གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ཆ་རིས་སྐལ་བཟང་ཐོགས་མེད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༩ཚེས་༢༤ཉིན།

༄༅།།རི་བོ་དགེ་ལུགས་པའི་གཞུང་པོད་ལྔའི་འཆད་ཉན་གྱི་མ་ལག་ཐོག་མར་ཇི་ལྟར་གྲུབ་པའི་རྒྱུ་རྐྱེན་སྐོར་གླེང་བ།

རི་བོ་དགེ་ལུགས་པའི་གཞུང་པོད་ལྔའི་འཆད་ཉན་གྱི་མ་ལག་ཐོག་མར་ཇི་ལྟར་གྲུབ་པའི་རྒྱུ་རྐྱེན་སྐོར་གླེང་བ།①

 ཆ་རིས་སྐལ་བཟང་ཐོགས་མེད།
[ནང་དོན་གནད་བསྡུས།] རྩོམ་འདིའི་ནང་དུ་བོད་ཀྱི་ནང་པའི་གྲུབ་མཐའ་ཐམས་ཅད་ཀྱི་རྗེས་མ་རི་བོ་དགེ་ལུགས་པའི་འཆད་ཉན་གྱི་ཐབས་ལམ་གཙོ་བོ་སྟེ་གཞུང་བཀའ་པོད་ལྔའི་འཆད་ཉན་གྱི་ཐོག་མའི་མ་ལག་ཇི་ལྟར་གྲུབ་པའི་ཚུལ་དང་། དེ་ལྟར་གྲུབ་དགོས་པའི་འབྱུང་རྐྱེན། དུས་ནམ་ཞིག་ལ་གྲུབ་པ་སོགས་ཀྱི་ཐད་དུ་ཡིག་རིགས་ཚད་ཐུབ་འགའ་དཔྱད་གཞིར་བཟུང་ནས་རང་གི་ལྟ་ཚུལ་བཏོན་ཡོད།
[བརྡ་ཆད་གཙོ་བོ།] དགེ་ལུགས་པ། གཞུང་པོད་ལྔ། འཆད་ཉན་གྱི་མ་ལག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2019-01-00056-13
       རྒྱལ་བའི་བསྟན་པ་འདི་ཉིད་བོད་ཁ་བ་ཅན་གྱི་ལྗོངས་སུ་དར་བ་ནས་ད་ལྟའི་བར་བགྲང་བྱ་སྟོང་ཕྲག་ལྷག་འདས་པའི་དུས་ཡུན་གྱི་ཁྲོད་དུ། རྒྱལ་བློན་མཁས་གྲུབ་བློ་གྲོས་ཀྱི་རྩལ་རྫོགས་པ་མང་པོས་ནང་པའི་ཆོས་གཞུང་ལ་ཐོས་བསམ་ཉམས་བཞེས་བྱས་པའི་འབྲས་བུར་གྲུབ་པའི་མཐའ་ཡང་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་དུ་གྲགས་པ་སོགས་བྱུང་བས།བོད་ཡུལ་དུ་ནང་པའི་འཆད་ཉན་དང་ལྟ་གྲུབ་ཀྱི་དཔྱད་འབྲས་སྔར་རྒྱ་གར་རང་དུའང་ཐོན་མ་མྱོང་བ་ལྟ་བུའི་ཚད་ཆེས་མཐོན་པོར་སླེབས་མོད། བོད་ཀྱི་ནང་པའི་གྲུབ་མཐའ་ཐམས་ཅད་ཀྱི་ནང་ནས་ཆེས་རྗེས་མར་བྱུང་བའི་གྲུབ་མཐའ་ནི་རི་བོ་དགེ་ལུགས་པའི་གྲུབ་མཐའ་འདི་ཉིད་ཡིན་པས། འདི་ལ་གྲུབ་མཐའ་སྔ་མ་དག་གི་དགེ་མཚན་དང་ཡོན་ཏན་ཐམས་ཅད་ཕྱོགས་སྡུད་བྱས་པའི་འཕགས་ཆོས་ཡོད་ཚུལ་ཐུའུ་བཀྭན་གྲུབ་མཐར། “སྔོན་གྱི་དུས་སུ་སྟོད་འདུལ་དང་སྨད་འདུལ་དུ་གྲགས་པ་དེ་རྣམས་ཀྱི་འདུལ་བའི་སྡོམ་རྒྱུན་དང་བཤད་པ་དང་ལག་ལེན་ཐམས་ཅད་དང་། ཇོ་བོ་རྗེ་ནས་བཀའ་གདམས་པར་བརྒྱུད་པའི་ལམ་རིམ་དང་བློ་སྦྱོང་གི་གདམས་པར་གྲགས་པ་རྣམས་དང་། རྔོག་ལོ་ཡབ་སྲས་སོགས་ནས་བརྒྱུད་པའི་མངོན་པ། ཕར་ཕྱིན། དབུ་ཚད་ཀྱི་གཞུང་ཆེན་པོ་རྣམས་ཀྱི་བཤད་སྲོལ་དང་། མར་འགོས་སོགས་ལས་བརྒྱུད་པའི་གསང་འདུས། རྭ་འབྲོ་ཤོང་སོགས་ལས་བརྒྱུད་པའི་དུས་འཁོར། ས་ཆེན་ཡབ་སྲས་སོགས་ལས་བརྒྱུད་པའི་བདེ་མཆོག་དང་དགྱེས་རྡོར། དམར་གྱི་བླ་མ་རྣམས་ལས་བརྒྱུད་པའི་གསང་བདག་འཁོར་ལོ་ཆེན་པོ། རྭ་སྐྱོ་ཞང་གསུམ་ལས་བརྒྱུད་པའི་དམར་ནག་འཇིགས་གསུམ་གྱིས་མཚོན་མདོར་ན་རྒྱུད་སྡེ་བཞིའི་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་དབང་དང་རྒྱུད་ཀྱི་བཤད་པ། བསྐྱེད་རྫོགས་ཀྱི་ཁྲིད་སོགས་ཀྱི་གདམས་པ་ཟབ་མོ་མཐའ་ཡས་པ་རྣམས་དང་། བཀའ་བརྒྱུད་པའི་ཆོས་ཀྱི་སྙིང་པོ་བདེ་སྟོང་ཕྱག་རྒྱ་ཆེན་པོ་དང་། ནཱ་རོ་དང་ནི་གུའི་ཆོས་དྲུག་དང་། གཞན་ཡང་གཅོད་དང་། ལམ་ཁྱེར་དང་། རོ་སྙོམས་སུ་གྲགས་པ་སོགས་མན་ངག་ཟབ་མོར་བྱེད་པ་ཇི་སྙེད་མཆིས་པ་མཐའ་དག་མ་ཚང་བ་མེད་པ་དགེ་ལྡན་པ་ལ་མངའོ། །”②ཞེས་གསུངས་པ་ལྟར། རྗེ་ཐམས་ཅད་མཁྱེན་པས་དགུང་ལོ་བརྒྱད་པ་ནས་བཅུ་དྲུག་གི་བར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་མདུན་དང་། བཅུ་བདུན་(སྤྱི་ལོ་1373)ནས་སོ་དྲུག་(སྤྱི་ལོ་1392)གི་བར་དུ་དབུས་གཙང་ཕྱོགས་སུ་མདོ་སྔགས་ཀྱི་གཞུང་ལ་ཐོས་པ་གཙོ་བོར་མཛད་པ་དང་། དགུང་ལོ་སོ་དྲུག་ནས་ང་གསུམ་གྱི་བར་དུ་མདོ་སྔགས་ཀྱི་ལུས་ཡོངས་སུ་རྫོགས་པའི་ཉམས་ལེན་ལ་ཐུགས་གཞོལ་བ་དང་། དགུང་ལོ་ང་གསུམ་(སྤྱི་ལོ་1409)གྱི་སྟེང་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་པའི་བར་རི་བོ་དགེ་ལུགས་པའི་གྲུབ་མཐའི་རྨང་འདིང་བའི་དུས་སྐབས་ཡིན་ལ། དུས་འདི་ནས་བཟུང་རི་བོ་དགེ་ལུགས་པའི་གྲུབ་མཐའ་དོན་སྟེང་ནས་དབུ་བརྙེས་པ་དང་། དེ་མཐུན་གྱི་གཞུང་པོད་ལྔའི་འཆད་ཉན་གྱི་གཞི་ཡང་རྩལ་དུ་བཏོན་ནས་ཚུགས་པར་མཚོན་ཐུབ་པས། འདིར་དེའི་འཆད་ཉན་གྱི་མ་ལག་ཐོག་མར་ཇི་ལྟར་གྲུབ་པའི་འབྱུང་རྐྱེན་དང་རྒྱུ་ཆ་ནམ་གྲུབ་སོགས་ཀྱི་ཚུལ་ཅུང་ཟད་ཙམ་གླེང་བར་འདོད་དོ། །
དང་པོ། གཞུང་པོད་ལྔའི་འཆད་ཉན་གྱི་ཐོག་མའི་རྨང་གྲུབ་ཚུལ་ལ་དཔྱད་པ།
