བོན་གྱི་གནའ་དཔེ་《བསྐང་འབུམ།》ལག་བྲིས་མ་ཞིག་གི་ཁྱད་ཆོས་བརྗོད་པ།

བྱམས་པ་ཚེ་རིང། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22


དང་པོ་། རེབ་གོང་དམངས་ཁྲོད་བསྐང་འབུམ་གྱི་

གླེགས་བམ་ངོ་སྤྲོད།

གླེགས་ཤིང་གོང་འོག་གཉིས་མདོག་དམར་ནག་ཡིན་ལ། གོང་འོག་རྒྱུ་ཆ་མི་གཅིག་པར་གོང་ངོས་ཤུག་པ་དང་འོག་ངོས་གསོམ་ཤིང་རེད། གོང་གི་གླེགས་ཤིང་གི་དཀྱུས་ཀྱི་རིང་ཚད་ལ་ལི་སྨི་སུམ་ཅུ་དང་ཞེང་ལ་ལི་སྨི་བཅུ་གཅིག །སྲབ་མཐུག་ལ་ལི་སྨི་གཅིག འོག་གི་གླེགས་ཤིང་གི་རིང་ཐུང་ལ་ལི་སྨི་ཉི་ཤུ་རྩ་དགུ་དང་ཞེང་ལ་ལི་སྨི་བཅུ་གཅིག །སྲབ་མཐུག་ལ་ཧྥིན་སྨི་བརྒྱད། དཔེ་ཆ་སྤྱིའི་སྲབ་མཐུག་ལ་ལི་སྨི་བརྒྱད། གླེགས་ཐག་གི་རྒྱུ་ཆ་གཡག་ཀོ་ཡིན་པ་དང་ཆབ་མགོ་ནི་སུམ་སེར། རིང་ཐུང་ལ་ལི་སྨི་བརྒྱ་དང་སུམ་ཅུ་སོ་དྲུག་ཡོད། ཤོག་བུའི་རྒྱུ་ཆ་གཙོ་བོ་ས་གནས་མིས་བཟོས་པའི་ར་མ་རིལ་ལྕགས་ཡིན་པ་དང་། ཉུང་ཤོས་ཤིག་ཤོག་ལྡུམ་དུང་ལོ་མ་དང་ཨ་ག་རུའི་ཤུན་པ་སོགས་ཀྱང་ཡོད། ཤོག་བྱང་རེ་རེར་ཐིག་ཕྲེང་བརྒྱད་ཅན་ཡིན་པ་དང་ཐིག་ཤར་རེར་སྐུང་ཡིག་བཀྲོལ་ན་ཡིག་གྲངས་ཕལ་ཆེར་ཉི་ཤུ་ཡར་མར་ཡིན། ཤོག་ངོས་རེ་རེའི་དཀྱུས་ཀྱི་རིང་ཚད་ལ་ལི་སྨི་ཉེར་དྲུག་ཚེག་ལྔ་ཡོད་པ་དང་ཞེང་ལ་ལི་སྨི་དགུ་ཚེག་ལྔ་ཡོད། ཡིག་གཟུགས་ནི་བྲིས་རྒྱུན་མང་པོ་ཕྱོགས་བསྡོམས་བྱས་པ་ཡིན་ཏེ། ཁྱུང་བྲིས་ལྟ་བུ་ས་ཆ་གཞན་པའི་བྲིས་རྒྱུན་དང་མི་མཚུངས་པར། རེབ་གོང་དམངས་ཁྲོད་དུ་བེད་སྤྱོད་ཆེས་ཆེར་བཏང་མྱོང་བའི་སྔགས་པའི་འབྲི་སྟངས་ཡིན་ལ། དེ་ལས་ཀྱང་རེབ་གོང་བོན་མང་གི་སྔ་རབས་བྲིས་རྒྱུན་ཡིན་པར་གདོན་མི་ཟ། རྒྱུ་མཚན་ནི། ས་གནས་རང་བཞིན་གྱི་ཡེ་གེ་འབྲི་སྟངས་མངོན་གསལ་ཆགས་ཡོད། བསྐང་འབུམ་འདིའི་ཡི་གེ་ཚང་མ་དབུ་མེད་རྐྱང་རྐྱང་ཡིན་ལ་བྲིས་མདོག་ནག་པོ་ཡིན་པ་དང་། སྣག་ཚ་ཡང་དེང་སྐབས་དང་མི་མཐུན་པར་དམངས་ཁྲོད་ཀྱིས་སྡེབ་སྦྱོར་བྱས་པ་ཤ་སྟག་གོ །བསྐང་བ་སོ་སོའི་རྩོམ་ལུས་ནི་ཡིག་ཆུང་དང་གསལ་བྱེད་ཡི་གེ །དེ་མིན་སྦྱར་བྱང་སོགས་མ་གཏོགས་ཚང་མ་ཚིགས་བཅད་ཁོ་ནར་བརྟེན་པ་ཡིན་ཏེ། ཤོ་ལོ་ཀའི་རིང་ཐུང་ཅི་ཡོད་བརྩི་བར་མི་ལངས་མོད། བསྡོམས་རྩིས་ལྟར་ན་ཤོ་ལོ་ཀ་རེ་རེར་ཚིག་རྐང་བཞི་སྦྲགས་ཡིན་པ་དང་ཚིག་རྐང་རེར་ཚེག་བར་བདུན་མ་ཁོ་ནར་ངེས་པས། ཤོ་ལོ་ཀ་གཅིག་ལ་ཡིག་གྲངས་ཉི་ཤུ་རྩ་བརྒྱད། དེ་ལྟར་ཁྱོན་བསྡོམ་པས་བསྐང་འབུམ་འདིར་བསྐང་བ་མི་འདྲ་བ་སྣ་ཁ་བཞི་བཅུ་ཞེ་གཅིག་དང་། ཤོག་གྲངས་སུམ་བརྒྱ་དང་བཅོ་ལྔ། ཤོག་བྱང་དྲུག་བརྒྱ་དང་སུམ་ཅུ། ཡིག་གྲངས་ཆིག་འབུམ་ལྷག་ཡོད།

