ལོ་ངོ་སྟོང་གི་གཟིམ་སྤོས་ཀྱི་དུས་རབས་གསར་པའི་གཟི་མདངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-24



       ལོ་ངོ་1300ལྷག་ཙམ་རིང་རྒྱུན་འཛིན་བྱས་པའི་སྙེ་མོའི་གཟིམ་སྤོས་བཟོ་རྩལ་ནི་སྐད་གྲགས་ཆེན་པོ་ཡོད་དེ། ཕུ་གསུམ་པར་བརྐོས་དང་ཞོ་ལེགས་བོད་ཤོག་བཅས་ཏེ་“སྙེ་མོའི་རྩལ་གསུམ”ཞེས་བརྗོད་ཀྱི་ཡོད། 2008ལོར་སྙེ་མོའི་གཟིམ་སྤོས་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་། 2013ལོར་རྒྱལ་ཁབ་ཀྱི་ཐོག་མའི་ཐོན་ཡུལ་སྲུང་སྐྱོང་གི་མཚོན་རྟགས་ཐོབ་པ་རེད།
འདི་ནི་སྙེ་མོ་རྫོང་ཐོན་མདའ་གྲོང་ཚོའི“ཆུ་འཐག་ཁྱམས་རིང”རེད། 
       བོད་ལྗོངས་ཀྱི་གཟིམ་སྤོས་ཐོན་ཡུལ་གྲགས་ཅན་སྙེ་མོ་རྫོང་ནི་དེ་སྔར་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་ཞིག་ཡིན་ཞིང་། རང་བྱུང་ཆ་རྐྱེན་ཅུང་ཞན་པའི་ཁར་ཐོན་ཁུངས་ཀྱི་རང་སྤུས་མི་འདང་བ་དང་དཔལ་འབྱོར་གྱི་རྨང་གཞིའང་ཞན། གཟིམ་སྤོས་ཐོན་ལས་གཞི་རྒྱ་ཇི་ལྟར་ཆེ་རུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ནས་དུས་རབས་འཕེལ་རྒྱས་དང་འཚམ་པའི་བགྲོད་ལམ་གསར་པ་ཞིག་འཚོལ་རྒྱུ་ནི་དུས་རབས་གསར་པར་བཏོན་པའི་ལོ་རྒྱུས་ཀྱི་ཚོད་བགམ་ཞིག་རེད། 
       ཤེས་རྟོགས་བྱུང་བར་གཞིགས་ན། སྙེ་མོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ལག་ཤེས་གཟིམ་སྤོས་ཐོན་སྐྱེད་ལྟེ་གནས་དང་གཟིམ་སྤོས་ཞིབ་འཇུག་གསར་སྤེལ་ལྟེ་གནས། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལྟེ་གནས། གཟིམ་སྤོས་དེང་རབས་ཐོན་ལས་གླིང་བཅས་ཁག་བཞིར་བྱས་པའི“ཕྱོགས་བཞི་གཞི་གཅིག”གི་གཟིམ་སྤོས་འཕེལ་རྒྱས་ཀྱི་སྒྲིག་གཞི་བཏོན་ཡོད་འདུག 
       སྲིད་གཞུང་གིས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་རོགས་སྐྱོར་ཆེན་པོ་བྱས་པར་མ་ཟད།  ཐོན་སྐྱེད་དང་བྲིན་ཚོང་། དྲིལ་སྒྲོག་སོགས་ལས་རིམ་ཆེན་པོ་འགའ་ཤས་ལའང་འགན་སྲུང་བྱས་ཡོད་པས། གཟིམ་སྤོས་ཕྱིར་ཚོང་བྱེད་ཚད་ཆེ་རུ་ཕྱིན་སོང་། གཟིམ་སྤོས་བཟོ་མཁན་གྱི་ཡོང་འབབ་མང་དུ་ཕྱིན་པས་གཟིམ་སྤོས་བཟོ་མཁན་མང་པོ་ཞིག་གི་འཚོ་བའི་གནོན་ཤུགས་ཆུང་དུ་ཕྱིན་ཡོདཔས་ན་བློ་རྩེ་གཅིག་སྒྲིམ་གྱིས་མི་རབས་ནས་མི་རབས་བར་བརྒྱུད་པའི་ལག་རྩལ་འདི་ཉིད་རྒྱུན་འཛིན་དང་དར་སྤེལ་གནང་པ་རེད། 