       གཅིག འགྱུར་གཞུང་ཁྲོད་བཞུགས་པའི་བཀའ་པོད་ལྔའི་འཆད་ཉན་གྱི་ཐོག་མའི་ཡིག་ཆའི་སྐོར། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་རིང་དུ་ནང་པའི་ཆོས་གཞུང་བོད་ལ་སྒྱུར་བའི་དབུ་བཙུགས་པ་ནས་བཟུང་།ནང་ཆོས་ལ་འཆད་ཉན་བྱེད་སའི་གཞུང་ལུགས་ཀྱི་རྨང་གཞི་ཞིག་མི་མངོན་པའི་ཚུལ་དུ་འགྲུབ་བཞིན་ཡོད་པ་བཤད་མ་དགོས་ལ། ལྷག་པར་དུ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་སླེབས་པ་ནས་བོད་ཀྱི་ནང་པའི་དགོན་སྡེའི་ཐོག་མ་བསམ་ཡས་གཙུག་ལག་ཁང་བཞེངས་ཤིང་། དེར་བརྟེན་ནས་ནང་ཆོས་ལ་ཆེད་གཉེར་གྱིས་འཆད་ཉན་དང་སློབ་སྦྱོང་བྱེད་མཁན་གྱི་དགེ་འདུན་གྱི་སྡེའི་ཐོག་མའང་བྱུང་བས། དུས་དེ་ནས་བཟུང་རྒྱལ་བའི་གསུང་རབ་བོད་འགྱུར་གནང་སྐབས་ཀྱང་སྔར་དང་མི་འདྲ་བར་གདམ་ང་དང་འཆར་གཞི་ཡོད་པའི་སྒོ་ནས་འཆད་སྒྱུར་སྤེལ་གསུམ་གྱི་ལས་ལ་ཞུགས་པ་རེད།ཡིན་ནའང་སྐབས་དེར་ཆོས་གཞུང་ལ་བསླབ་གཉེར་བྱེད་སྟངས་དང་བསླབ་གཞིའི་ཡིག་རིགས་ཇི་ལྟར་ཡིན་པའི་དཔྱད་གཞིའི་གཙུག་ལག་ཅིག་ད་སྔའི་བར་མཐོང་གནས་སུ་མ་གྱུར་པས། འདི་ལྟ་བུའོ་ཞེས་གསལ་ཐག་ཆོད་པ་ཞིག་ཁ་ཚོན་གཅོད་དཀའ་ཡང་། སྤྱི་ལོ་དུས་རབས་བརྒྱད་པ་ནས་བཅུ་གཅིག་པའི་དཀྱིལ་སྟོད་ཙམ་ཡན་ལ་ཏུན་ཧོང་བྲག་ཕུག་ཏུ་བག་ལ་ཉལ་བའི་བོད་ཡིག་གཏེར་ཡིག་གི་ཁྲོད་དུ་གཞུང་བཀའ་པོད་ལྔའི་ཕྱོགས་གཏོགས་ཀྱི་བསྟན་བཅོས་མང་པོ་བཞུགས་པ་དང་། དེ་མཚུངས་སྔོན་དུས་ཡར་ལུངས་འཕང་ཐང་ཀ་མེད་ན་བཞུགས་པའི་བཀའ་བསྟན་མདོ་ཕྱོགས་གཙོ་ཆེ་བའི་དཀར་ཆག་ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་བསྒྲིགས་པ་བཙན་པོའི་དུས་ཀྱི་དཀར་ཆག་འཕང་ཐང་མར་ཡང་། ད་ལྟའི་གཞུང་པོད་ལྔའི་འཆད་ཉན་གྱི་མ་ལག་གམ་རྩ་བར་གྱུར་པའི་བསྟན་བཅོས་མང་པོ་ཞིག་བཞུགས་ཏེ། དཔེར་ན། ཚད་མའི་ཕྱོགས་ལ་སློབ་དཔོན་ཆོས་གྲགས་ཀྱི་《རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་》རྩོམ་འཕྲོ་བམ་པོ་བཅུ་གཅིག་ཅན་དང་། 《ལས་དང་འབྲས་བུའི་འབྲེལ་བ་བརྟག་པ་》བམ་པོ་གཉིས་ཅན་དང་དེའི་བཤད་པ་བམ་པོ་གསུམ་ཅན། 《གཏན་ཚིགས་ཐིགས་པའི་རྩ་བ་》ཤུ་ལོག་ཉིས་བརྒྱ་ཅན་དང་དེའི་བཤད་པ་བམ་པོ་བཅུ་གཉིས་ཅན། 《རིགས་པའི་ཐིགས་པ་》བམ་པོ་གཅིག་ཅན་དང་དེའི་བཤད་པ་སློབ་དཔོན་དྷརྨ་ཨུཏ་ཏ་རས་མཛད་པ་དང་། དེའི་རྒྱ་ཆེར་འགྲེལ་པ་བམ་པོ་གསུམ་ཅན་སོགས་དང་། 《རྒྱུད་གཞན་སྒྲུབ་པའི་རབ་ཏུ་བྱེད་པ་》ཤུ་ལོག་བརྒྱ་ཅན་དང་དེའི་བཤད་པ་བམ་པོ་གཅིག་དང་ཤུ་ལོག་བརྒྱ་ལྔ་བཅུ་རྩ་ལྔ་ཅན། འབྲེལ་བ་བརྟག་པ་གསུམ་ཕྲུགས་ལ་བམ་པོ་གཉིས་དང་ཤུ་ལོག་ཉི་ཤུ་རྩ་བཞི་ཅན། 《དམིགས་པ་བརྟག་པའི་རབ་ཏུ་བཤད་པ་》དང་དེའི་འགྲེལ་པ་ཤུ་ལོག་སུམ་ཅུ་རྩ་བཞི་ཅན། འགྲེལ་བཤད་བམ་པོ་གཅིག་ཅན་སོགས་《ཚད་མ་སྡེ་བདུན་》གཙོས་པའི་ཚད་གཞུང་མང་པོ་དང་།③ ཕར་ཕྱིན་གྱི་ཕྱོགས་ལ་《མངོན་པར་རྟོགས་པའི་རྒྱན་》བམ་པོ་གཉིས་ཅན་དང་། 《མངོན་པར་རྟོགས་པའི་རྒྱན་གྱི་རྒྱ་ཆེར་འགྲེལ་པ་》བམ་པོ་དྲུག་ཅན་དང་།④ དབུ་མའི་ཕྱོགས་ལ་སློབ་དཔོན་ཀླུ་སྒྲུབ་ཀྱི་《དབུ་མ་རྩ་བ་ཤེས་རབ་ཀྱི་ཚིག་ལེའུར་བྱས་པ་》དང་། དེའི་འགྲེལ་པ་《ཤེས་རབ་སྒྲོན་མེ་》བམ་པོ་ཉི་ཤུ་ཅན། 《བུདྡྷ་པ་ལི་ཏ་》བམ་པོ་བཅུ་ཅན། ག་ལས་འཇིགས་མེད་བམ་པོ་བདུན་ཅན་སོགས་དང་། གཞན་ཡང་དབུ་མ་རིགས་ཚོགས་ཀྱི་གྲས་མང་པོ་བཞུགས་ལ།⑤ (དཀར་ཆག་འཕང་ཐང་དང་ལྡན་དཀར་མ་གཉིས་ཀར་སློབ་དཔོན་ཟླ་གྲགས་ཀྱི་《དབུ་མ་འཇུག་པའི་ཚིག་ལེའུ་བྱས་པ་》དང་། 《དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་བ》 《དབུ་མ་འཇུག་པའི་བཤད་པ་》སོགས་ཀྱི་མཚན་བྱང་བཀོད་མེད་ལ། དེ་དག་ནི་ཕྱི་དར་སྐབས་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་སོགས་ཀྱིས་ཐོག་མར་བོད་ལ་བསྒྱུར་བ་ཡིན་ཚུལ་བསྟན་འགྱུར་ཁྲོད་ཀྱི་བསྟན་བཅོས་རང་རང་གི་འགྱུར་བྱང་ལས་གསལ་པོར་རྟོགས་ནུས། ཡིན་ནའང་། ད་ལྟའི་བསྟན་འགྱུར་དུ་བཞུགས་པ་ལྟར་ན་སློབ་དཔོན་ཟླ་བ་གྲགས་པའི་《རིགས་པ་དྲུག་ཅུ་པའི་འགྲེལ་པ་》གཅིག་པུ་ནི་སྔ་དར་དུས་སུ་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བསྒྱུར་འདུག་པར་གསལ་ལོ། །) མངོན་པ་མཛོད་ཀྱི་ཕྱོགས་ལ་སློབ་དཔོན་དབྱིག་གཉེན་གྱི་《ཆོས་མངོན་པ་⑥མཛོད་ཀྱི་ཚིག་ལེའུར་བྱས་པ་》བམ་པོ་གཉིས་དང་ཤུ་ལོག་བརྒྱ་ཅན་དང་དེའི་འགྲེལ་པ་བྷ་སུ་བན་དྷུས་མཛད་པ། གཞན་ཡང་འགྲེལ་པ་སློབ་དཔོན་སཾ་གྷ་བྷ་ཏྲས་མཛད་པ་བམ་པོ་བཅོ་ལྔ་ཅན། འགྲེལ་བཤད་ཨ་ཤོ་མི་ཏྲས་མཛད་པ་བམ་པོ་དྲུག་ཅན་སོགས་དང་།⑦འདུལ་བའི་ཕྱོགས་ལ་《འདུལ་བའི་མདོ་》བམ་པོ་དགུ་ཅན་དང་། 《འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ་》བམ་པོ་བདུན་ཅུ་ཅན་དང་《སོ་སོ་ཐར་པའི་མདོའི་གཞུང་འགྲེལ་》བམ་པོ་ཉི་ཤུ་རྩ་བདུན་ཅན། གཞན་ཡང་《སོ་སོར་ཐར་པའི་མདོ་》དང་། དེའི་རྒྱ་ཆེར་འགྲེལ་པ་བམ་པོ་ལྔ་བཅུ་ཅན། 《སུམ་བརྒྱ་པ་》བམ་པོ་གཅིག་ཅན་དང་དེའི་འགྲེལ་པ་འོད་ལྡན་⑧སོགས་ཀྱིས་མཚོན་པའི་མདོ་རྒྱུད་བསྟན་བཅོས་མང་པོ་ཞིག་གི་འགྱུར་བྱང་གསལ་བར་བཀོད་འདུག་པ་དང་། ལྷག་པར་དུ་ད་ལྟའི་བསྟན་འགྱུར་གྲས་སུ་བཞུགས་པའི་བཙན་པོའི་དུས་ཀྱི་བསྟན་བཅོས་ཀྱི་དཀར་ཆག་ལྡན་དཀར་མར་གྲགས་པར་དེ་བས་ཀྱང་འབྲེལ་ཡོད་བསྟན་བཅོས་ཀྱི་མཚན་བྱང་དང་། བམ་གྲངས། ཤོ་ལོ་ཀའི་གྲངས་ཚད་སོགས་ཞིབ་རྒྱས་སུ་བཀོད་པར་གཞིགས་ན། ཕྱིས་སུ་བྱུང་བའི་གཞུང་བཀའ་པོད་ལྔའི་འཆད་ཉན་གྱི་སློབ་གསོའི་མ་ལག་ཆགས་པའི་སྔོན་འགྲོའི་ཆ་རྐྱེན་མེད་མི་རུང་བ་ཞིག་ཏུ་གྱུར་འདུག་པ་བཤད་མ་དགོས་སོ། །
