དམངས་ལ་བརྩེ་བ་རྒྱུན་དུ་འཆང་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ཡག་པོ་སྐྱོད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 09-23


—— ཞི་ཅིན་ཕིང་གིས་ཧུའུ་ནན་དུ་བརྟག་ཞིབ་གནང་བ་དང་འབྲེལ་གཞི་རིམ་གྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་ཡང་གནང་བའི་གནས་ཚུལ་དངོས་བཀོད་པ།


        ཧུའུ་ནན་གྱི་ས་གཞི་ཆེན་མོའི་ཐོག་དཀའ་སྡུག་གཞན་གྱི་སྔོན་ལ་མྱོང་བ་དང་། གཞན་གྱི་སྔོན་ལ་བྱེད་ཕོད་པ། སྦྱངས་པ་ཡིན་ཕྱིན་རྒྱལ་ཁབ་ལ་ཕན་པ། ཡོད་ཚད་ཐམས་ཅད་བསྡུ་ལེན་བྱེད་པ་བཅས་ཀྱི་སྙིང་སྟོབས་ཤིག་བསྐྱངས་ནས་གནམ་ས་འགུལ་བའི་དཔའ་བོའི་བརྗིད་ཆེའི་གླུ་དབྱངས་ཤིག་བརྩམས་ཡོད།
        ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ལ་ཁར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཇུས་འགོད་བཅས་གནང་ཆེད། ཧུའུ་ནན་དུ་བརྟག་ཞིབ་གནང་བར་ཕེབས་ཏེ། གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་དང་གསར་བརྗེའི་རིག་གནས་མྱོང་རྟོགས་གནང་བ་མ་ཟད། ད་དུང་ཁྲང་ཧྲ་རུ་གཞི་རིམ་གྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་ཡང་གཙོ་སྐྱོང་གནང་ནས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྐོར་གྱི་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་གསན་པ་རེད།
        ཁོང་གིས་ང་ཚོས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་རྒྱལ་ཁའི་ངང་ལེགས་སྒྲུབ་བྱེད་ཉེར་ཡོད། བབ་བསྟུན་མདུན་སྐྱོད་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་འཛུགས་དགོས། ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཁྲོད་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྙིང་སྟོབས་བསྡུ་ལེན་བྱེད་པ་དང་། མང་ཚོགས་ཀྱི་ལམ་ཕྱོགས་སུ་བརྟན་པོར་ལང་བ། ཐོག་མའི་བསམ་འདུན་དང་ལས་འགན་མི་བརྗེད་པ། ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་མི་དམངས་ལ་དམ་པོར་བརྟེན་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་སྐྱོད་དགོས་ཞེས་བསྟན་གནང་བ་རེད།
        མི་དམངས་མི་བརྗེད་པ་བྱེད་པ།
        ཟླ་9ཚེས་16ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧུའུ་ནན་དུ་ཕེབས་འབྱོར་ཟིན་མ་ཐག ཧྲ་ཀྲོའུ་ཡའོ་རིགས་གྲོང་ཚོར་ཐད་ཀར་ཕེབས་ནས་དང་ཐོག“ཕོ་ཁེབས་ཕྱེད་ཀའི་དྲོ་སྐྱིད”ཅེས་པའི་ཆེན་དོན་བཤམས་སྟོན་ཁང་དུ་རྟོག་ཞིབ་གནང་བ་རེད།