གཉིས་པ། རེབ་གོང་དམངས་ཁྲོད་བསྐང་འབུམ་གྱི་ཡིག་གཟུགས་དང་དེའི་ཁྱད་ཆོས།

བསྐང་འབུམ་འདི་ལ་གནའ་དཔེ་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཤིག་ཡོད་པ་ནི། འཐོར་བཏུས་ཡིན་ཞིང་། འཐོར་བཏུས་དེ་དག་ཀྱང་བྲིས་པ་མི་འདྲ་ལ། མིང་བརྡ་སྦྱོར་སྟངས་མི་འདྲ། ཐ་ན་བྲིས་གཟུགས་ཀྱང་མི་འདྲ། བྲིས་གཟུགས་དག་ལ་མཚོན་ན་ཁྱད་ཆོས་སྣ་ཚོགས་དམིགས་བསལ་གྱིས་འབུར་དུ་ཐོན་ཡོད་དེ།《བོད་ཡིག་གནའ་དཔེའི་རྣམ་བཤད།》ཀྱི་ཤོག་ངོས་287དང་། ཤོག་ངོས་292 ཤོག་ངོས་322སོགས་ན་བཀོད་པའི་དུས་རབས་བཅུ་གཉིས་ནས་བཅུ་གསུམ་བར་བྲིས་པའི་དཔེ་རྙིང་དང་། ཤོག་ངོས་346སྟེང་བཞག་ཡོད་པའི་དུས་རབས་བཅུ་གཅིག་དང་བཅུ་གཉིས་སྐབས་ཀྱི་དཔེ་རྙིང་སོགས་ཀྱི་པར་རིས་དང་ཡོངས་སུ་མཚུངས། དཔེར་ན། རེབ་གོང་དམངས་ཁྲོད་བསྐང་འབུམ་ལས། བསྐང་བ་ཨང་བརྒྱད་པ་སྟེ། གཤམ་གསལ་གྱི་《ཞི་ཁྲོ་བསྐང་རྫོགས།》