       གཉིས། བཤད་རྒྱུན་གྱི་སྒོ་ནས་བཀའ་པོད་ལྔའི་འཆད་ཉན་ཐོག་མར་གྲུབ་ཚུལ་སྐོར། རི་བོ་དགེ་ལུགས་པའི་གྲུབ་མཐའ་མ་བྱུང་བའི་ཡར་སྔོན་དུ། གཞུང་བཀའ་པོད་ལྔའི་མིང་བརྡ་དམིགས་ཀྱིས་སྦྱར་བའི་ཐོག་ནས་བཀའ་པོད་ལྔའི་འཆད་ཉན་གྱི་མ་ལག་བརྒྱུད་རིམ་ལྡན་པ་ཞིག་བྱུང་མེད་ནའང་། མདོ་རྒྱུད་བསྟན་བཅོས་གཞན་དག་དང་མཉམ་དུ་ཐོར་བུར་འཆད་ཉན་བྱེད་སྲོལ་ཞིག་ཆགས་ཡོད་པ་ནི་གཞུང་ཆེན་པོ་ཏི་ལྔའི་བཤད་རྒྱུན་བྱུང་བའི་སྟེང་ནས་ཚོད་དཔག་བྱེད་ནུས་ཏེ། དཔེར་ན། ཚད་མ་ལྟ་བུར་མཚོན་ན། བསྟན་པ་སྔ་དར་གྱི་དུས་སུ་《ཚད་མ་རྣམ་འགྲེལ་》གྱིས་མཚོན་པའི་ཚད་མའི་བསྟན་བཅོས་མང་ཙམ་བོད་དུ་བསྒྱུར་ཡོད་པ་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་པའི་བཙན་པོའི་སྐབས་ཀྱི་《དཀར་ཆག་འཕང་ཐང་མ་》དང་།《དཀར་ཆག་ལྡན་དཀར་མ་》དང་བསྟན་འགྱུར་ཁྲོད་ཀྱི་འབྲེལ་ཡོད་འགྱུར་བྱང་དག་ལས་ཤེས་ནུས་ལ།⑨ དེ་དག་བོད་ཡུལ་གྱི་བཤད་རྒྱུན་གྱི་དབང་དུ་བྱས་ན། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས། ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དུས་བྱང་ཆུབ་སེམས་དཔའ་ཞི་བ་འཚོས་ཚད་མའི་ཁོ་ན་ཉིད་བསྡུས་པ་དང་། ཀ་མ་ལ་ཤཱི་ལས་དེའི་འགྲེལ་པ་སྟོང་ཕྲག་བཅོ་བརྒྱད་པ་དང་། སྡེ་བདུན་ཕྱི་མའི་རྩ་འགྲེལ་གྱི་ཆ་ཤས་ཡེ་ཤེས་སྡེ་སོགས་ཀྱི་འགྱུར་ལ་བརྟེན་ནས་ལྷ་ས་དང་བསམ་ཡས་སུ་ཚད་མའི་བསྟན་བཅོས་ཀྱི་བཤད་ཉན་ཆ་ཤས་ཙམ་བྱུང་གྲགས་ཀྱང་རྐང་ཚུགས་པ་དང་རྒྱུན་ཆགས་སུ་མ་བྱུང་།⑩ ཞེས་དང་། གདན་རབས་ལྷའི་རྔ་ཆེན་ལས། བསྟན་པ་སྔ་དར་ལ་ཡང་ཚད་མའི་སྐོར་གྱི་འཆད་ཉན་དར་ཡང་། དེ་ནས་ཕྱི་དར་གྱི་བར་ལ་འདུལ་མངོན་ལྟར་བཤད་རྒྱུན་མ་ནུབ་པར་བཞུགས་པའི་ལོ་རྒྱུས་མེད་པར་མ་ཟད་བཤད་རྒྱུན་ཆད་པར་མངོན་ཏེ།⑾ ཞེས་གསུངས་པ་སོགས་ལ་གཞིགས་ན། བསྟན་པ་སྔ་དར་དང་ཕྱི་དར་གྱི་བར་དུ་ཚད་མའི་འཆད་ཉན་གྱི་བཤད་རྒྱུན་ཅུང་ཟད་རྒྱུན་ཆད་པར་གྱུར་པ་ཤེས་ནུས་མོད། དེ་ནས་རྨ་དགེ་བའི་བློ་གྲོས་⑿ཀྱིས་《ཚད་མ་རྣམ་འགྲེལ་》དང་། དེའི་《རང་འགྲེལ》《ལྷ་དབང་བློའི་འགྲེལ་པ》 《ཤཱཀྱ་བློའི་འགྲེལ་བཤད་》ལ་སོགས་པ་མང་དུ་བསྒྱུར་ཅིང་འཆད་ཉན་གྱིས་གཏན་ལ་ཕབ། དེ་ལས་མཆེད་ནས་དབུས་གཙང་གི་ཕྱོགས་སུ་ཚད་མའི་འཆད་ཉན་བྱུང་བ་ཡིན་ལ། དེའི་ཚེ་ཁྱུང་པོ་གྲགས་སེང་གིས་ཚད་མའི་བཤད་པ་མང་དུ་གནང་བས། དེ་དག་ལ་ཚད་མ་རྙིང་པ་ཞེས་སུ་གྲགས།ཕྱིས་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་⒀བྱོན་པ་ནས་རྣམ་འགྲེལ་ཡང་འགྱུར་མཛད་པ་⒁སོགས་ཀྱིས་ཚད་མའི་འཆད་ཉན་གྱི་བཤད་རྒྱུན་སླར་གསོ་མཛད་པས་དེ་ལ་ཡོངས་གྲགས་སུ་ཚད་མ་གསར་པ་ཞེས་འབོད་སྲོལ་བྱུང་། རྗེ་ཙོང་ཁ་པ་ཆེན་པོས་རྔོག་ལོའི་ཚད་མའི་བཤད་རྒྱུན་⒂དང་ས་སྐྱ་པཎ་ཆེན་གྱི་ཚད་མའི་བཤད་རྒྱུན་⒃སོགས་ལེགས་པར་གསན་ཏེ་ཚད་མའི་གཞུང་བཤད་མང་པོ་གནང་བ་དང་། དེ་བཞིན་དུ་དབུ་ཕར་དང་མཛོད་འདུལ་གང་ལ་མཚོན་ནའང་། བསྟན་པ་སྔ་དར་དུས་ཀྱི་བཤད་རྒྱུན་མ་ཉམས་པར་ཡོད་པའི་འབྲེལ་ཡོད་གཞུང་གི་རྩ་བ་དང་འགྲེལ་པ་འགྲེལ་བཤད་རྣམས་རིས་སུ་མ་ཆད་པའི་མཁས་གྲུབ་གོང་མ་དག་ལས་གསན་བཞེས་མཛད་པའི་ཚུལ་ལ་གཞིགས་ཚེ། ཕྱིས་ཀྱི་རི་བོ་དགེ་ལུགས་པའི་གཞུང་པོད་ལྔའི་འཆད་ཉན་གྱི་མ་ལག་འགྲུབ་པའི་ས་བོན་ནམ་ཆ་རྐྱེན་ཞིག་བག་ལ་ཞ་བའི་ཚུལ་གྱིས་ཐོན་ཡོད་པ་གསལ་པོར་རྟོགས་ནུས་སོ། །
       གསུམ། ཞལ་གདམས་བསླབ་བྱའི་སྒོ་ནས་བཀའ་པོད་ལྔའི་འཆད་ཉན་ཐོག་མར་གྲུབ་ཚུལ་སྐོར། རྗེ་ཙོང་ཁ་པ་ཆེན་པོ་དབུས་སུ་བསླབ་གཉེར་ལ་འབྱོན་སྐབས། ཁོང་གི་བླ་མ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རྗེ་ལ་དབུས་གཙང་དུ་ཕེབས་རྗེས་གཞུང་ལ་ཐོས་བསམ་གྱི་རིམ་པ་བསྟན་པའི་ཞལ་གདམས་བསླབ་བྱ་གནང་བ་ལས། གཞོན་ནུ་བློ་བཟང་གྲགས་པ་ཁྱོད། །སྔོན་སྦྱངས་དགེ་བའི་ལས་འཕྲོ་ཅན། །སྔོན་ཚེ་དམ་ཆོས་བདུད་རྩིའི་རོ། །འཐུངས་པའི་བག་ཆགས་ཡོད་པར་ངེས། །ཞེས་དང་། ཡང་དེ་ཉིད་ལས། ཡུམ་ཆེན་རྒྱས་འབྲིང་བསྡུས་གསུམ་གྱི། །རྒྱན་དུ་གྱུར་པའི་མངོན་རྟོགས་རྒྱན། །ཐོག་མར་བསླབ་ཅིང་ནན་ཏན་བྱ། །དེ་ལ་མཁས་པར་གྱུར་པ་ན། །ལུང་ཆོས་ཀུན་ལ་འཕྲིག་ཚུད་འགྱུར། །དེ་ཡང་སེམས་ཀྱི་ཟུར་ལ་ཞོག །དེ་ནས་བྱང་ཆུབ་སེམས་དཔའ་ཡི། །ལམ་དང་སྤྱོད་པའི་རྣམ་གཞག་དག །སྟོན་པར་བྱེད་པའི་མདོ་སྡེ་རྒྱན། །མཁས་པའི་ཡན་ལག་དག་ཏུ་བསླབ། །འཁོར་བ་མྱ་ངན་འདས་པ་ཡི། །རྟེན་དུ་སྟོན་པའི་ཆོས་དང་ནི། །ཆོས་ཉིད་རྣམ་འབྱེད་བསྟན་བཅོས་དང་། །ཐོག་མ་ཐ་མ་རྣམས་སྤངས་པའི། །དབུ་མའི་ལམ་ནི་སྟོན་པས་ན། །དབུས་དང་མཐའ་ནི་རྣམ་འབྱེད་དང་། །སེམས་ཀྱི་ཆོས་ཉིད་དག་པ་ནི། །སེམས་ཅན་ཀུན་ལ་ཡོད་པ་སྟེ། །དེ་ཉིད་བདེ་གཤེགས་སྙིང་པོར་ནི། །སྟོན་བྱེད་ཐེག་ཆེན་རྒྱུད་བླ་མ། །བྱམས་ཆོས་ལྔ་པོ་དེ་དག་ལ། །མཁས་པར་བྱེད་པའི་གོ་ཆ་གྱིས། །རྒྱས་པའི་བསྟན་བཅོས་རྣམ་འགྲེལ་དང་། །འབྲིང་དུ་སྟོན་པའི་རྣམ་ངེས་དང་། །ཤིན་ཏུ་བསྡུས་པ་རིགས་ཐིགས་ཏེ། །ལུས་དང་འདྲ་བའི་བསྟན་བཅོས་གསུམ། །གཏན་ཚིགས་ཐིགས་པ་འབྲེལ་བརྟག་དང་། །རྒྱུད་གཞན་སྒྲུབ་པ་རྩོད་རིགས་ཏེ། །འཕྲོས་པ་ཡན་ལག་ལྟ་བུ་ཟེར། །ཆོས་ཀྱི་གྲགས་པ་ལས་བྱུང་བའི། །ཚད་མ་སྡེ་བདུན་འཛམ་གླིང་ན། །སངས་རྒྱས་བསྟན་པ་གསལ་བྱེད་པ། །ཉི་མ་ཟླ་བ་ལྟ་བུར་གྲགས། །འདི་ཡི་འོག་ཏུ་དེ་རྣམས་སློབས། །དེ་ནས་འགའ་ཞིག་བརྗེད་འདུག དེ་ནས་མཚམས་ཞིག་ནས། བློ་གྲོས་བཟང་ལྡན་ཁྱོད་ཀྱིས་ནི། །མཐའ་བྲལ་ཆེན་པོའི་ལྟ་བ་ལ། ། གལ་ཏེ་མོས་པ་ཡོད་གྱུར་ན། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི། ། དབུ་མ་རིགས་པའི་ཚོགས་རྣམས་དང་། །དེ་ཡི་རྗེས་འབྲང་ཟེར་བ་ཞིག་ཡོད་དེ། །ལྷག་མ་རྣམས་བརྗེད་འདུག་གསུང་ངོ་། །⒄ཞེས་བཀོད་པར་གཞིགས་ན། རྗེ་ཙོང་ཁ་པ་ཆེན་པོ་དབུས་སུ་སླེབས་རྗེས་ཐོས་པ་བཙལ་བའི་ཐོག་མར་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་རྒྱན་དུ་གྱུར་པའི་བསྟན་བཅོས་མངོན་རྟོགས་རྒྱན་སྦྱང་དགོས་ཚུལ་དང་། དེ་ནས་དེ་ལ་སྦྱངས་ནས་མཁས་པར་གྱུར་པ་ན་མཁས་པའི་ཡན་ལག་ཏུ་བསྟན་བཅོས་བྱང་ཆུབ་སེམས་དཔའི་ལམ་དང་སྤྱོད་པའི་རྣམ་གཞག་སྟོན་པར་བྱེད་པའི་བསྟན་བཅོས་《མདོ་སྡེ་རྒྱན་》དང་། 《ཆོས་དང་ཆོས་ཉིད་རྣམ་འབྱེད》《དབུས་མཐའ་རྣམ་འབྱེད》《རྒྱུད་བླ་མ་》བཅས་བྱམས་ཆོས་ཕྱི་མ་བཞི་ལ་སྦྱང་དགོས་ཚུལ་དང་། དེ་ནས་དེའི་འོག་ཏུ་རྒྱས་པའི་བསྟན་བཅོས་《ཚད་མ་རྣམ་འགྲེལ་》དང་། འབྲིང་དུ་སྟོན་པའི་བསྟན་བཅོས་《ཚད་མ་རྣམ་ངེས》། ཤིན་ཏུ་བསྡུས་པ་《རིགས་ཐིགས་ཏེ་》གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་།དེའི་སྟེང་དུ་《གཏན་ཚིགས་ཐིགས་པ་》དང་། 《འབྲེལ་བ་བརྟག་པ》 《རྒྱུད་གཞན་སྒྲུབ་པ》 《རྩོད་པའི་རིགས་པ་》སྟེ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་བཅས་ཚད་མ་སྡེ་བདུན་ལ་བསླབ་དགོས་ཚུལ་དང་། དེ་ནས་སློབ་དཔོན་ཀླུ་སྒྲུབ་ཀྱི་《དབུ་མ་རིགས་ཚོགས་དྲུག་》ལ་བསླབ་དགོས་ཚུལ་རྣམས་ཞལ་གདམས་བསླབ་བྱའི་ཚིག་ཟིན་ལ་དངོས་སུ་ཐོན་ཡོད་པ་དང་། བར་དང་མཇུག་གི་ཚིག་རྣམས་ཁོང་གིས་དུས་ཡུན་རིང་བའི་དབང་གིས་བརྗེད་ཟིན་སྟབས་རྣམ་ཐར་དུ་དངོས་སུ་དགོད་མ་ཐུབ་ཀྱང་། ཚིག་སྔ་ཕྱིའི་འབྲེལ་བབ་སོགས་ལ་གཞིགས་ཚེ་འདུལ་མངོན་གཉིས་ཀྱང་གསུངས་ཡོད་པར་དོགས་པ་ག་ལ་དགོས་སྙམ་སྟེ། དེ་ལྟར་ན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རང་གི་སློབ་བུ་རྗེ་ཙོང་ཁ་པ་ཆེན་པོར་ཐོག་མར་ཕར་ཕྱིན་གྱི་རྩ་བ་བསྟན་བཅོས་《མངོན་པར་རྟོགས་པའི་རྒྱན་》ནས་བཀའ་པོད་ལྔས་མཚོན་པའི་རྒྱ་བོད་མཁས་པའི་མདོ་སྔགས་ཀྱི་གཞུང་རྣམས་ལ་བསླབ་དགོས་ཚུལ་བསྟན་འདུག་པ་གསལ་ལོ། །
       བཞི། ཐོས་པའི་སྒོ་ནས་གཞུང་བཀའ་པོད་ལྔའི་འཆད་ཉན་ཐོག་མར་གྲུབ་ཚུལ་སྐོར། འབྲུག་རྒྱལ་དབང་ཆོས་རྗེའི་ཞལ་ནས། ཐོས་པའི་རིགས་པ་སྔོན་དུ་མ་སོང་བར། །མུན་སྒོམ་སྒྲུབ་པའི་བརྟུལ་ཞུགས་བཟུང་ན་ཡང་། །ཀུན་མཁྱེན་འབྲས་བུ་འབྱིན་པར་མི་ནུས་པས། །མང་དུ་ཐོས་པ་བཙལ་བ་མཁས་པའི་ལུགས། །⒅ཞེས་གསུངས་པ་ལྟར། རྗེ་ཐམས་ཅད་མཁྱེན་པ་དགུང་ལོ་བཅུ་བདུན་བཞེས་པ་རབ་བྱུང་དྲུག་པའི་ཆུ་གླང་(སྤྱི་ལོ་1373)ལོར་དབུས་ཀྱི་ཆོས་གྲྭ་ཆེན་པོ་སྙེ་ཐང་བདེ་བ་ཅན་དུ་བྱོན་ཏེ། སྙེ་ཐང་པ་བཀྲ་ཤིས་སེང་གེ་དང་། གདན་ས་པ་ཡེ་ཤེས་སེང་གེ།བཤེས་གཉེན་ཆེན་པོ་ཡོན་ཏན་རྒྱ་མཚོ། སློབ་དཔོན་ཆེན་པོ་ཨུ་རྒྱན་པ་བཞི་ལས་མི་ཕམ་ཆོས་རྗེའི་བྱམས་ཆོས་སྡེ་ལྔའི་ནང་ནས་དང་པོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་《མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་》ལ་ལེགས་པར་ཐུགས་སྦྱོང་མཛད། 《མདོ་སྡེ་རྒྱན་》ནི་རྗེ་ཉིད་སྔར་མདོ་སྨད་དུ་བཞུགས་དུས་ནས་ཆོས་རྗེ་དོན་རིན་པའི་མདུན་ནས་ཚིག་དོན་ཐུགས་སུ་ཆུད་པར་ཡོད་ནའང་། སླར་ཡང་བདེ་བ་ཅན་གྱི་བླ་མ་འཇམ་དབྱངས་རིན་ཆེན་པ་ལས་བྱམས་ཆོས་ལྷག་མ་བཞི་དང༌། ཁྱད་པར་དུ་ཉ་དབོན་ཀུན་དགའ་དཔལ་བ་དང་། རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས། བླ་མ་དོན་བཟང་པ། སྐྱོར་མོ་ལུང་པའི་མཁན་པོ་དཀའ་བཞི་བ་བློ་གསལ། སྣར་ཐང་མཁན་པོ་ཀུན་དགའ་རྒྱལ་མཚན་སོགས་ལས་བྱམས་ཆོས་ལྔ་ཀ་དང༌། ཚད་མ་སྡེ་བདུན། དབུ་མ་རིགས་ཚོགས་དྲུག