྲོད་ཤ་མེད་པའི་བཟའ་རིགས་ལ་ཟེར་བ་ཡིན། ཡིན་ཡང་ཁྲོན་ཚལ་གྱི་དཀར་ཟས་ཁྲོད་དུ་ཤ་མེད་པ་ནི་དཀར་ཟས་ཀྱི་རིགས་ཡིན་པའི་ངེས་པ་ཡང་མ་མཆིས། བོད་ཀྱི་བཟའ་བཏུང་གི་རིགས་ལ་ཕྱེ་རིགས་དང་དྲོད་ཚལ། བཙོས་ཚལ། སྣུམ་ཚིལ་ཅན་གྱི་རིགས་སོགས་བཟའ་རིགས་ལྔ་ཡོད་དེ། དེའི་ནང་དུ་ཕྱེ་རིགས་ལ་རྩམ་པ་དང་སྲན་ཕྱེ་སོགས་ཡོད་པ་དང་། སྐམ་ལུག་གི་གྲོད་པུ། དྲོད་ཚལ་དང་སྐམ་ལུག་གི་ཤ་བསྲེགས་མ་སོགས། བཙོས་ཚལ་ལ་སྐམ་ལུག་གི་ཤ་བཙོས་མ་སོགས་ཡོད། སྣུམ་ཚིལ་ཅན་གྱི་རིགས་ལ་འོ་མ་དང་མར་དང་ཞོ་སོགས་ཡོད། སྟོན་དང་དགུན་ལ་དྲོད་དང་སྣུམ་ཅན་གྱི་བཟའ་རིགས་སྤྱོད་པ་དང་། དཔྱིད་དང་དབྱར་ལ་འཁྱགས་རིགས་ཀྱི་བཟའ་བཏུང་སྤྱོད་བཞིན་ཡོད།

གཉིས་པ། སྲོལ་རྒྱུན་སྨྱུང་གནས་ཀྱི་བཟའ་བཏུང་གི་འཛེམ་བྱ།

སྨྱུང་གནས་ནི་དགེ་སྒྲུབ་ལ་གཞོལ་བ་གཙོ་བྱས་པའི་རེ་ཞིག་ཟས་མི་ཟ་བའི་ཆོ་ག་ཞིག་ལ་བྱ་སྟེ། དེ་ཡང་དེའི་སྔོན་འགྲོའི་སྟ་གོན་དང་བརྒྱུད་རིམ་སོགས་ག་འདྲ་ཡིན་ཞེ་ན། སྤྱིར་སྨྱུང་གནས་སྡོམ་པ་ནི་ཟླ་བ་རེ་རེའི་ཚེས་པ་གཅིག་དང་ཚེས་པ་བརྒྱད། ཚེས་པ་བཅོ་ལྔ་བཅས་ཉིན་གསུམ་ལ་ཡིན། ཡང་ཚེས་པ་བཅོ་ལྔའི་སྨྱུང་གནས་སྲུང་བ་ཡིན་ན། ཚེས་པ་བཅུ་གསུམ་ནས་འགོ་བརྩམས་དགོས་ཏེ། ཚེས་པ་བཅུ་གསུམ་ལ་བསེ་དྲི་ཅན་དང་དྲི་ཆེན་གྱི་ཟས་མང་ཡང་ན་དམར་ཟས་ཀྱི་རིགས་བཟའ་བར་འཛེམ་དགོས་ལ། ཚེས་པ་བཅུ་བཞིའི་སྔ་དྲོར་ཟས་བཟའ་མི་རུང་། ཉིན་གུང་གི་ཆུ་ཚོད་གཅིག་ཡས་མས་སུ་ད་གཟོད་གཏན་འཁེལ་གྱི་གནས་ཤིག་འདེམས་ཏེ་གུང་ཚིགས་བྱེད་དགོས། གུང་ཚིགས་ཀྱི་བཟའ་བཏུང་ལ། རྩམ་པ་དང་མར། ཆུར་བ། ཞོ། འོ་མ། འོ་ཇ། གྲོ་འབྲས། གྲོ་མ་མར་ཁུ་སོགས་ཡོད། གུང་ཚིགས་ཀྱི་ཟས་ནི་དཀར་ཟས་རྐྱང་པའི་ཟས་ཤིག་ཡིན་པ་མ་ཟད། གཙོ་བོ་གཙང་སྦྲ་ལ་དོ་སྣང་བྱེད་དགོས། དེ་ལྟར་ཚེས་པ་བཅོ་ལྔའི་ཉིན་གང་པོར་ཟས་ཟ་མི་རུང་ལ་སྨྲ་བ་འགོག་དགོས། ཚེས་བཅུ་དྲུག་གི་སྐྱ་རེངས་དང་པོར་ལག་རིས་མཐོང་བ་དང་མཉམ་དུ་ཐོར་ཐུག་ཅེས་པའི་ཟས་ཞིག་ལ་རོལ་བཞིན་སྨྱུང་གནས་ཡོངས་སུ་རྫོགས་པར་གྱུར། དེང་སྐབས་སྨྱུང་གནས་ཀྱི་གུང་ཚིགས་ལ་གོང་གི་དཔེ་མཚོན་ཅན་གྱི་བཟའ་བཏུང་དེ་དག་ལས་གཞན་ད་དུང་སིལ་ཏོག་དང་ཤིང་གཙང་མའི་རིགས་ཀྱང་མང་དུ་མཐོང་རྒྱུ་ཡོད་དེ། འདི་ལས་སྲོལ་རྒྱུན་གྱི་སྨྱུང་གནས་བཟའ་བཏུང་ལ་ཡང་འཕོ་འགྱུར་ཞིག་བྱུང་ཡོད་པ་ཤེས་སོ། །