ལྟ་བུ་ལས་ཀྱང་ཤེས་ཐུབ། བསྐང་འབུམ་འདིར་བྲིས་གཟུགས་མི་འདྲ་བ་བཅུ་ཕྲག་ལྷག་འདུག་པ་དང་། བྲིས་པའི་ནང་དོན་དག་ལ་ཡང་ཡིག་ནོར་དང་སྐུང་ཡིག་མང་བ། ཚིག་གི་སྡེབ་སྦྱོར་དོ་མི་མཉམ་པ། སུམ་རྟགས་དག་གསུམ་གྱི་རྨང་གཞི་ཞན་པ་སོགས་རང་རང་གི་དགོས་མཁོ་ལྟར་ཕབ་བཤུ་བྱེད་པ་ལས་མཛད་བྱང་དང་མཛད་པ་པོ། བརྒྱུད་ལྡན་བླ་མ་སོགས་གསལ་པོ་མིན་པ་བཅས་ཀྱི་སྐྱོན་འདུག་པས་ན། བོད་ཡིག་གནའ་དཔེའི་ཚད་ལྡན་བྲིས་པའི་ཆ་རྐྱེན་མི་ལྡན། བྲིས་གཟུགས་ཀྱི་ཐོག་ནས་བཤད་ན། སྤྱིར་བཏང་དུ་རྩ་བའི་ཆ་ནས་དབུ་མེད་ཡིན་པ་དང་། དེ་ལས་ཀྱང་དབུ་མེད་ལ་ནང་གསེས་རིགས་མང་པོ་ཞིག་ཡོད་པ་བཞིན། བསྐང་བ་འདིར་ལུགས་དེ་དག་ལས་གྱེས་པའི་ཡིག་གཟུགས་མི་གཅིག་པ་བཅུ་ཕྲག་ལྷག་གི་ཁྱད་ཆོས་ལྡན་པ་སྟེ། བསྐང་བའི་གཞུང་དོན་མང་ཆེ་བ་དབུ་མེད་གསེག་ཆུང་དཔེ་ཚུགས་དང་ཚེགས་བསྒྲིགས། སུག་ཐུང་ཟླུམ་བྲིས་དང་ཚེགས་བསྒྲིགས་ཟླུམ་བྲིས་མ་སོགས་ཡིན། གསེག་ཆུང་དཔེ་ཚུགས་ནི་《 ཡིག་སྲོལ་འཕེལ་རིམ།》 ལས། ཤོག་ངོས་238སྟེང་། དུས་རབས་བཅོ་ལྔའི་རྗེས་སུ་དར་བའི་ཡིག་གཟུགས་ཤིག་ཡིན་སྙམ་པ་དང་། ཡུལ་ལུང་དབང་གིས་ས་གནས་སོ་སོར་བྲབ་བྲིས་དང་སྒར་བྲིས། སྡེ་བྲིས་དང་ནང་བྲིས་སོགས་མང་དུ་གྱེས་པ་ཡིན། ཚེགས་བསྒྲིགས་ནི་ཤོག་ངོས་231སྟེང་། རྩ་བ་འབྲུ་མ་ལས་མཆེད་པའི་ཡིག་གཟུགས་དང་། བཙན་པོའི་སྐབས་ཐོག་མར་དར་ཞིང་། བསྟན་པ་ཕྱི་དར་གྱི་དུས་འགོར་རྒྱ་ཆེར་དར་བ་ཡིན། སུག་ཐུང་ཟླུམ་བྲིས་དང་ཚེགས་བསྒྲིགས་ཟླུམ་བྲིས་ལྟ་བུ་ཡང་འབྲུ་མ་ལས་འཕེལ་བ་བཤད་