        དམར་དམག་གི་བུད་མེད་འཐབ་འཛིང་པས་ཕོ་ཁེབས་བྲེགས་ནས་ཡུལ་མིར་བསྐྱལ་བའི་སྐོར་མངོན་པའི་འཇིམ་བརྐོས་མདུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་རིང་བཞེངས་ནས་གཟིགས་པ་རེད། འགྲེལ་བཤད་རྒྱག་མཁན་གྱིས་སྤྱི་ཁྱབ་ཧྲུའུ་ཅིར། སྐབས་དེར་ཁ་གྱེས་སྐབས་དམར་དམག་གི་བུད་མེད་འཐབ་འཛིང་པས་ཞུས་ཅེ་ཤིའུ་ལ་གསར་བརྗེར་རྒྱལ་ཁ་ཐོབ་རྗེས་ཕོ་ཁེབས་གསར་རྐྱང་ཞིག་འཁྱེར་ནས་ཁྱེད་ལ་སླར་ཡང་ལྟ་བར་ཡོང་གི་ཡིན་ཞེས་བརྗོད་མོད། འོན་ཏེ་ཞུས་ཅེ་ཤིའུ་ཡིས་སྒུག་ཐེངས་གཅིག་ལ་ལོ་བཅུ་ཕྲག་སོང་ནའང་ཁོང་ཚོ་ཡོང་མཁན་མེད་པའི་སྐོར་ཞུས་པ་རེད།
        “དམར་དམག་གི་བུད་མེད་འཐབ་འཛིང་པ་གསུམ་པོ་ཕྱིས་སུ་རྙེད་ཡོད་དམ”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་བཀའ་འདྲི་གནང་།
        འགྲེལ་བཤད་རྒྱག་མཁན་གྱིས་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི“ཕོ་ཁེབས་ཕྱེད་ཀའི”གཏམ་རྒྱུད་སྨྱན་སྦྱོར་གྱིས་འཕྲིན་སྤེལ་བྱས་རྗེས་ཏེང་ཡིང་ཁྲའོ་དང་། ཚའེ་ཁྲང་། ཁང་ཁེ་ཆིང་སོགས་བློ་མཐུན་རྒན་གྲས་ཀྱིས་རྒྱལ་ཡོངས་སུ་དམར་དམག་གི་བུད་མེད་འཐབ་འཛིང་པ་གསུམ་པོ་འཚོལ་བའི་བྱེད་སྒོ་སྤེལ་རུང་། བློ་ཕངས་པ་ཞིག་ལ་ཁོང་ཚོ་གང་དུ་ཡོད་མེད་རྩད་ཆོད་མི་འདུག་ཅེས་ངོ་སྤྲོད་ཞུས།
        འགྲེམས་སྒྲོམ་ནང་ཏེང་ཡིང་ཁྲའོ་སོགས་བློ་མཐུན་རྒན་གྲས་ཀྱིས་མི་གཞན་ལ་མངགས་ནས་ཞུས་ཅེ་ཤིའུ་ལ་བསྐྱལ་བའི་ཕོ་ཁེབས་གསར་པ་དེ་བསྒྲིགས་ཡོད། ཕོ་ཁེབས་དེ་གྲོང་ཚོར་སྐྱེལ་སྐབས་ཞུས་ཅེ་ཤིའུ་ཚེ་ལས་འདས་མ་ཐག་ཡིན་པ་རེད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཞིབ་མོས་གཟིགས།
        “‘ཕོ་ཁེབས་ཕྱེད་ཀའི’གཏམ་རྒྱུད་དེ་ལས་རང་རེའི་ཏང་གི་ཐོག་མའི་བསམ་འདུན་མཚོན་པ་དང་ཏང་གིས་མི་དམངས་རྩ་བར་འཛིན་པའི་རང་བཞིན་མངོན་གྱི་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅིས་མྱོང་བ་ཟབ་མོས་དམར་དམག་གིས“རང་ཉིད་ལྟོ་གོས་ཁ་ཐང་བ་དང་འཆི་གསོན་ལ་ཐུག་པའི་འགག་རྩའི་དུས་སུའང་སེམས་ནང་སྔར་བཞིན་བཞག་པ་ནི་མང་ཚོགས་ཀྱི་བདེ་སྡུག་རེད། ང་ཚོའི་དམག་དཔུང་ནི་མི་དམངས་ཀྱི་དམག་དཔུང་ཡིན། ང་ཚོ་གུང་ཁྲན་ཏང་མི་དང་མི་སེར་དབར་གྱི་བརྩེ་དུང་ནི་ཕོ་ཁེབས་གཅིག་མཉམ་དུ་གྱོན་པའི་བརྩེ་དུང་ཡིན”ཞེས་གསུངས་པ་རེད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་མངགས་ཞུས་ཅེ་ཤིའུ་ཡི་ཚ་བོ་ཀྲུའུ་ཞའོ་ཧུང་ལ་གཟིགས་པར་ཕེབས་པ་རེད།