འདི་ནི་ཚེ་དབང་འཕྲིན་ལས་ཀྱིས་གཟིམ་སྤོས་ལེགས་སྒྲིག་བྱེད་བཞིན་པ་རེད།
       ཚེ་དབང་འཕྲིན་ལས་ནི་ཕན་ཁེ་ཐོབ་མཁན་གྲས་ཤིག་ཡིན་ཏེ། ཆུང་དུས་ཁོས་ནང་མི་དང་མཉམ་དུ་གཟིམ་སྤོས་བཟོས་རྗེས་རྫོང་དུ་འཁྱེར་ནས་སིལ་ཚོང་བྱེད་ཀྱི་ཡོད་པ་དང་། དེ་དུས་ཐོན་ཚད་དམའ་ལ་ཡོང་འབབ་ཀྱང་ཉུང་། ད་ལྟ་ཚེ་དབང་འཕྲིན་ལས་ལ་རང་ཉིད་ཀྱི་གཟིམ་སྤོས་བཟོ་ལས་ཀུང་སི་ཞིག་ཡོད་དེ། གཟིམ་སྤོས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་པ་དང་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། ཡུལ་མི་ཚོར་ལས་ཞུགས་ལས་གནས་ཀྱང་མཁོ་འདོན་བྱས་ཡོད། སྲོལ་རྒྱུན་གྱི་གཟིམ་སྤོས་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་ནས་ཁོས་གཟིམ་སྤོས་ཐོན་ལས་ཀྱི་གཞི་རྒྱ་ཆེ་རུ་གཏོང་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད། 
       གཟིམ་སྤོས་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱིས་གཟིམ་སྤོས་ཞིབ་འཇུག་གསར་སྤེལ་དང་རིམ་སྤར་གནང་པ་དེས་ཚེ་དབང་འཕྲིན་ལས་ཀྱི་ཀུང་སིར་ཕན་ཐོགས་པ་རེད། གཟིམ་སྤོས་བཟོ་མཁན་གྱིས་མི་རབས་བར་བརྒྱུད་པའི་སྨན་སྦྱོར་དང་ཉམས་མྱོང་ཁོ་ནར་བརྟེན་པ་ཡིན་ན་ཁྲོམ་ར་རྒྱ་ཆེར་གཏོང་དགོས་པའི་གཟིམ་སྤོས་ཐོན་ལས་ངོས་ནས་བརྗོད་ན་བཀག་རྒྱའི་རང་བཞིན་ངེས་ཅན་ལྡན་ཡོད་པས། གཟིམ་སྤོས་ཀྱི་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱིས་སྲོལ་རྒྱུན་གཟིམ་སྤོས་བཟོ་བའི་རྨང་གཞིའི་ཐོག  གསར་གཏོད་དང་རིམ་སྤོར་བྱས་ནས་དེའི་ནུས་པ་དང་སྤྱོད་སྒོ་དག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་ཁྲོམ་རའི་དགོས་མཁོ་དང་འཚམ་པར་བྱས་ཡོད། གཟིམ་སྤོས་མཐུན་ཚོགས་ཀྱི་ཀྲུའུ་ཞི་མིག་དམར་བསམ་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། གཟིམ་སྤོས་ཞིབ་འཇུག་གསར་སྤེལ་ལྟེ་གནས་བཙུགས་པ་ནས་བཟུང་མེ་སྒྲོན་མི་དགོས་པའི་ཁོར་ཡུག་སྲུང་སྐྱོང་གི་གཟིམ་སྤོས་དང་། ལུས་གསོའི་ཕན་ནུས་ལྡན་པའི་སྨན་སྤྱོད་གཟིམ་སྤོས་སོགས་གཟིམ་སྤོས་མང་པོ་ཞིབ་འཇུག་གསར་སྤེལ་གནང་ཡོད་པ་རེད། 