མ་དགོས་པ་དང་། ཟླུམ་པོའི་ཆ་ཤས་འདུག་སྟབས། ཚེགས་བསྒྲིགས་ཟླུམ་བྲིས་ལྟ་བུ་ལ་ཤོག་ངོས་232སྟེང་། ནང་ལ་དཀར་སྒོང་ལྟ་བུ་ཡོད་པ་དང་མགོ་བཤམ་ཟླུམ་པོར་ཡོད་པས་ཟླུམ་བྲིས་ཞེས་བྱུང་བ་ལྟར་བསྐང་བའི་གཞུང་ཡིག་ཁོ་ནའི་སྟེང་ནའང་རྩ་བའི་ཡིག་གཟུགས་འདི་དག་ཡིན་ཀྱང་། ནང་གསེས་མི་གཅིག་པ་མང་པོ་འདུག་པ་སོགས་ཁྱད་ཆོས་སྣ་ཚོགས་ཡོད། མགོ་ལ་ཞང་ཞུང་སྨར་ཡིག་དང་གཏེར་ཡིག་བྲིས་འདུག་པ་མ་ཟད། གཡུང་དྲུང་ལྷ་ཡི་སྐད་དུ། བོད་སྐད་དུ་ཞེས་སོགས་བོད་ཡིག་བྲིས་པའང་ཡོད། དེ་ནས་དབུ་མེད་སུག་སྐོར་ཟླུམ་བྲིས་སམ་ཞབས་ཐུང་གིས་ཕྱག་འཚལ་བའི་ཡན་ལག་དང་། སྤྱན་འདྲེན་པའི་ཚུལ་བྲིས་འདུག་པ་དང་། དབུ་ཁྱུད་ནི་༄།་གཅིག་ཅན་དང་། ༄༅། གཉིས་ཅན། ༄༅༅། གསུམ་ཅན། ༄༅༅༅། བཞི་ཅན་ཡོད་པ་དང་། མང་ཆེ་བ་ཕུར་ཤད་དང་། གཞན་ཚེག་ཤད་དང་སྦྲུལ་ཤད། ཆིག་ཤད་དང་ཉིས་ཤད། རིན་ཆེན་སྤུངས་ཤད་སོགས་ཀྱང་ཡོད། མཇུག་བྱང་གསལ་བཤད་ཀྱི་ཡི་གེའི་གཟུགས་ནི། སུག་སྐོར་ཟླུམ་བྲིས་སམ་སྒོང་ཞབས་མ་ཟེར་བ་དེ་ཡིན་པ་དང་། ཟླུམ་བྲིས་ལ་རང་དབང་འབྱོར་བའི་རྟགས་མཚན་ཐོན་འདུག་པར་ཡིག་གཟུགས་དེའི་སྒྱུ་རྩལ་གྱི་ཆ་ལས་ཀྱང་ཤེས་ཐུབ། ད་དུང་ཚན་པ་རེ་རེའི་བར་མཚམས་སུ་གཡུང་དྲུང་དང་དཔལ་བེའུ། པད་མ་ལྟ་བུ་བཀྲ་ཤིས་ཀྱི་ནང་དོན་མཚོན་པའི་རི་མོ་ཆུང་ཆུང་བཅུག་པའང་ཉུང་ཙམ་མཐོང་པ་དང་། ལ་ལ་ཞིག་ནི་དབུ་ཅན་དབུ་མེད་དབྱེ་བ་མི་འབྱེད་པར་མ་ཟད། བལྟས་མ་ཐག་ཏུ་ཡིག་རྩ་མེད་པའི་བྱིས་པ་ཆུང་ཆུང་ཞིག་གིས་བྲིས་པ་རེད་སྙམ་པ་དང་། ཞིབ་ཏུ་བསམ་བློ་བཏང་ན་