        དེ་ནི་ཐོག་སོ་གསུམ་ལྡན་གྱི་ཁང་པ་གསར་རྐྱང་ཞིག་ཡིན་པ་དང་སྒོའི་སྟེང་དུ“ཧྲ་ཀྲོའུ་ཡི་ཡུལ་ཚལ་ཟ་ཁང”ཞེས་པའི་སྒོ་བྱང་བཀལ་ཡོད།
        “སྤྱི་ཁྱབ་ཧྲུའུ་ཅི་ལགས། ལོ་དེ་དག་རིང་ང་ཚོའི་ཧྲ་ཀྲོའུ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་སོང”སྤྱི་ཁྱབ་ཧྲུའུ་ཅི་ཚོམས་ཆེན་ནང་གདན་འདྲེན་ཞུས་ཏེ་ཀྲུའུ་ཞའོ་ཧུང་གིས་རང་ཁྱིམ་གྱི་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བའི་སྐོར་ཞུས་པ་སྟེ།
        ཧྲ་ཀྲོའུ་མཛེས་ལྗོངས་ཁུལ་དུ་ཞིང་པའི་སྤྲོ་སྐྱིད་ཁང་ཞིག་བཙུགས་ཡོད། ཁྱིམ་གྱི་ཡུལ་ཚལ་ཟ་ཁང་དེ་ངའི་ཟླ་བོས་གཉེར་སྐྱོང་བྱས་པར་ཉིན་ལྟར་ཁ་ལག་ཟ་བར་ཡོང་མཁན་སྒྲོག་ཙེ་གཉིས་གསུམ་འདུག རང་ཉིད་དང་བུ་མོ་མཛེས་ལྗོངས་ཁུལ་དུ་ལས་ཀ་བྱས་པར་ཡོང་འབབ་བརྟན་པོ་ཡོད། ཁྱིམ་དུ་ད་དུང་ཤིང་འབྲས་མུའུ་3བཏབ་ཡོད། ད་ཆ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་གི་འདུག་ཅེས་བཤད།
        “སྔོན་མ་དམར་དམག་གིས་ང་ཚོར་ཕོ་ཁེབས་ཕྱེད་ཀ་གནང་བ་དང་ད་ཆ་ཏང་གིས་ང་ཚོར་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་ཞིག་གནང་བྱུང”ཞེས་པའི་བབ་ཆགས་པའི་སྐད་ཆ་དེ་ལས་མི་སེར་གྱི་སེམས་གཏིང་གི་སྐད་ཆ་མཚོན་གྱི་ཡོད།
        “ཁྱེད་ཚོར་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་བྱུང་བ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་། དམར་དམག་གི་བུད་མེད་འཐབ་འཛིང་པ་གསུམ་པོའང་བློ་བདེ་པོ་ཡོང་རྒྱུ་རེད”ཅེས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བའི་ཁོང་ཚོ་ནང་མི་ཚང་མར་གཟིགས་བཞིན་སྤྱི་ཁྱབ་ཧྲུའུ་ཅིས“ཁྱེད་ཚོའི་ཁྱིམ་ཚང་གི་འགྱུར་ལྡོག་ལས་གནས་ལུགས་ཤིག་གསལ་བཤད་ཐུབ་པ་སྟེ། གུང་ཁྲན་ཏང་མིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས་ཁས་ལེན་བྱས་པ་ལག་བསྟར་བྱེད་དགོས་པ་དེ་རེད། ཀྲུང་གོ་མི་དམངས་ཡར་ལངས་བཅིངས་འགྲོལ་ཐོབ་ནས་འབྱོར་འབྲིང་དང་བདེ་སྐྱིད་ཀྱི་ལམ་དུ་སྐྱོད་ཐུབ་པ་བྱ་རྒྱུ་ཁ་བཤད་ལག་བསྟར་བྱ་རྒྱུ་ཡིན། བློ་བརྟན་འགྱུར་མེད་ངང་མུ་མཐུད་མདུན་དུ་བསྐྱོད་ནས་ཏང་གིས་བཞག་པའི་དམ་བཅའ་དང་ཁས་ལེན་འགྲུབ་ངེས་ཡིན”ཞེས་གསུངས་པ་རེད།
        གྲོང་ཚོ་ནས་ཞལ་གྱེས་སྐབས་ནམ་མཁའ་གཡའ་དག་ལ་ཉི་མའི་གཟི་འོད་རབ་ཏུ་བཀྲ་ལ་འཇའ་གུར་ཡང་ཕུབ། ཐང་ཆེན་དུ་དགའ་སྐྱེལ་ཞུ་མཁན་མང་ཚོགས་ཀྱིས་ཁེངས།
