ཟླ11པ་ནས་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས7པ་བྱ་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 09-24



     མིག་སྔར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་གྲ་སྒྲིག་ལས་དོན་ཁག་བདེ་བླག་ངང་སྤེལ་བཞིན་ཡོད། ཡོངས་ཁྱབ་ཞིབ་བཤེར་མི་སྣ་ཁྲི700ལྷག་ཙམ་ཟླ11ཚེས1ཉིན་ནས་བཟུང་དུད་ཚང་ཁྲི་སྟོང་མང་པོར་བསྐྱོད་དེ་ཡོངས་ཁྱབ་ཞིབ་བཤེར་གྱི་ཡུལ་དངོས་ཐོ་འགོད་བྱེད་མགོ་ཚུགས་རྒྱུ་རེད།
     ཚེས20ཉིན་སྐབས་བཅུ་གཅིག་པའི་ཀྲུང་གོའི་བསྡོམས་རྩིས་སྒོ་དབྱེ་ཉིན་མོའི་བྱེད་སྒོ་དང་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་དྲིལ་བསྒྲགས་ཟླ་བའི་མགོ་ཚུགས་མཛད་སྒོ་པེ་ཅིང་དུ་སྤེལ་ཞིང་། ད་ལོའི་སྒོ་དབྱེ་ཉིན་མོའི་བརྗོད་དོན་གཙོ་བོ་ནི“རྒྱལ་ཁབ་ཆེན་པོས་མིང་འདོན་པར། ཁྱེད་རང་ཡོད་དགོས”ཞེས་པ་དེ་རེད།
    རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཅིག་ལྕོགས་ཉིང་ཅི་ཀྲེ་ཡིས་བསྟན་དོན། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་འགག་རྩའི་དུས་སུ་སླེབས་སྐབས་སྤེལ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟག་དཔྱད་གལ་ཆེན་བཏང་བ་ཐེངས་ཤིག་རེད། མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལེགས་པོ་བྱས་ན་རང་རྒྱལ་གྱི་མི་འབོར་བསྡོམས་གྲངས་དང་། གྲུབ་ཚུལ།ཁྱབ་ཚུལ་སོགས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་གསལ་རྟོགས་ཡོང་བར་ཕན་པ་དང་། མི་འབོར་གྱི་འགྱུར་ལྡོག་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ཚན་རིག་དང་མཐུན་པར་གཏན་འབེབས། མི་འབོར་འཕེལ་རྒྱས་སྲིད་ཇུས་འཐུས་ཚང་དུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱེད་ཐུབ།
     “མི་འབོར་ཡོངས་ཁྱབ་ཞིབ་བཤེར་དེ་སྤྱི་དམངས་རེ་རེ་དང་འབྲེལ་བ་དམ་ཟབ་ཡོད། ཡོངས་བཤེར་ལས་ཐོབ་པའི་ཞིབ་ཕྲའི་གཞི་གྲངས་དང་ཆ་འཕྲིན་གྱིས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་དང་དེ་བཞིན་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་དཔྱད་གཞིའི་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱ་ཐུབ”ཅེས་ཉིང་ཅི་ཀྲེ་ཡིས་བཤད།
     ཉིང་ཅི་ཀྲེ་ཡིས་བསྟན་དོན། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པས་གློག་རྡུལ་ཅན་གྱི་བྱེད་ཐབས་སྤྱད་དེ་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱིས་རང་ངོས་ནས་རེའུ་མིག་སྐོང་བ་དང་། ཚང་མས་ལག་ཐོགས་ཁ་པར་སོགས་སྒུལ་བདེའི་མཐའ་སྣེ་སྤྱད་དེ་རང་ངོས་ནས་མི་སྒེར་དང་ཁྱིམ་ཚང་གི་ཆ་འཕྲིན་རེ་ཞུ་བྱ་རྒྱུའི་ལྕག་སྐུལ་བྱེད་ཀྱི་ཡོད། ད་ཐེངས་ཀྱི་ཡོངས་ཁྱབ་ཞིབ་བཤེར་ཐད་དྲ་སྦྲེལ་སྤྲིན་རྩིས་ལག་རྩལ་དང་། སྤྲིན་རྩིས་ཞབས་ཞུ། སྤྲིན་རྩིས་བེད་སྤྱོད་བཅས་སྤྱོད་རྒྱུ་དང་། བརྒྱུད་རིམ་ཧྲིལ་པོར་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་འགན་ལེན་བྱ་རྒྱུ་ཡིན། རྒྱ་ཆེའི་སྤྱི་ཚོགས་སྤྱི་དམངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ནང་ཞུགས་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས། རང་འགུལ་ངང་གཞོགས་འདེགས་དང་རེའུ་མིག་ཇི་མ་ཇི་བཞིན་དུ་བསྐངས་ཏེ་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་བདེན་པ་དང་ཡང་དག་ཡོང་བའི་འགན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
     ད་ཐེངས་ཀྱི་སྒོ་དབྱེ་ཉིན་མོའི་བྱེད་སྒོ་དེ་རྒྱལ་ཁབ་བསྡོམས་རྩིས་ཅུས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་མགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང་། པེ་ཅིང་གྲོང་ཁྱེར་བསྡོམས་རྩིས་ཅུས་དང་། པེ་ཅིང་གྲོང་ཁྱེར་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་མགོ་ཁྲིད་ཚོགས་ཆུང་ཐེངས་བདུན་པའི་གཞུང་ལས་ཁང་གིས་སྒྲུབ་འགན་འཁུར་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1