དེ་འདྲ་ཡིན་པར་མི་འགྱུར་བར། མང་ཆེ་ཤོས་ནི་གོང་ནས་བཤད་ཟིན་པ་ལྟར། གྲོང་སྔགས་རྒན་པོ་རྣམས་དང་ལྷག་པར་ཏུ་བསྒྲུབ་པའི་ཕྱོགས་སུ་ཉམས་མྱོང་ངེས་ཅན་ལྡན་པའི་གཤེན་རབ་རྒྱུད་འཛིན་རྣམས་ཀྱིས་བྲིས་པ་ཡིན་སྟབས། འགལ་བ་ཆེན་པོ་རུ་མ་མཐོང་སྟེ། གཤམ་གསལ་དབུ་ཅན་དབུ་མེད་གང་ཡིན་དབྱེ་བ་མི་འབྱེད་པའི་བསྐང་བ་འདི་ལས་ཀྱང་ཅུང་ཟད་རྟོགས་ཐུབ། མདོར་ན། བོན་གྱི་གནའ་དཔེ་བསྐང་འབུམ་འདི་ནི་མཛད་མཁན་མཁས་པ་མི་གཅིག་དང་འབྲི་མཁན་བྲིས་པ་ཡང་མི་གཅིག་པ་མ་ཟད། བརྗོད་བྱའི་ཆ་ནས་བསྐང་བ་མང་པོའི་ནང་དོན་འདུག་པ་དང་། རྗོད་བྱེད་ཚིག་གི་ཆ་ནས་རྩོམ་སྟངས་འདྲ་མིན་གྱི་ཁྱད་ཆོས་ཡོད། བྲིས་རྣམས་ཀྱང་གནའ་ཡིག་རྙིང་བའི་ཁྱད་ཆོས་མངོན་གསལ་ལྡན་པ་སྟེ། ཆད་པ་ཁ་སྐོང་གི་སྐབས་སུ་གཡུང་དྲུང་གི་རི་མོ་ཞིག་བྲིས་ཏེ་དེའི་ཞབས་སུ་ཡ་བཏགས་ཤིག་བྲིས་འདུག་པ། རྫོགས་སོ་དང་བཞུགས་སོ་ལྟ་བུའི་སོ་ཡིག་ལ་མགོ་ཅན་ས་དང་མིང་གཞི་ཧ་འདྲ་བ་ཞིག་བཞག་འདུག་པ་དང་། རྫོགས་སོ་ལྟ་བུའི་རྫོགས་ཡིག་ལ་མགོ་ཅན་ར་རྫོགས་དང་ས་རྫོགས་ཁྱད་མེད་དུ་འཇུག་པ། སྣ་ལྡན་གྱི་ཡི་གེ་དག་ཀྱང་ཁྱད་མེད་དུ་སྤྱོད་པ་བཅས་ཀྱི་ཁྱད་ཆོས་ལྡན། རྩ་བ་དབུ་མེད་ལས་གྱེས་ཤིང་ཡལ་གའི་ལོ་མ་ལྟ་བུ་རྣམ་པ་མང་པོའི་ཁྱད་ཆོས་འདུག་པའི་དབུ་མེད་ཡིག་གཟུགས་མི་གཅིག་པ་དག་དམངས་ཁྲོད་དུ་དར་བའི་རྟགས་མཚན་ཐོན་པ་མ་ཟད། དུས་རབས་གཅིག་ནང་གི་ཡིག་ཆ་ཙམ་མ་ཡིན་པར། ལོ་ངོ་མང་པོའི་རིང་བསྡུ་ཉར་བྱས་ནས་ཐོན་པའི་བསྐང་བའི་ཉིང་བཅུད་ལྟ་བུ་ཞིག་ཏུ་གྲུབ་ཡོད་དོ། །