        སྤྱི་ཁྱབ་ཧྲུའུ་ཅིས་ཡུལ་མི་ཚོར། གུང་ཁྲན་ཏང་མིར་ཕོ་ཁེབས་གཅིག་ཡོད་ན་དེ་ནས་ཕྱེད་ཀ་མི་སེར་ལ་བགོ་བཤའ་རྒྱག་ངེས་ཡིན། དེ་ནི་བཤད་པ་ཙམ་མིན་ལ་རྣམ་པ་བསྟན་པ་ཙམ་ཞིག་དེ་བས་ཀྱང་མིན་པར་ཁ་བཤད་ལག་བསྟར་བྱེད་པ་ཞིག་ཡིན། མ་ཟད་དམ་བཅའ་འདི་ལྟ་བུ་ང་ཚོས་སྔར་ནས་ད་བར་རྒྱུན་འཛིན་བྱས་ཡོད། དེའི་སྟབས་ཀྱིས་མི་སེར་ཚོས་ཀྱང་གུང་ཁྲན་ཏང་འདི་ཉིད་རང་ཁྱིམ་གྱི་ཏང་དང་མི་སེར་གྱི་ཏང་ལ་བརྩི་ཡི་ཡོད་ཅེས་གསུངས་པ་རེད།
        “གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངས་རྒྱུན་ཆད་མེད་པར་སློབ་གསོ་དང་ཞུན་བརྡར་དང་ལེན་གྱིས་རང་འཁྲིའི་ལས་འགན་ཡག་པོ་བསྒྲུབ་རྒྱུ་ཡིན་ལ། ཀྲུང་གོ་མི་དམངས་དུང་ཕྱུར་14དང་ཏང་ཡོན་ཁྲི་9000ལྷག་ཙམ་དང་མཉམ་དུ་རང་རེའི་རྒྱལ་ཁབ་འདི་ཉིད་དེ་བས་འཛུགས་སྐྲུན་ཡག་པོ་བྱས་ནས་མི་སེར་ཚོར་སྔར་བས་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བ་ཞིག་ཀྱང་སྐྱེལ་རྒྱུ་ཡོང་བར་བྱ་རྒྱུ་ཡིན”ཞེས་གསུངས་པ་རེད།
        ཐབས་ཇུས་དམངས་ལ་འདྲི་བ།
        ཟླ་9ཚེས་17ཉིན་གྱི་སྔ་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲང་ཧྲ་རུ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དང་། གྲོང་གསེབ་ཀྱི་དགེ་རྒན། དབུལ་སྐྱོར་ལས་བྱེད་པ། ཞིང་པ་ལས་མི། འབྲུ་འདེབས་དུད་ཆེན། ཟོག་འདྲེན་ཁ་ལོ་བ། མྱུར་སྐྱེལ་ཕོ་གཞོན། ཟ་ཁང་གི་སྦྱིན་བདག ཁྲིམས་ལུགས་ལས་དོན་པ་ལ་སོགས་གཞི་རིམ་གྱི་འཐུས་མི་30ལྷན་གཅིག་ཏུ་འཛོམས་པའི་ནང་འཐུས་མི་10ཡིས་སྔ་        རྗེས་སུ་གཏམ་བཤད་སྤེལ་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏམ་བཤད་སྤེལ་མཁན་འཐུས་མི་མི་རེ་ངོ་རེ་དང་སྤེལ་རེས་གནང་བ་རེད།
        ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་བདེ་སྡུག་ཐུགས་ལ་བཞག་གནང་ཡོད།
        ན་ནིང་ཟླ་5པར་ཁྲེང་པུའུ་མེའོ་རིགས་རང་སྐྱོང་རྫོང་ནས་ཡིན་པའི་དབྱང་ཧྲུའུ་ཐིང་ཐེངས་དྲུག་པའི་རྒྱལ་ཡོངས་ཀྱི་རང་སྟོབས་རང་སྤེལ་གྱི་དཔེ་བཟང་དང་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་མཁན་སྔོན་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ཁོང་ཚོར་མཇལ་འཕྲད་གནང་ཡོད། ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་སླར་ཡང་སྤྱི་ཁྱབ་ཧྲུའུ་ཅི་མཇལ་བར་དབྱང་ཧྲུའུ་ཐིང་དགའ་སྤྲོ་རབ་ཏུ་འཕེལ།