འདུལ་བ་ལུང་སྡེ་བཞི་དང༌། མདོ་རྩ།《མངོན་པ་མཛོད་》དང་༌། 《མངོན་པ་ཀུན་བཏུས་》སོགས་དབུ་ཕར་འདུལ་མཛོད་ཚད་མ་བཅས་པའི་གཞུང་ཆེན་ཁག་ལ་གསན་སྦྱོང་གནང་བ་དང་། བུ་སྟོན་སློབ་མ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། ས་བཟང་པཎ་ཆེན་མ་ཏི་བློ་གྲོས་རྒྱལ་མཚན། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། སྤྱན་སྔ་གྲགས་པ་བྱང་ཆུབ། རིན་ཆེན་གྲགས་པ་བཤེས་གཉེན། བུ་སྟོན་གྱི་སློབ་མ་རྗེ་བཙུན་ཁྱུང་པོ་ལྷས་པ། ས་སྐྱ་པའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་ལས་ཡི་དམ་གསང་བདེ་འཇིགས་གསུམ་དང་དཔལ་དུས་ཀྱི་འཁོར་ལོས་གཙོས་རབ་འབྱམས་རྒྱུད་སྡེ་རྒྱ་མཚོའི་གཞུང་ལུགས་ལ་གསན་བསམ་ཕུ་མཐར་སོན་པར་མཛད་པས་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཏུ་གྱུར། ཆོས་གྲྭ་ཆེན་པོ་བདེ་བ་ཅན་དང༌། རྩེད་ཐང༌། གསང་ཕུ་ནེའུ་ཐོགས་སྐྱ། འདར་བཟང་ལྡན། གནས་རྙིང་།ངམ་རིང་ཆོས་སྡེ། བོ་དོང་ཨེ་སོགས་སྐབས་དེ་དུས་དགེ་འདུན་གྱི་འདུས་སྡེ་མང་ཞིང་བཤད་སྒྲུབ་ཀྱི་བསྟན་པ་ཆེས་ཆེར་དར་བའི་གདན་ས་ཆེན་པོ་དག་ཏུ་དབུ་ཕར་འདུལ་མཛོད་སོགས་ཀྱི་གྲྭ་སྐོར་ལན་གྲངས་དུ་མར་མཛད། ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་ལས་ཇོ་བོ་བཀའ་གདམས་པའི་ཆོས་སྐོར་སྤྱན་སྔ་བ་ནས་བརྒྱུད་པའི་བཀའ་གདམས་ལམ་རིམ་དང་༌། རྣལ་འབྱོར་དབང་ཕྱུག་དཔལ་ལྡན་དགོན་པ་བ་ལས་བརྒྱུད་པའི་བཀའ་གདམས་མན་ངག་པའི་ཆོས་རྒྱུན་མ་ལུས་པ་གསན། བྲ་སྐོར་མཁན་ཆེན་ཆོས་སྐྱབས་བཟང་པོ་ལས་པོ་ཏོ་བ་ནས་བརྒྱུད་པའི་བཀའ་གདམས་གཞུང་པའི་ཆོས་རྒྱུན་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ། བཀའ་གདམས་པའི་ཆོས་རྒྱུན་ཡོངས་རྫོགས་གཅིག་ཏུ་འདུས་པའི་བསྟན་པའི་བདག་པོ་ཆེན་པོར་གྱུར་ལ།འདིར་སྐབས་དེ་རྣམས་སུ་འབྲེལ་ཡོད་གཞུང་པོད་ལྔའི་ཐོས་བསམ་གྱི་ཕྱོགས་གཅིག་པུ་ནས་བལྟས་ན། ཚད་མ་རིག་པའི་སྐོར་ལ། 《རྣམ་འགྲེལ་གྱི་རྣམ་བཤད་རིགས་མཛོད》 《ཚད་མ་སྡེ་བདུན》 《ཚད་མའི་རང་འགྲེལ་》དང་བཅས་པ། ཚད་མ་རྒྱན་གྱི་འགྲེལ་ལྷ་ཤཱཀ་བྲམ་ཟེ་གསུམ་གྱི་《རིགས་འགྲེལ》 《རྣམ་ངེས་ཀྱི་འགྲེལ་པ》 《ཆོས་མཆོག་གི་ཚད་མ་རིགས་ཐིག་གི་འགྲེལ་པ་》སོགས་དང་། དེ་དག་གི་ནང་ནས་ཀྱང་རང་འགྲེལ་གྱི་བཤད་པ་ལན་གྲངས་དུ་མར་གསན་པ་སོགས་དང་། ཕར་ཕྱིན་གྱི་སྐབས་ལྟ་བུར་མཚོན་ན། 《རྒྱན་གཉིས་》དང་། 《འབྱེད་གཉིས》 《རྒྱུད་བླ་མ》 《འབུམ་ཊཱིཀ》 《བརྒྱད་སྟོང་དོན་བསྡུས》 འཕགས་པ་ཐོགས་མེད་ཀྱི་《དེ་ཉིད་རྣམ་ངེས》 དབྱིག་གཉེན་གྱི་《ཉི་ཁྲི་གཞུང་འགྲེལ》 འཕགས་པ་གྲོལ་སྡེའི་《ལེའུ་བརྒྱད་མའི་འགྲེལ་པ་ཉི་ཁྲི་སྣང་བ》 བཙུན་པ་གྲོལ་སྡེའི་《ཉི་ཁྲི་རྣམ་འགྲེལ》 སློབ་དཔོན་སེང་གེ་བཟང་པོའི་《འགྲེལ་པ་དོན་གསལ》 《བརྒྱད་སྟོང་འགྲེལ་ཆེན》 《ལེའུ་བརྒྱད་མའི་བསྡུས་དོན》 སངས་རྒྱས་ཡེ་ཤེས་ཞབས་ཀྱི་《སྡུད་པའི་འགྲེལ་པ་པཉྩི་ཀ》 སློབ་དཔོན་ཤཱནྟི་པའི་《ཉི་ཁྲི་དག་ལྡན》 《བརྒྱད་སྟོང་འགྲེལ་པ་སྙིང་པོ་མཆོག》 དྲི་མེད་བཤེས་གཉེན་གྱི་《ཤེར་སྙིང་གི་རྒྱ་ཆེར་འགྲེལ་པ》 ཀ་མ་ལ་ཤཱི་ལའི་《རྡོར་གཅོད་ཀྱི་འགྲེལ་པ》 དབྱིག་གཉེན་གྱི་《མདོ་སྡེ་རྒྱན་གྱི་འགྲེལ་པ》 བཙུན་པ་ངོ་བོ་ཉིད་མེད་པའི་《མངོན་རྟོགས་རྒྱན་གྱི་འགྲེལ་པ》 དེའི་བསྡུས་དོན་ཁ་ཆེའི་ཛྷ་ན་ཤྲཱིས་མཛད་པ། བློ་བརྟན་གྱི་འགྲེལ་པ་དང་དེས་མཛད་པའི་《དབུས་མཐའི་འགྲེལ་པ》 《ཆོས་དང་ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་》སོགས་པ་དང་། དབུ་མའི་སྐོར་ལ་མཚོན་ན། སློབ་དཔོན་ཀླུ་སྒྲུབ་ཀྱི་《དབུ་མ་རིགས་ཚོགས་དྲུག་》དང་། རྗེས་འབྲང་གི་གཞུང་རྩ་ཤེའི་དོན་འགྲེལ་《བཞི་བརྒྱ་པ》 དེའི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པ། 《འགྲེལ་པ་བུདྡྷ་པཱ་ལི་ཏ》 《དབུ་མ་སྙིང་པོ་རང་འགྲེལ་》དང་བཅས་པ། རྩ་ཤེའི་ཚིག་འགྲེལ་《ཤེས་རབ་སྒྲོན་མེ》 དེའི་འགྲེལ་བཤད་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པ། རྩ་ཤེའི་དོན་འགྲེལ་《དབུ་མ་ལ་འཇུག་པ་》དང་དེའི་རང་འགྲེལ།དེའི་འགྲེལ་བཤད་ཛ་ཡ་ཨ་ནནྟས་མཛད་པ། རྩ་ཤེའི་ཚིག་འགྲེལ་《ཚིག་གསལ》 རྩ་ཤེའི་ཚིག་དོན་གསལ་བར་བྱེད་པའི་《དབུ་མ་རྒྱན་》དང་། དེའི་རང་འགྲེལ་དང་འགྲེལ་བཤད། སློབ་དཔོན་ཡེ་ཤེས་སྙིང་པོའི་《དབུ་མ་བདེན་གཉིས་》དང་དེའི་རང་འགྲེལ་འགྲེལ་བཤད་དང་བཅས་པ། ཀ་མ་ལ་ཤཱི་ལའི་《དབུ་མ་སྣང་བ་》སོགས་རྒྱ་གཞུང་དང་། སྐབས་དེར་བཞུགས་པའི་བོད་ཀྱི་དབུ་མའི་བསྟན་བཅོས་དགོངས་འགྲེལ་ཐམས་ཅད་དང་། མངོན་པའི་སྐོར་ལ་མཚོན་ན། 《མཛོད་ཀྱི་མཛུབ་ཁྲིད་ལན་དྲུག་》དང་། 