གསུམ་པ། རེབ་གོང་དམངས་ཁྲོད་བསྐང་འབུམ་

གྱི་གནའ་དཔེའི་ཁྱད་ཆོས།

དུས་རབས་བཅོ་བརྒྱད་པའི་ནང་བྱོན་པའི་བོན་གྱི་མཁས་གྲུབ་རིག་འཛིན་ཀུན་གྲོལ་གྲགས་པས་ལོ་རྒྱུས་ཐོག་གི་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཐོག་མ་བསྒྲིགས་པ་དང་། དུས་རབས་བཅུ་དགུ་པའི་ནང་དུ་མཁན་ཉི་མ་བསྟན་འཛིན་གྱིས་བཀའ་བསྟན་འགྱུར་གྱི་སྒྲིག་ཚུལ་བསྟན། དེ་ནས་རིམ་པ་ལྟར་བོན་གྱི་བཀའ་འགྱུར་ལེགས་སྒྲིག་དང་འཚོལ་བསྡུའི་རྨང་གཞི་བཏིངས་ནས་པར་གཞི་མི་གཅིག་པ་ཁག་ཅིག་བྱུང་བ་ནི། ཆུ་ཆེན་པར་མ་དང་། ཁྲོ་སྐྱབས་པར་མ། ཨ་གཡུང་པར་མ། བོན་བློན་པར་མ། ལྷ་སྲས་པར་མ་ཁག་བྱུང་བ་མཁས་དབང་ཚེ་རིང་ཐར་གྱི་《གཡུང་དྲུང་བོན་གྱི་བཀའ་དང་བཀའ་རྟེན་ལ་དཔྱད་པ།》ཞེས་པར་བྲིས་པ་དང་། ཁོང་གིས་ཡར་སྔོན་གྱི་ནང་དོན་མང་ཤོས་ཤིག་བཀའ་དང་བཀའ་བསྟན་མཉམ་སྲེས་ཡིན་པས། བཀའ་འགྱུར་ཟེར་བ་ལས་བསྟན་འགྱུར་ཟེར་བའི་ཐ་སྙད་བྱུང་མེད་པ་དང་། ཕྱིས་སུ་གྲུབ་དབང་བསྟན་པའི་ཉི་མ་མཆོག་གིས་ལོ་ངོ་གཉིས་ཀྱི་རིང་ལ་བོད་ཀྱི་ག་ས་གང་དུ་བསྐྱོད་དེ། བོན་དང་འབྲེལ་བའི་དགོན་སྡེ་དང་གྲོང་སྡེ་དག་ན་ཡོད་པའི་ཡིག་ཆ་རྣམས་བསྡུ་རུབ་མཛད་པ་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་མ་དངུལ་བཏང་ནས་1993ནས་1997བར་ལ་པོད་སུམ་བརྒྱ་ལྷག་ཡོད་པའི་བོན་གྱི་ཐེངས་དང་པོའི་བརྟེན་འགྱུར་བསྒྲིགས། དེ་དག་གི་དཀར་ཆག་ནང་དུའང་བསྐང་བ་དང་འབྲེལ་ཡོད་ནང་དོན་ཡོད་པ་མ་ཟད། བྲུ་ལུགས་བསྐང་འབུམ་དང་གསར་མའི་བསྐང་འབུམ་ཞེས་སྔགས་ཀྱི་ཁོངས་སུ་བཞག་ཡོད། བོན་གྱི་བརྟེན་འགྱུར་དཀར་ཆག་ནང་བསྐང་བའི་སྐོར་གྱི་ཡིག་ཆ་ཇི་སྙེད་ཅིག་བསྡུས་ཡོད་པར་གཞིགས་ན། བསྐང་བ་ནི་བོན་གྱི་གནའ་བོའི་ཆོས་ལུགས་ཆོ་གའི་ཁྲོད་མེད་དུ་མི་རུང་བའི་འདོན་ཆོག་གལ་ཆེན་ཞིག་ཡིན་པ་དང་། འདོན་ཆོག་འདི་དག་ཀྱང་། སྟོན་པ་གཤེན་རབ་ཀྱི་མཛད་རྣམ་རྒྱས་འབྲིང་བསྡུས་གསུམ་དུ་མཐོང་བའི། ལྷ་གསོལ་ཡིག་ཆའི་ནང་དོན་ལ་ཐད་ཀར་འབྲེལ་བ་དམ་ཟབ་ལྡན་པས། གནའ་དཔེའི་ཁྱད་ཆོས་འབུར་དུ་ཐོན་ཡོད་ཅིང་། བསྐང་འབུམ་དངོས་ཀྱི་དབང་དུ་བྱས་ནའང་། ཤོག་བུ་དང་དེའི་རྒྱུ་ཆ། ཡིག་གཟུགས་སོགས་དུས་རབས་འདྲ་མིན་གྱི་ཁྱད་ཆོས་ཡོད་པ། རྗོད་བྱེད་ཚིག་གི་སྟེང་ལ་མང་ཐུན་ཤ་དང་ཡུ་ཏི་ཆང་། ཤེར་ཙུ་འབྲུ་སོགས་གནའ་བོའི་ཞང་ཞུང་སྐད་མང་དུ་བདོག་པ་སོགས་ཞིབ་འཇུག་གི་རིན་ཐང་དང་དོན་སྙིང་མཆིས་སོ། ། 

◆ རྩོམ་པ་པོ། བྱམས་པ་ཚེ་རིང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་2018ལོའི་འབུམ་རམས་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1