        “ཁྱེད་རང་སླར་ཡང་མཇལ་བར་དགའ་བ་དཔག་མེད་སྐྱེས་བྱུང་། ཁྱེད་ཀྱི་ཞུམ་མེད་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཞུ་གི་ཡིན”ཞེས་དབྱང་ཧྲུའུ་ཐིང་གིས་དབང་པོ་སྐྱོན་ཅན་གྱི་ཚོགས་སྤྱིའི་ཚབ་ཞུས་ཏེ་སྤེལ་བའི་གཏམ་བཤད་གསན་རྗེས་སྤྱི་ཁྱབ་ཧྲུའུ་ཅིས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཏེ། ངེས་པར་དུ་དབང་པོ་སྐྱོན་ཅན་གྱི་ཁེ་དབང་མུ་མཐུད་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ལ་ངེས་པར་དུ་མུ་མཐུད་སྐུལ་འདེད་གཏོང་དགོས། ཁྱེད་ཀྱིས་བཏོན་པའི་འགོག་རྐྱེན་མེད་པའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གནད་དོན་ནི་རྒྱལ་ཁབ་ཅིག་དང་སྤྱི་ཚོགས་ཤིག་གི་ཤེས་དཔལ་གྱི་མཚོན་རྟགས་ཡིན་པས་ང་ཚོས་མཐོང་ཆེན་བྱེད་དགོས་ཞེས་གསུངས་པ་རེད།
        གཞི་རིམ་གྱི་དཀའ་གནད་ནི་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་ས་ཞིག་ཀྱང་རེད།
        ཁྲང་ཉིང་གྲོང་ཁྱེར་ཐཱ་ཧྲན་ཡའོ་རིགས་ཤང་ལྟེ་བའི་སློབ་ཆུང་གི་སློབ་སྤྱི་གཞོན་པ་ཕན་ཅིའུ་རེན་གྱིས་གཞི་རིམ་གྱི་སློབ་གསོའི་འཐབ་ས་དང་པོར་ལས་ཀ་ལོ་30ཙམ་བྱས་ཤིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅིར་དགེ་རྒན་ཁ་ཐང་བས་གྲུབ་ཆའི་རང་བཞིན་གྱི་སྒྲིག་ཁོངས་དཀོན་པ་དང་། ཆ་རྐྱེན་དཀའ་ཚེགས་ཆེ་བས་དགེ་རྒན་ལེགས་གྲས་གནས་མི་ཐུབ་པའི་གནད་དོན་སོགས་ཐག་རིང་ལུང་ཁུག་མི་རིགས་ས་ཁུལ་གྱི་སློབ་གསོར་གནས་པའི“ཞན་ཆ”ཞུས་པ་རེད།
        “ཁྱེད་ཀྱིས་བཏོན་པའི་གནད་དོན་དོན་དངོས་དང་མཐུན་པོ་འདུག ཁ་ཉིན་ང་ཧྲུའུ་ཁྲེང་རྫོང་ཤེས་དཔལ་ཡའོ་རིགས་ཤང་གི་སློབ་ཆུང་དང་པོར་ཕྱིན་པ་ཡིན། སློབ་གྲྭའི་ནང་སློབ་ཁྲིད་ཐོག་ཁང་དང་། ཉལ་ཁང་། ཟ་ཁང་བཅས་ཡོད་པ་མ་ཟད། འཚོ་བཅུད་ལྡན་པའི་དགུང་ཟས་ལ་རིན་པ་སྤྲོད་དགོས་མེད་པ་དང་ཕྲུ་གུ་ཚོའང་སྤྲོ་བ་འཕེལ་བ་ཞིག་འདུག དེ་ཐོག་ནས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དུ་ང་ཚོས་འོས་འགན་སློབ་གསོ་ཁྱབ་གདལ་ཅན་གྱི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱས་མོད། འོན་ཀྱང་སློབ་གསོའི་ཐོན་ཁུངས་དོ་སྙོམས་མེད་པའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པ་མཚོན་གྱི་ཡོད། ‘ལོ་ལྔ་ཚན་བཅུ་བཞི་པའི’རིང་གནད་དོན་དེར་ཞིབ་འཇུག་ཡག་པོ་བྱས་ནས་ཐག་གཅོད་ནུས་ལྡན་བྱེད་དགོས”ཞེས་ལན་བསྐྱོན་གནང་བ་རེད།
        དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་ཕན་ཚུན་སྦྲེལ་མཐུད་ཀྱི་ལམ་སྲོལ་འཛུགས་དགོས་པ་དང་། དེང་དུས་ཞིང་ལས་འཁོར་རྒྱུག་གི་མ་ལག་འཆར་འགོད་ཀྱིས་འཛུགས་དགོས་པ། གཞི་རིམ་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱུན་འཁྱོངས་ལྷོད་མེད་ངང་དམ་འཛིན་བྱེད་དགོས་པ་སོགས“ཞིང་གསུམ”གནད་དོན་ལ་དམིགས་ཏེ། ལུང་ཧུའེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཡུང་ཧུང་གིས་འདོན་ཐེངས་གཅིག་ལ་གྲོས་འགོ་གསུམ་བཞི་ཙམ་བཏོན་པ་རེད།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནད་དོན་རེ་རེ་བཞིན་ལ་ལན་བསྐྱོན་གནང་བ་སྟེ། དབུལ་སྒྲོལ་དང་དབུལ་ཞྭ་ཕུད་པ་ནི་མཇུག་འགྲིལ་བ་ཞིག་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པ་བྱེད་འགོ་འཛུགས་པ་ཞིག་ཡིན། འཕེལ་རྒྱས་འགྲོ་འགོར་བའི་གནད་དོན་དང་རྒྱུན་ཆད་མེད་པར་ཐོན་བཞིན་པའི་དབུལ་པོའི་གནད་དོན་གསར་པ་དག་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ནང་བཅུག་ནས་ཐག་གཅོད་བྱེད་དགོས་པ་དང་། ཞིང་ལས་དེང་རབས་ཅན་ནི་ཞིང་པའི་བསམ་བློའི་འདུ་ཤེས་ཟབ་ཏུ་དང་ཚན་རྩལ་གྱི་བྱང་ཚད་མཐོར་གཏོང་དང་ཁ་འབྲལ་ཐབས་མེད། དེས་ན་དེང་རབས་ཅན་གྱི་བྱང་ཚད་ལྡན་པའི་ཞིང་པར་བརྟེན་དགོས་པ་དང་ཤེས་ལྡན་པ་མེད་ན་འགྲིག་ཐབས་མེད། གཞི་རིམ་ཏང་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བར་གྲོང་གསེབ་ནི་སྔར་མུས་བཞིན་གལ་ཆེའི་ནང་གི་འགངས་ཆེན་རེད། ཏང་གིས་གྲོང་གསེབ་ཀྱི་གཞི་རིམ་ལས་དོན་ལ་འགོ་ཁྲིད་པའི་ནུས་པ་ཆུང་དུ་གཏོང་མི་རུང་བ་དང“ཧྲུའུ་ཅི་དང་པོའི”ལམ་ལུགས་མུ་མཐུད་ལག་ལེན་བསྟར་དགོས།
        “མི་དམངས་མང་ཚོགས་ལ་ཕུན་སུམ་ཚོགས་པའི་བློ་གྲོས་དང་གསར་གཏོད་ཀྱི་ནུས་པ་ཆེན་པོ་ལྡན་ཡོད། ཚང་མས་བཤད་པ་གསོན་ཉམས་དོད་ལ་དོན་དངོས་དང་མཐུན་པོ་འདུག”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲེལ་ཡོད་ཕྱོགས་ཁག་ལ་ཚང་མས་བཏོན་པའི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་ནན་ཏན་གྱིས་དང་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
རྒྱལ་ཁབ་སྟོབས་ཆེན་དང་མི་དམངས་འབྱོར་ཕྱུག་ལྡན་པ་ཡོང་བར་བྱེད་པ།
        ཟླ་9ཚེས་16ཉིན་གྱི་ཕྱི་དྲོ། ཧྲ་ཀྲོའུ་གྲོང་ཚོའི་དེང་དུས་ཞིང་ལས་ཡུལ་སྐོར་དཔེ་སྟོན་རྟེན་གཞིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྐྱོར་ཐོན་ལས་དང་ཞིང་ལས་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་བ་རེད།
        སྦྲང་ཆར་ཟིལ་མའི་ཁྲོད་སྡོང་པོར་བཏགས་པའི་སྤྲེལ་ཁམ་ནི་འགྲམ་ཆུ་ཤོར་དགོས་པ་ཞིག་ཡོད། ས་གནས་དེ་གའི་ལས་བྱེད་པས། ཉེ་འཁོར་གྱི་གྲོང་ཚོ་4ཡི་དུད་ཚང་དབུལ་པོས་ས་ཞིང་མ་རྐང་ནང་བཞག་པ་དང་གྲངས་ཉུང་ཡིད་རྟོན་དངུལ་བུན་མ་རྐང་ནང་བཞག་པ་སོགས་ཀྱི་རྣམ་པའི་ཐོག་ནས་མིག་མདུན་གྱི་མུའུ་240ཡོད་པའི་སྤྲེལ་ཁམ་འདེབས་འཛུགས་གླིང་ནང་ཞུགས་པ་ལས། དུད་ཚང་དབུལ་པོ་327ལ་ལོ་རེར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་1500བྱུང་ཡོད་ཅེས་སྤྱི་ཁྱབ་ཧྲུའུ་ཅིར་ཞུས།