《མཛོད་རང་འགྲེལ》 རྒྱལ་སྲས་གྲགས་པ་བཤེས་གཉེན་གྱི་ 《མཛོད་ཀྱི་འགྲེལ་བཤད་དོན་གསལ》 གང་སྤེལ་གྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲངས་པ། 《མངོན་པ་ཀུན་ལས་བཏུས་པ་》སོགས་ལན་གྲངས་དུ་མ་དང་། འདུལ་བའི་སྐོར་ལ་མཚོན་ན། མདོ་རྩ་བ་རྒྱ་ཆེར་འགྲེལ་དང་སྦྱར་བའི་བཤད་པ་ལན་དུ་མ་དང་། སློབ་དཔོན་ཆོས་བཤེས་ཀྱི་《རྒྱས་འགྲེལ》ཡོན་ཏན་འོད་ཀྱི་《འགྲེལ་ཆུང》 དགེ་ལེགས་བཤེས་གཉེན་གྱི་《ལུང་གཞིའི་འགྲེལ་པ》 དུལ་བ་ལྷའི་《ལུང་རྣམ་འབྱེད་ཀྱི་དོན་འགྲེལ》ཚུལ་ཁྲིམས་བསྐྱངས་ཀྱི་《ཕྲན་ཚེགས་ཀྱི་འགྲེལ་པ》དྲི་མེད་བཤེས་གཉེན་གྱི་《སོ་ཐར་གྱི་འགྲེལ་པ》དགྲ་བཅོམ་པ་ས་ག་ལྷའི་《མེ་ཏོག་ཕྲེང་རྒྱུད》ཤཱཀྱ་འོད་ཀྱི་《དགེ་ཚུལ་ལེའུའི་འགྲེལ་པ》དུལ་བའི་ལྷའི་《ཚིག་ལེའུར་བྱས་པ་ལྔ་བཅུ་པ་》སོགས་རྒྱ་བོད་ཀྱི་འདུལ་བའི་བསྟན་བཅོས་དུ་མར་ཐོས་བསམ་གཏིང་ཕྱིན་པ་མཛད་པར་གསུངས་པས།⒆ མདོར་ན། རྗེ་ཙོང་ཁ་པ་ཆེན་པོ་རང་ཉིད་ཀྱི་རྟོགས་བརྗོད་ལས། དེ་ཉིད་ཕྱིར་ན་མི་ཕམ་ཆོས་རྗེ་དང་། །འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་པའི། །གཞུང་ལ་ཕྱོགས་རེ་བ་དང་རགས་པ་རེས། །ཚིམ་པར་མ་བྱས་ཀུན་ལ་ཞིབ་ཏུ་སྦྱངས། །ཞེས་གསུངས་པ་ལྟར།⒇ རྗེ་ཙོང་ཁ་པ་ཆེན་པོས་རྗེ་བཙུན་མི་ཕམ་མགོན་པོ་དང་འཛམ་གླིང་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལ་རྩལ་འདོན་མཛད་ནས་ཐུགས་སྦྱོང་གནང་ཚུལ་གསལ་བར་བསྟན་ཡོད་པས་ཀྱང་རི་བོ་དགེ་ལུགས་པའི་གཞུང་པོད་ལྔའི་འཆད་ཉན་གྱི་རྨང་གཞིའམ་སྔོན་འགྲོའི་མ་དབྱིབས་ཤིག་དེ་དུས་ནས་གྲུབ་འདུག་པ་རྟོགས་ནུས་སོ། །
       ལྔ། གསུང་རྩོམ་གྱི་སྒོ་ནས་བཀའ་པོད་ལྔའི་འཆད་ཉན་ཐོག་མར་གྲུབ་ཚུལ་སྐོར། རྗེ་ཙོང་ཁ་པ་ཆེན་པོས་སྤྱིར་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གཞུང་བཀའ་པོད་ལྔ་དང་འབྲེལ་བའི་གཞུང་གི་འཆད་ཉན་ཉིན་མོ་ལྟར་གསལ་བར་མཛད་པ་ལས་ཐོག་མར་གཞུང་དོན་འཆད་ཁྲིད་ཀྱི་ཆ་ནས། ཁོང་ཉིད་དགུང་གྲངས་བཅུ་དགུ་བཞེས་པའི་དུས་དགུན་གནས་རྙིང་དུ་བཞུགས་སྐབས་དོན་གཉེར་བ་དང་། ཕྱག་ཕྱི་ལ་བྱོན་པ་འགའ་ཞིག་གིས་གསོལ་བ་ནན་ཆེར་བཏབ་པའི་ངོར་《མངོན་པ་ཀུན་བཏུས་》ལ་རྩལ་བཤད་ཚར་གཅིག་མཛད་ཅིང་། དེ་ནི་རྗེའི་རྣམ་ཐར་ཆེན་མོར་གཞུང་ཆེན་མོ་ལ་བཤད་པ་གནང་བའི་ཐོག་མ་ཡིན་ཚོད་དུ་སྣང་།﹙21﹚ ཞེས་གསུངས་ཡོད་ལ། ད་དུང་སྐབས་དེ་དག་ཏུ་ཚ་ཁོ་ངག་དབང་གྲགས་པ་སོགས་སྡེ་སྣོད་འཛིན་པ་མང་པོར་ཕར་ཚད་དབུ་མ་འདུལ་མཛོད་མངོན་པ་ཀུན་བཏུས་སོགས་ཀྱི་བཤད་པ་རྒྱས་སྤྲོས་གནང་། ཁྱད་པར་དུ་དགུང་ལོ་སོ་གསུམ་(སྤྱི་ལོ་1389)ལོར་ཕེབས་པའི་ཚེ་ཡར་ཀླུང་མོན་མཁར་བཀྲིས་གདོང་དུ་དབུས་གཙང་གི་སྟོན་པ་དང་མཁས་པ་ཕལ་ཆེ་བ་ཚོགས་པའི་དབུས་སུ་《བྱམས་ཆོས་སྡེ་ལྔ་》 དང་༌། 《དབུ་མ་རིགས་པའི་ཚོགས་ལྔ》 《མངོན་པ་གོང་འོག་གཉིས》 《དབུ་མ་འཇུག་པ》 《བཞི་བརྒྱ་པ》《སྤྱོད་འཇུག》 《འདུལ་བ་མདོ་རྩ》 《ཚད་མ་རྣམ་འགྲེལ་》བཅས་རྒྱ་གཞུང་ཆེན་པོ་བཅུ་བདུན་དུས་གཅིག་ཏུ་འཆད་ཅིང་༌། དེ་ཡང་འཆད་བྱེད་གཞུང་གང་དང་གང་ཡིན་པ་དེ་དང་དེའི་ཚིག་དོན་རྣམས་མ་འདྲེས་ཤིང་། མ་འཛིངས་པ། མ་ནོར་བ། གྲུབ་མཐའ་རང་རང་གི་འདོད་ཚུལ་དང་ཁས་ལེན་གྱི་ཁྱད་པར་མི་འདྲ་བ། དྲང་བ་དང་ངེས་པའི་དོན་གྱི་འབྱེད་ལུགས། སྔོན་བྱོན་རྒྱ་བོད་ཀྱི་མཁས་པ་རྣམས་ལ་བཤད་སྲོལ་མི་འདྲ་བ་ཡོད་ལུགས། དེ་དག་ལས་གང་འཐད་པའི་ཕྱོགས་རང་ལུགས་ལ་ཁས་ལེན་ཚུལ། གོ་བའམ་དོན་གྱི་སྙིང་པོ་རྣམ་པར་དག་པ་འཚོལ་དགོས་ལུགས། དེ་དག་ཐམས་ཅད་གཙོ་བོ་རང་རྒྱུད་ལ་བསྐོར་ནས་ཉམས་སུ་ལེན་དགོས་ཚུལ་སོགས་ཞིབ་ཅིང་མཐའ་ཆོད་པའི་སྒོ་ནས་འདོམས་པར་མཛད་པས་ཆོས་ལན་གཅིག་གསུངས་པས་ཀྱང་། གདུལ་བྱ་རྣམས་ཀྱི་རྒྱུད་ལ་རྨད་དུ་བྱུང་བའི་མྱོང་བ་ཐོན་པའི་ཁྱད་ཆོས་ལྡན་པས།﹙22﹚ སྐབས་དེའི་གསུང་ཆོས་སུ་འདུས་པའི་མདོ་དབུས་ཀྱི་མཁས་པ་ཕལ་ཆེ་བའི་ཡིད་ཀྱི་བརྟན་པ་དབང་མེད་དུ་ཕྲོགས་ཏེ་ཁོང་གི་སློབ་མར་གྱུར་པ་ལས་རྗེ་བླ་མའི་བསྟན་པ་འདི་ཉིད་ཐོག་མར་དར་བའི་རྨང་ཚུགས་པའི་དབུ་བཟུང་བར་ངོས་འཛིན་བྱེད་འོས་པར་སྙམ། དེ་བཞིན་དུ་སྔ་ཕྱིར་གནས་རྙིང་དང༌། འོན་གྱི་ལྷ་ཁང་ཀེ་རུ། བདེ་བ་ཅན།དབུས་སྟོད་བྱ་ཡུལ། ངང་དཀར་སྲིན་པོ་རིའི་རིགས་ལྔ་ལྷ་ཁང་༌། སྟོད་ལུང་མཚོ་སྨད། གཉལ་སྟོད་རབ་གྲོང་། འོལ་དགའ་མགར་ཕུག ཨེའི་ཏེའུ་ར། ཉང་པོ་མདངས་མདོ། དགའ་སྐྱོར་ཟུལ་གསུམ། རྭ་སྒྲེང༌། ལྷས་ཕུ་དགོན། འོན་བདེ་ཆེན་སྟེང་༌། འོལ་དགའ་བྱམས་པ་གླིང༌། སེ་ར་ཆོས་སྡིངས། སྐྱིད་སྨད་གྲུམ་བུ་ལུང་། ཟངས་རིའི་ཕུ་ཆེན། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་། འོན་བཀྲ་ཤིས་དོ་ཁ་སོགས་སུ་སློབ་མ་ཤིན་ཏུ་མང་པོར་གཞུང་བཀའ་པོད་ལྔས་གཞི་བྱས་པའི་འབྲེལ་ཡོད་ཟབ་རྒྱས་ཆོས་གཞུང་རྒྱ་མཚོའི་འཆད་ཉན་མི་ཟད་པ་གནང་ངོ་། །