འདི་ནི་སྙེ་མོ་རྫོང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལྟེ་གནས་རེད། 
       བོད་སྐྱོར་མ་དངུལ་སྒོར་ཁྲི་1182བཏང་ནས་བསྐྲུན་པའི་སྙེ་མོ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལྟེ་གནས་ནི་“སྙེ་མོའི་རྩལ་གསུམ”གྱི་སྐར་ཁུང་གལ་ཆེན་ཞིག་ཡིན་ཏེ། སྙེ་མོ་རྫོང་གི་གཟིམ་སྤོས་ཐོན་ལས་འཕེལ་རྒྱས་གཏོང་བའི་“ཕྱོགས་བཞི་གཞི་གཅིག”འཛུགས་སྐྲུན་གྱི་གྲས་ཤིག་ཀྱང་རེད། སྙེ་མོ་རྫོང་གི་རྫོང་དཔོན་གཞོན་པ་ཡན་ཙེ་ལུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འགྲེམས་སྟོན་ལྟེ་གནས་དེས་“གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ”གྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་“མངོན་མིན་རིག་གནས་ཤུལ་བཞག+ཡུལ་སྐོར”གྱི་མཉམ་འགུལ་བྱེད་སྟངས་སྤྱད་དེ། སྙེ་མོ་རྫོང་གི་རིག་གནས་ཁེ་ལས་དང་མཉམ་ལས་ཁང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལྟེ་གནས་སུ་བཅའ་སྡོད་བྱེད་པར་གཙོ་གནད་ཐོག་བསྡུ་ལེན་དང་རོགས་སྐྱོར་བྱས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་ཕྱིར་འཚོང་ཐབས་ལམ་རྒྱ་སྐྱེད་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་ཕྱིར་ཚོང་བྱེད་པའི་ཐབས་ལམ་ཇེ་མང་དུ་གཏོང་བ་དང་ཆབས་ཅིག   མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུ་དེ་ས་གནས་དེ་གའི་དཔལ་འབྱོར་ལ་སྐུལ་ཁྲིད་དང་སྙེ་མོའི་སྐད་གྲགས་ཆོད་ཚད་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་རིག་གནས་དགོས་མཁོ་སྐོང་བ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།
       ལོ་50ལ་སླེབས་པའི་གཟིམ་སྤོས་བཟོ་མཁན་ཟླ་བསམ་ནི་ཞིང་པ་དཀྱུས་མ་ཞིག་ཡིན་ཏེ། ད་ལྟ་ཁོང་གིས་སྙེ་མོ་རྫོང་གི་གཟིམ་སྤོས་ཐོན་ལས་གླིང་དུ་གཟིམ་སྤོས་བཟོ་ཤེས་ཡོད་པ་མ་ཟད།  ཁྱིམ་མི་ཚང་མ་ཨེན་ཙེས་སྡོད་ཁུལ་དུ་གནས་སྤར་ཡོད་དེ། ད་ཆ་ཁྱིམ་གྱི་བྱིས་པ་གསུམ་པོར་དེ་བས་ལེགས་པའི་འཚོ་བའི་ཆ་རྐྱེན་ལྡན་པའི་སྐོར་གླེང་སྐབས་ཟླ་བསམ་གྱི་གདོང་ལ་འཛུམ་མདངས་ཀྱིས་ཁེངས་བྱུང་། 
འདི་ནི་ཟླ་བསམ་རེད།