གསུམ་པ། བོད་ཀྱི་བཟའ་བཏུང་རིག་གནས་ཀྱི་འཕོ་འགྱུར།

སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་བྱུང་བ་དང་བསྟུན་ནས་མི་རྣམས་ཀྱི་དངོས་པོའི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་ཇེ་མཐོར་འགྲོ་བཞིན་ཡོད། ཟས་རིགས་ཀྱི་འབྱུང་ཁུངས་སྔར་བས་ཕུན་སུམ་ཚོགས་པ་དང་། གཡོས་སྦྱོར་ལག་རྩལ་བལྟོས་བཅས་ཀྱིས་སྔར་བས་ཀྱང་འགྱུར་ལྡོག་བྱུང་སྟེ། བཟའ་བཏུང་གི་བྲོ་བ་ཡང་སྟབས་བདེ་ཅན་ནས་སྣ་མང་ཅན་གྱི་ཕྱོགས་སུ་འཕེལ་བཞིན་ཡོད། བཟའ་བཏུང་གསར་གཏོད་ཀྱི་ཆུ་ཚད་ཀྱང་དམའ་རིམ་ནས་མཐོ་རིམ་དུ་འགྱུར་ལྡོག་འབྱུང་བཞིན་ཡོད། དུས་རབས་༢༡པའི་ཚུན་ནས། བོད་ཀྱི་བཟའ་བཏུང་གི་གོམས་སྲོལ་ལ་ཕྱོགས་མང་པོའི་ཐད་ནས་འགྱུར་ལྡོག་བྱུང་སྟེ། མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཉིན་རེ་བཞིན་ཇེ་མཐོར་སོང་བ་དང་བསྟུན་ནས་བཟའ་བཏུང་སྤུས་ཚད་ཅན་དང་།