དེ་ལྟར་འཆད་རྩོད་ཀྱི་འབྲས་བུ་གསུང་རྩོམ་གྱི་རྣམ་པར་བྱོན་པ་དག་གི་ཆ་ནས། རྗེ་ཐམས་ཅད་མཁྱེན་པ་དགུང་ལོ་ཉེར་ལྔ་(སྤྱི་ལོ་1381)བཞེས་པའི་ཚེ་ཚལ་གུང་ཐང་གི་གཙུག་ལག་ཁང་དུ་《ལེགས་བཤད་གསེར་གྱི་ཕྲེང་བ་》རྩོམ་པའི་དབུ་བཙུགས་ཤིང་། དགུང་ལོ་སོ་གཉིས་པར་མཇུག་རྫོགས་པར་མཛད། དགུང་ལོ་ཞེ་ལྔ་པར་(སྤྱི་ལོ་1402)རྭ་སྒྲེང་དུ་《བྱང་ཆུབ་ལམ་རིམ་ཆེན་མོ་》དང་། དགུང་ལོ་ཞེ་བརྒྱད་པར་(སྤྱི་ལོ་1405)རྒྱ་སོག་ཕུར་《སྔགས་རིམ་ཆེན་མོ།》 དགུང་ལོ་ང་གཅིག་ཐོག་(སྤྱི་ལོ་1408)སེ་ར་ཆོས་སྡིངས་སུ་《དྲང་ངེས་ལེགས་བཤད་སྙིང་པོ》 དགུང་ལོ་ང་བཞི་པར་(སྤྱི་ལོ་1410)བཤད་རྒྱུད་ལྷ་མོ་བཞིས་ཞུས་པ་དང་༌། 《ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་རྣམ་བཤད》 དགུང་ལོ་ང་ལྔ་པར་(སྤྱི་ལོ་1411)《རིམ་ལྔ་གསལ་སྒྲོན་》དང་། སེ་ར་ཆོས་སྡིངས་སུ་《རྩ་ཤེའི་རྣམ་བཤད་རིགས་པའི་རྒྱ་མཚོ》 དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་《འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་》སོགས་གདུལ་བྱའི་དབང་པོ་དང་འཚམ་པའི་བསྟན་བཅོས་པོད་ཆེན་བཅོ་བརྒྱད་ཕྱག་རྩོམ་མཛད་ལ། དེ་དག་ཀྱང་རི་བོ་དགེ་ལུགས་པའི་གཞུང་པོད་ལྔའི་འཆད་ཉན་གྱི་མ་ལག་འགྲུབ་པ་ལ་འབྲེལ་མེད་པ་གཅིག་ཀྱང་མེད་པ་གསལ་པོར་ཤེས་ཐུབ་བོ། །
གཉིས་པ། གཞུང་པོད་ལྔའི་འཆད་ཉན་གྱི་མ་ལག་གྲུབ་པའི་རྒྱུ་མཚན་ལ་དཔྱད་པ།
       སྤྱིར་རྒྱལ་བའི་གསུང་རབ་ཐམས་ཅད་ཚུར་བསྡུས་ན་ལུང་རྟོགས་ཀྱི་ཆོས་གཉིས་སུ་འདུ་ཞིང་། དེ་ཡང་ལུང་གི་ཆོས་ཟེར་བ་ནི་རྗོད་བྱེད་སྡེ་སྣོད་﹙23﹚གསུམ་དང་། རྟོགས་པའི་ཆོས་ནི་དེའི་བརྗོད་བྱ་ལྷག་པའི་བསླབ་པ་གསུམ་ལས་མ་འདས་པས། དེ་ལྟ་བུའི་སྡེ་སྣོད་ཅེས་པ་ནི། མདོ་སྡེ་དང་། འདུལ་བ་དང་། མངོན་པའི་སྡེ་སྣོད་དེ་གསུམ་མམ། ཐེག་པ་ཆེ་ཆུང་གི་སྡེ་སྣོད་དེ་གཉིས་སུ་མཆིས་ལ། དེ་རྣམས་སུ་མ་འདུས་པའི་ལུང་གི་ཆོས་མེད་པ་དང་། དེ་བཞིན་དུ་སྡེ་སྣོད་གསུམ་གྱི་བརྗོད་བྱ་གཙོ་བོ་བསླབ་པ་གསུམ་དུ་འདུ་བས་ན། དེ་གསུམ་དུ་མ་འདུས་པའི་རྟོགས་པའི་ཆོས་ཀྱང་ཡོད་པ་མ་ཡིན་ནོ། །རི་བོ་དགེ་ལྡན་པའི་ལུགས་འདི་ལ། མདོ་སྡེ་རྒྱན་ལས། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། །ཚུལ་བཞིན་ཡིད་ལ་བྱེད་པ་ལས་ནི་ཡང་དག་དོན་རྟོགས་ཡེ་ཤེས་འབྱུང་། །ཞེས་སོགས་གསུངས་པ་ལྟར། མདོ་སྡེའི་སྡེ་སྣོད་ལ་ཐོས་བསམ་བགྱིས་ཏེ་ཐེག་པ་གོང་འོག་གི་བསླབ་པ་གསུམ་ཀ་གཏན་ལ་འབེབས་པ་དང་།འདུལ་བའི་སྡེ་སྣོད་ལ་ཐོས་བསམ་བགྱིས་ཏེ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གཉིས་སྒྲུབ་པར་བྱེད། མངོན་པའི་སྡེ་སྣོད་ལ་ཐོས་བསམ་བགྱིས་ཏེ་ཆོས་རྣམས་ཀྱི་མཚན་ཉིད་མ་ནོར་བར་རིག་པའི་ཤེས་རབ་བསྐྱེད་ནས་ཤེས་རབ་ཀྱི་བསླབ་པ་སྒྲུབ་ཅིང་མངོན་སུམ་དུ་འཐོབ་པར་བྱེད། ཁྱད་པར་དུ་ཐེག་ཆེན་གྱི་སྡེ་སྣོད་ལས་བྱང་ཆུབ་ཀྱི་སེམས་དང་། ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྒྱ་ཆེན་པོ་དང་། བདག་མེད་ཕྲ་མོ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་བསྟན་པ་རྣམས་ཐོས་བསམ་སྒོམ་པའི་གཙོ་བོར་བྱེད་པ་ཡིན་པས། བསྟན་པ་སྤྱི་དང་ཁྱད་པར་དུ་ཐེག་ཆེན་གྱི་བསྟན་པར་འཇོག་བྱེད་ཀྱི་མཚན་ཉིད་ཡོངས་སུ་རྫོགས་པ་དང་ལྡན་པ་ཡིན་ནོ། །
དེ་ལྟར་སྡེ་སྣོད་གསུམ་གྱི་དབང་དུ་བྱས་ན། གཞུང་ཆེན་པོ་པོ་ཏི་ལྔ་ནི་སྡེ་སྣོད་གསུམ་གྱི་སྡོམ་ལྟ་བུ་ཡིན་ཏེ།དབུ་ཚད་གཉིས་དང་མཛོད་གསུམ་ནི་མངོན་པའི་སྡེ་སྣོད་ཀྱི་སྡོམ་ཡིན་པ་དང་། ཕར་ཕྱིན་ནི་མདོ་སྡེའི་སྡེ་སྣོད་ཀྱི་སྡོམ། འདུལ་བ་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་འདུལ་བའི་སྡེ་སྣོད་ཀྱི་སྡོམ་ཡིན་ལ། བསླབ་གསུམ་གྱི་དབང་དུ་བྱས་ན། དབུ་ཚད་མཛོད་གསུམ་གྱིས་ཤེས་རབ་ཀྱི་བསླབ་པ་དང་། ཕར་ཕྱིན་གྱིས་ཏིང་ངེ་འཛིན་གྱི་བསླབ་པ་དང་། འདུལ་བས་ཚུལ་ཁྲིམས་ཀྱི་བསླབ་པ་རྣམས་གཙོ་བོར་སྟོན་ནོ། །﹙24﹚དེ་བཞིན་དུ་ལྟ་སྒོམ་སྤྱོད་གསུམ་གྱི་དབང་དུ་བྱས་ན། ཐེག་པ་ཆེན་པོའི་ལྟ་བ་དབུ་མ་དང་ཚད་མ་གཉིས་ཀྱིས་བཤད་པ་དང་། ཐེག་པ་ཆེན་པོའི་སྤྱོད་པ་ཕར་ཕྱིན་གྱིས་འཆད། ཐེག་པ་ཆེ་ཆུང་གཉིས་ཐུན་མོང་གི་ཚུལ་ཁྲིམས་ནི་འདུལ་བས་འཆད། ཐེག་པ་ཆེ་ཆུང་གཉིས་ཀྱི་སྒོམ་པ་ནི་ལྟ་སྤྱོད་གཉིས་བཤད་པའི་ཞར་ལ་སྒོམ་གྱི་རྣམ་གཞག་ཀྱང་འཆད་པས། གཞུང་བཀའ་པོད་ལྔ་ལ་སློབ་སྦྱོང་བྱས་པས་ཐེག་པ་ཆེ་ཆུང་གཉིས་ཀའི་ལྟ་སྤྱོད་སྒོམ་གསུམ་གྱི་རྣམ་གཞག་མ་འདྲེས་པར་ཤེས་ཐུབ་པར་དམ་པ་གོང་མ་རྣམས་ཀྱིས་གསུངས། ཡང་བཀའ་ཐམས་ཅད་འཁོར་ལོ་གསུམ་དུ་འདུ་ལ། འཁོར་ལོ་དང་པོའི་སྤྱོད་པ་ཚུལ་ཁྲིམས་ཀྱི་རྣམ་གཞག་འདུལ་བས་འཆད་པ་དང་། ལྟ་བ་བདེན་བཞིའི་རྣམ་གཞག་མངོན་པས་འཆད། འཁོར་ལོ་བར་བའི་ལྟ་བ་དབུ་མ་དང་། འཁོར་ལོ་ཐ་མའི་ལྟ་བ་རྣམ་འགྲེལ་གྱིས་འཆད་ལ། འཁོར་ལོ་ཐ་མ་གཉིས་ཀའི་སྤྱོད་པའི་ཆ་ཕར་ཕྱིན་གྱིས་འཆད་དོ། །﹙25﹚