        སྤྲེལ་ཁམ་འདེབས་འཛུགས་གླིང་གི་ཁ་སྤྲོད་ནི་བཅའ་ལྒ་འདེབས་ཁུལ་རེད།
        “ང་ཚོ་ཧྲུའུ་ཁྲེང་རྫོང་གི་བཅའ་ལྒ་གཙང་ལ་བྲོ་བ་ཆེ་བས་ཚལ་བརྔོ་བའི་སྨན་སྣ་ཡག་པོ་ཞིག་ཡིན”ཞེས་འདེབས་འཛུགས་དུད་ཆེན་ཀྲང་ཡིའུ་ཧྥ་ཡིས་བཅའ་ལྒ་ཡི་མྱུ་གུ་ཁ་ཤས་བཀོག་སྟེ་སྤྱི་ཁྱབ་ཧྲུའུ་ཅིར་ཕུལ། ཁོང་གིས་དེར་ཞིབ་ཕྲ་གཟིགས་ནས་དངོས་གནས་སྐྱེ་འཚར་བཟང་པོ་བྱུང་འདུག་ཅེས་གསུངས་པ་རེད།
        ཀྲང་ཡིའུ་ཧྥ་ཡིས། “བཅའ་ལྒ་མུའུ་རེ་ནས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཡོང་གི་འདུག ང་ཚོའི་མཉམ་ལས་ཁང་གིས་ཞིང་དུད་11མ་དངུལ་དང་ས་ཞིང་མ་རྐང་ནང་ཞུགས་པའི་རྣམ་པའི་ཐོག་ནས་བསྡུས་པ་ཡིན། ཁོང་ཚོར་མུའུ་རེ་ནས་བརྒྱུད་བཤུག་གྲོན་དངུལ་སྒོར་400ལེན་རྒྱུ་ཡོད་པ་མ་ཟད། རྣམ་ཀུན་ཞིང་ནང་དུ་ལས་ཀ་བྱས་པར་ཡང་ཉིན་གྲངས་བཞིན་གླ་ཕོགས་ལེན་རྒྱུ་ཡོད། དེ་ལྟར་བརྩིས་ན་ལོ་འཁོར་མོར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་8000ལྷག་ཙམ་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅིར་ཞུས།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགྱེས་ཚོར་ཆེན་པོའི་ངང“མཉམ་ལས་ཁང་གི་རྣམ་པའི་ཐོག་ནས་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་བྱེད་མཁན་ད་ཆ་ཇེ་མང་དུ་ཕྱིན་འདུག གོམ་སྟབས་རྗེས་མར་ཁྲོམ་ར་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ་ཅ་ལག་ཡག་པོ་དེ་ཚོ་བྲིན་ཁ་རྒྱུག་པོ་ཡོང་བར་བྱས་ནས་ཞིང་འབྲོག་པར་ཕན་པ་དངོས་ཐོབ་པ་བྱེད་དགོས”ཞེས་གསུངས་པ་རེད།
        ཁྲེང་ཀྲོའུ་རུ་ཞིང་ལས་གནས་ཚུལ་ལ་གཟིགས་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲང་ཧྲ་རུ་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ལ་རྟོག་ཞིབ་གནང་བ་རེད།
        ཟླ་9ཚེས་17ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཆར་སིམ་ཁྲོད་དུ་ཧྲན་ཧོ་རིག་ནུས་སྒྲིག་ཆས་མ་རྐང་ཚད་ཡོད་ཀུང་སིར་ཕེབས་ཤིང་། ད་བར་ལོ་21སོང་བའི་ཁེ་ལས་དེས་སྒྲིག་ཆས་བཟོ་སྐྲུན་གྱི་ལས་ལ་རྩེ་གཅིག་ཏུ་གཞོལ་ནས་རང་བརྟེན་ཤེས་བྱའི་བདག་དབང་དང་ལྟེ་བའི་འགྲན་རྩོད་ནུས་པ་ལྡན་པའི་སྒྲིག་ཆས་ཐོན་རྫས་སྣ་ཁ་200ལྷག་ཙམ་ཞིབ་སྤེལ་བྱས་ཡོད་ལ། མིག་སྔར་གོ་ལ་ཧྲིལ་པོའི་ལས་གྲྭའི་འཕྲུལ་འཁོར་ཁེ་ལས་སྟོབས་ལྡན་50ཡི་གྲས་དང་འཛམ་གླིང་གི་རྐོ་འདྲུའི་འཕྲུལ་འཁོར་ཁེ་ལས་སྟོབས་ལྡན་20ཡི་གྲས་སུའང་ཚུད་ཡོད།