བཟའ་བཏུང་སྐྱོན་བྲལ་ཅན། བཟའ་བཏུང་ཕུན་སུམ་ཚོགས་པ་བཅས་ཀྱི་བཟའ་བཏུང་ལ་རེ་སྙེག་བྱེད་བཞིན་ཡོད། སྔོན་ཆད་ཀྱི་སྟབས་བདེའི་མེར་སྲེག་དང་། ཆུ་བཙོ་བྱེད་པའི་གཡོས་སྦྱོར་བྱེད་སྟངས་ཀྱི་ཐད་ནས། རིམ་གྱིས་ཐབ་ཆས་སྣ་ཚོགས་ལས་སྣོན་བྱེད་པར་འགྱུར་བ་དང་བརྔོས་མ། བཙོས་མ། བསྲེག་པ་སོགས་བྱེད་ཐབས་སྣ་མང་སྤྱད་དེ་བཟོས་པའི་ཟས་ཀྱི་དྲི་བཟང་ཀུན་འཛོམས་ཡོད། དུས་ཆེན་གྱི་གསོལ་སྟོན་དང་ཡང་ན་དུས་རྒྱུན་གྱི་མགྲོན་པོ་བསུ་ས་གང་ཡིན་རུང་། བོད་རིགས་མི་དམངས་ཀྱིས་ཞིམ་པོ་དང་མཛེས་པ། བདེ་ཐང་བཅས་ལ་རེ་སྙེག་བྱེད་བཞིན་ཡོད། སྔོན་གྱི་རྣམ་པ་ཆིག་རྐྱང་གི་བཟའ་བཏུང་གི་སྒྲིག་གཞི་ལ་འགྱུར་བ་འབྱུང་བཞིན་ཡོད། སྔར་གྱི་“གྲོད་རྒྱགས་པ་”ནས་འཕེལ་རྒྱས་བྱུང་སྟེ་“བཟའ་རྒྱུ་འཛོམས་པར་”གྱུར་པ་དང་། དེ་ནས་“བཟའ་རྒྱུ་བདེ་ཐང་ཅན་”གྱི་རྣམ་པ་ཞིག་ལ་འགྱུར་བ་འགྲོ་བཞིན་ཡོད། འདི་ནི་མིའི་སེམས་ཁམས་དང་བཟའ་བཏུང་གི་གོམས་སྲོལ་ནི་སྤྱི་ཚོགས་དང་དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་འགྱུར་ལྡོག་འབྱུང་བཞིན་ཡོད་པ་གདོན་མི་ཟའོ། །

མཇུག་བའི་གཏམ།

བོད་ཀྱི་བཟའ་བཏུང་ནི་ཁྱད་ཆོས་ལྡན་པའི་བཟའ་བཏུང་གི་རིག་གནས་ཤིག་ཡིན་པས། ཟས་རིགས་མི་འདྲ་བའི་སྡེབ་སྦྱོར་བྱེད་ཐབས་བརྒྱུད་ནས་རིག་གནས་འཚོ་བའི་ཁྲོད་ཀྱི་ཁྱད་ཆོས་མཚོན་བཞིན་ཡོད། དེང་སྐབས་ཕྱི་ཕྱོགས་ནས་ཡོང་བའི་རིག་གནས་ཀྱིས་ས་གནས་སྤྱི་ཚོགས་ཀྱི་རིག་གནས་ལ་ཤུགས་རྐྱེན་རྒྱུན་མི་ཆད་པར་ཐེབས་བཞིན་ཡོད་པས། ཕྱི་ཕྱོགས་ནས་ཡོང་བའི་རིག་གནས་དང་བརྗེ་རེས་བྱེད་པའི་གོ་སྐབས་སྔར་ལས་མང་བ་བྱུང་ཡོད། བོད་ཀྱི་བཟའ་བཏུང་གོམས་སྲོལ་ལ་འགྱུར་ལྡོག་ཧ་ཅང་མང་པོ་བྱུང་བས། ཁྱིམ་ཚང་གི་བཟའ་བཅའ་བཏུང་གསུམ་མམ་ཡང་ན་ཕྱི་རོལ་གྱི་ཟ་ཁང་གང་ཡིན་རུང་ཚང་མར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། མི་རིགས་མི་འདྲ་བ་དང་རྒྱུན་དུ་འབྲེལ་འདྲིས་བྱེད་པའི་རྐྱེན་གྱིས་མི་རིགས་མི་འདྲ་བའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ནས་བཟའ་བཏུང་གི་གོམས་སྲོལ་ལ་འཕོ་འགྱུར་འབྱུང་བཞིན་ཡོད། མདོར་ན། གོམས་སྲོལ་འདི་དག་གི་འཕོ་འགྱུར་གྱིས་མི་རིགས་འདིའི་ཡར་ཐོན་དང་འཕེལ་རྒྱས་མཚོན་ཡོད་ལ། སྤྱི་ཚོགས་འདིའི་འཕེལ་རྒྱས་དེ་བས་མཚོན་ཡོད། ། 

◆ རྩོམ་པ་པོ། ལྷ་མོ་ཚེ་རིང་། 2019ལོའི་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་ཞིབ་འཇུག་སློབ་མ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1