       ཟླ་བསམ་གྱི་བདེ་སྐྱིད་ཚོར་སེམས་ནི་སྙེ་མོ་རྫོང་གཟིམ་སྤོས་ཐོན་ལས་གླིང་གི་གནད་སྨིན་དབུལ་སྐྱོར་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱས་པ་ལས་བྱུང་བ་ཞིག་ཡིན་ཏེ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་དང་མི་རིགས་ལག་ཤེས་བཟོ་ལས་དེང་རབས་ཅན་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་དུས་མཚུངས་སུ། སྙེ་མོ་རྫོང་གཟིམ་སྤོས་ཐོན་ལས་གླིང་གིས་“ཏང་རྩ་འཛུགས་དང་སྣེ་འདྲེན་ཁེ་ལས། མཉམ་ལས་ཁང་། དུད་ཚང་དབུལ་པོ་བཅས་ཟུང་དུ་སྦྲེལ་བའི་”“ཕྱོགས་བཞི་གཞི་གཅིག”གི་དབུལ་སྐྱོར་སྐུལ་ཁྲིད་ལམ་སྲོལ་ལག་ལེན་བསྟར་ཡོད་ལ། ཨེན་ཙེ་གྲོང་ལྷན་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་30ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པ་དེས་གཟིམ་སྤོས་བཟོ་སྐྲུན་ཀུང་སིའི་གཉེར་སྐྱོང་བྲིན་ཚོང་དང་སྤྱི་ཚོགས་ཀྱི་འགན་འཁྲི་མངོན་འགྱུར་ཡོང་རྒྱུར་ཁྲིད་སྟོན་གྱི་ནུས་པ་ཐོན་ཡོད་པ་རེད། 
འདི་ནི་སྙེ་མོ་རྫོང་གཟིམ་སྤོས་ཐོན་ལས་གླིང་གི་སྒོ་ཆེན་རེད།
       ཉེ་བའི་ལོ་ཤས་རིང་གཟིམ་སྤོས་བཟོ་མཁན་ཁེ་ལས་མང་པོ་ཞིག་གིས་མཉམ་འབྲེལ་དྲ་རྒྱ་ལ་བརྟེན་ནས་དྲ་ཐོག་ནས་ཕྱིར་ཚོང་ཐུབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཁེ་ལས་དེ་དག་གིས་ད་དུང་ཆེད་ལས་གློག་རྡུལ་ཚོང་དོན་ཚོགས་པ་དང་མཉམ་ལས་བྱས་ཏེ་ཐད་གཏོང་ཟོག་འདྲེན་དང་བརྙན་ཐུང་དྲིལ་བསྒྲག་ས་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དྲ་ཐོག་ལས་སྒོ་མུ་མཐུད་རྒྱ་ཆེར་བཏང་ཡོད་པ་རེད། 
       ཐོན་པ་གཙང་འགྲམ་གྱི་ཆུ་འཁོར་གྱི་ལོ་ངོ་སྟོང་གི་སྐད་སྙན་དང་མཉམ་དུ་མི་སེམས་འགུལ་བའི་སྙེ་མོའི་གཟིམ་སྤོས་ལ་སྔར་བཞིན་དྲི་ཞིམ་འཐུལ་ཡོད་ཅིང་། གཟིམ་སྤོས་རྒྱུན་འཛིན་སྲུང་སྐྱོང་བྱེད་པ་དང་གཟིམ་སྤོས་ཞིབ་འཇུག་གསར་སྤེལ་བྱེད་པ། གཟིམ་སྤོས་འགྲེམས་སྟོན་དང་དྲིལ་བསྒྲགསབྱས་ནས་གཟིམ་སྤོས་ཐོན་ལས་ཅན་དང་ཚོང་ཟོག་ཅན། དེང་རབས་ཅན། “ཕྱོགས་བཞི་གཞི་གཅིག”གི་གཟིམ་སྤོས་འཕེལ་རྒྱས་ཀྱི་སྒྲིག་གཞི་བཅས་མངོན་འགྱུར་ཡོང་པའི་བར་སྙེ་མོའི་གཟིམ་སྤོས་རྒྱུན་འཛིན་ལ་དུས་རབས་ཀྱི་ནང་དོན་གསར་པ་བསྩལ་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1