        དབྱིང་ཧོ་ཁུའུ་རོལ་རྩེད་རིག་གནས་བརྒྱུད་བསྒྲགས་སྨྱན་སྦྱོར་ཚད་ཡོད་ཀུང་སིའི་གང་སར་ལང་ཚོའི་སྐྱེ་སྟོབས་ཀྱི་དཔལ་འབར། “སྤྱི་ཁྱབ་ཧྲུའུ་ཅི་ལགས། འདི་ནི་ཧྲི་པཱ་ཏུང་གྲོང་ཚོའི་སྤྲེལ་ཁམ་རེད། ཉེ་ཆར་དྲ་ཐོག་སྔོན་འཚོང་མངགས་ཐོ་ཁྲི་10ཙམ་ཟིན་པ་ལས་ཤིང་འབྲས་འདེབས་མཁན་ཞིང་པ་མི་རེར་ཡོང་འབབ་སྒོར་2000ལྷག་ཙམ་མང་དུ་སོང་ཡོད། འདི་ནི་ཡོན་ལུང་ཕིང་གི་འབྲས་དང་ཤང་ཤིས་ཀྱི་བསྙལ་ཤ་རེད། དེ་གཉིས་མཉམ་དུ་བཟས་ན་འབྲས་ཕོར་པ་གསུམ་བཟའ་ཐུབ་ངེས་རེད”ཅེས“མཛེས་སྡུག་ཕྱོགས་སུ་མདུན་སྐྱོད་བྱེད”ཅེས་པའི་དྲ་ཐོག་ཟོག་ཚོང་གི་ཐད་གཏོང་ཁང་ཞིག་ཏུ་ཟོག་ཚོང་གཙོ་ཁྲིད་པའི་དགོད་བྲོ་བའི་ངོ་སྤྲོད་ལས་དེ་གར་དགོད་སྒྲ་ལྷང་ལྷང་དུ་གྲགས།
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་མར“རིག་གནས་ཐོན་ལས་ནི་གསར་དར་ཐོན་ལས་ཤིག་རེད། ད་ཆ་རིག་གནས་དང་ལག་རྩལ་མཉམ་འདྲེས་ཐུབ་ནས་རིག་གནས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་ལས་སྒྲུབ་མི་སྣ་ཡང་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད། དེར་བརྟེན་དེ་ནི་འཕེལ་རྒྱས་མྱུར་བའི་ཐོན་ལས་ཤིག་ཡིན་ལ། ཤེས་ལྡན་མི་སྣ་གཅིག་སྡུད་བྱ་ཡུལ་ཧ་ཅང་ཆེན་པོ་ཞིག་ཀྱང་རེད། ‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད་ནང་ཐོན་ལས་དེར་མཐོང་ཆེན་བྱེད་དགོས”ཞེས་གསུངས་པ་རེད།
        གླིང་ཁུལ་ནས་ཞལ་གྱེས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིག་གནས་ཐོན་ལས་ལ་འདུ་ཤེས་འཛིན་སྟངས་ཀྱི་ངོ་བོ་ལྡན་ལ། ཁྲོམ་རའི་ངོ་བོའང་ལྡན་ཡོད། འོན་ཀྱང་འདུ་ཤེས་འཛིན་སྟངས་ཀྱི་ངོ་བོ་ནི་རང་གཤིས་ཀྱི་ངོ་བོ་རེད། ད་གིན་ཁྱེད་ཚོས་གྱང་སྟེང་དུ‘སྟོན་ཕྱོགས་ལ་རྩ་བ་ནས་འགྱུར་བ་གཏོང་གི་མིན’ཞེས་བྲིས་པ་མཐོང་བྱུང་། ཁྱེད་ཚོའི་སྐད་ཆ་དེ་ཐོག་ནས་གནས་ལུགས་དེ་འདྲ་ཞིག་བརྗོད་ཆོག ཡང་དག་པའི་སྟོན་ཕྱོགས་ངེས་པར་དུ་སྟངས་འཛིན་ནན་པོ་བྱས་ཏེ་དྲང་སྲུང་གསར་གཏོད་མཐའ་འཁྱོངས་བྱས་ནས་རིག་གནས་ཐོན་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
ཁྲང་ཧྲ་རུ་བཞུགས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ཤང་རིག་གནས་ཀྱི་ས་གཤིས་མཚོན་རྟགས་གལ་ཆེན་ཡིན་པའི་ཧུའུ་ནན་སློབ་ཆེན་གཡོད་ལུའུ་རིག་གནས་འཆད་ཉན་ཁང་དུ་རྟོག་ཞིབ་གནང་བ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1