       ཡང་ན། འཇམ་པའི་དབྱངས་གུང་ཐང་བསྟན་པའི་སྒྲོན་མེའི་《བསྟོད་པ་དོན་ལྡན་མ་》 རུ། མདོར་ན་ལྟ་སྒོམ་སྤྱོད་པའམ། །རྣམ་དག་ལྷག་པའི་བསླབ་གསུམ་སྲོལ། །གཞན་ལས་ཆེས་ཆེར་འཕགས་པ་ཡིས། །རྒྱུ་ཡི་ཐེག་པར་ཉིན་མོར་བྱས། །ཞེས་དང་། དེའི་རྒྱ་ཆེར་འགྲེལ་ལས། དའེ ང་ནང་པས་བསྡུས་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་།ཤེས་རབ་གསུམ་པོ་དེ་ལ་མདོ་སྡེ་རྣམས་དང་འཕགས་ཡུལ་གྱི་གཞུང་ཕལ་མོ་ཆེར་ལྷག་པའི་བསླབ་པ་གསུམ་གྱི་མིང་གིས་བཏགས་ནས་བསྟན་ལ། བོད་ཡུལ་འདིར་ལྟ་བ་སྒོམ་པ་སྤྱོད་པ་གསུམ་དུ་གྲགས་སོ། །﹙26﹚ཞེས་གསུངས་པས། བསླབ་པ་གསུམ་དང་ལྟ་སྒོམ་སྤྱོད་གསུམ་དོན་གཅིག་ཡིན་པ་རྟོགས་ནུས་སོ། །
གསང་སྔགས་ཀྱང་སྡེ་སྣོད་གསུམ་གྱི་ཁོངས་སུ་འདུ་སྟེ། དེ་ཡང་གསང་སྔགས་སྤྱི་ནི་མདོ་སྡེའི་སྡེ་སྣོད་དུ་འདུ་བར་《དཔུང་བཟང་གི་རྒྱུད་》དང་རྒྱ་གར་པཎ་ཆེན་གྱིས་གསུངས་ལ། ནང་གསེས་ཀྱིས་དཔེར་ན་དམ་པ་རིགས་བརྒྱའི་སྐབས་སུ་གཟུགས་ལྟ་བུ་ལ་ཁ་དོག་གི་གཟུགས་དང་། དབྱིབས་ཀྱི་གཟུགས། སྣང་བའི་གཟུགས་སོགས་དང་། འདུ་ཤེས་ལ་རྐང་མེད་རྐང་མང་རྐང་བཞིའི་འདུ་ཤེས་སོགས་བཤད་པ་ལྟ་བུ་དང་། ཐུན་མོང་མ་ཡིན་པའི་བདེ་སྟོང་གི་ཡེ་ཤེས་ཀྱི་སྟོང་པའི་ཆ་གཙོ་བོར་སྟོན་པ་རྣམས་མངོན་པ་དང་། བསྐྱེད་རྫོགས་ཀྱི་སྐབས་སུ་ང་རྒྱལ་དང་གསལ་སྣང་གི་སྒོ་ནས་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་སྒྲུབ་ཚུལ་སྟོན་པ་རྣམས་མདོ་སྡེ་དང་། སྔགས་ཀྱི་སྡོམ་པ་དང་དམ་ཚིག་གི་སྤྱི་བྱེ་བྲག་སྟོན་པ་རྣམས་འདུལ་བའི་སྡེ་སྣོད་དུ་འདུ་བས་ལོགས་སུ་དབྱེ་མི་དགོས་པར་《ཐུའུ་བཀྭན་གྲུབ་མཐའ་》རུ་གསལ་བར་གསུངས།﹙27﹚ནང་པ་སངས་རྒྱས་པའི་གྲུབ་མཐའི་དབང་དུ་བྱས་ན། དབུ་ཚད་གཉིས་ཀྱིས་དབུ་སེམས་ཀྱི་ལྟ་བ་དང་།ཕར་ཕྱིན་གྱིས་དབུ་སེམས་ཀྱི་སྤྱོད་པ་འཆད། མདོ་སྡེ་པ་རིགས་པའི་རྗེས་འབྲང་རྣམ་འགྲེལ་དང་། ལུང་གི་རྗེས་འབྲང་མངོན་པ་སྡེ་བདུན་དང་མཛོད་ཀྱི་རྗེས་སུ་འབྲང་བ་དང་། བྱེ་སྨྲའི་རང་གཞུང་དངོས་ཤིག་བོད་དུ་མ་འགྱུར་ཡང་《མཛོད་》ལས། བདག་གི་མངོན་པའི་ཆོས་འདི་ཕལ་ཆེར་ནི། །ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །ཅེས་གསུངས་པ་ལྟར་བྱེ་བྲག་སྨྲ་བའི་བཞེད་ཚུལ་རྒྱས་པར་འཆད་ལ།འདུལ་བ་ནི་གྲུབ་མཐའ་བཞི་ཀའི་ཐུན་མོང་བ་དང་བསྟན་པའི་རྩ་བ་ཡིན་པས།﹙28﹚གཞུང་བཀའ་པོད་ཆེན་པོ་ལྔ་ལ་སློབ་སྦྱོང་ལེགས་པར་བྱས་རྗེས་ད་གཟོད་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞི་སོ་སོའི་ལྟ་ཚུལ་རྣམས་ཐེམ་སྐས་ཀྱི་རིམ་པ་དང་འདྲ་བར་འཛེག་ཐུབ་པའི་ཁྱད་ཆོས་ཡོད་པ་དེའི་དོན་ཅུང་ཞིབ་རྒྱས་ཤེས་ཐུབ་པར་བསྟན་འདུག﹙29﹚ དེ་ལྟར་ནང་པ་སངས་རྒྱས་པའི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་སྟོན་པ་སངས་རྒྱས་ཀྱི་དགོངས་པ་དང་མཐུན་པར་འཛིན་སྐྱོང་སྤེལ་གསུམ་མཛད་པ་ལ་འགྲན་ཟླ་མེད་པའི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་གཉིས་ཡིན་ལ། དེ་དག་ལས་ཀླུ་སྒྲུབ་ཡབ་སྲས་གཉིས་ཀྱི་གཞུང་ནི་དབུ་མ་དང་། ཐོགས་མེད་སྐུ་མཆེད་གཉིས་ཀྱི་གཞུང་མངོན་པ་གོང་འོག་དང་། ཕྱོགས་གླང་ཆོས་གྲགས་གཉིས་ཀྱི་གཞུང་ནི་ཚད་མ། ཡོན་ཤཱཀ་གཉིས་ཀྱི་གཞུང་ནི་འདུལ་བ་བཅས་ཡིན་པས། བཀའ་པོད་ལྔ་ལ་སློབ་སྦྱོང་བྱས་ན་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལ་སློབ་གཉེར་བྱས་པ་ཡིན་ཐོག དེ་དག་གི་དགོངས་པ་མཐར་གཏུགས་ན་དབུ་མའི་ལྟ་བ་ལ་འབབ་ཀྱི་ཡོད་པའི་གནད་འགག་ལེགས་པར་ཤེས་ཐུབ་པ་བཅས་ཀྱི་རྒྱུ་མཚན་གྱིས་གཞུང་བཀའ་པོད་ལྔའི་འཆད་ཉན་གྱི་མ་ལག་ཆ་ཚང་བ་ཞིག་རིམ་གྱིས་བྱུང་བ་ཡིན་ནོ། །
གསུམ་པ། གཞུང་པོད་ལྔའི་འཆད་ཉན་གྱི་མ་ལག་ནམ་གྲུབ་ལ་དཔྱད་པ།
       ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཏུན་ཧོང་བོད་ཡིག་ཡིག་རྙིང་P.T.700པར། དབུ་མ། ཕར་ཕྱིན། འདུལ་བ། མངོན་པ་མཛོད་རྣམས་ཀྱི་བརྗོད་བྱ་ཐེག་པ་གསུཾ་དང་སྐུ་གསུམ་ལ་སོགས་པའི་རྣམ་བཞག མཁན་པོ་དག་ལས་ཐོས་པ་དང་། མདོ་དང་བསྟན་བཅོས་རྣམས་ལས་བྱུང་བའི་དོན་མདོ་ཙམ་ཞིག བརྗེད་བྱང་དུ་བཀོད་པ།﹙30﹚ ཞེས་པའི་ཡིག་རིགས་འདིར་བསྟན་པ་སྔ་དར་གྱི་དུས་སུ་རྣམ་འགྲེལ་གྱིས་མཚོན་པའི་ཚད་མའི་གཞུང་མ་གཏོགས་པའི་གཞུང་པོད་ལྔའི་ནང་ཚན་དབུ་མ་དང་། ཕར་ཕྱིན། འདུལ་བ། མངོན་པ་མཛོད་རྣམས་ཀྱི་བརྗོད་བྱ་ལ་མཁན་པོ་ལས་ཐོས་བསམ་བྱས་ཚུལ་གསལ་པོར་བཀོད་ཡོད་པ་དང་། ཡིག་རྙིང་འདིའི་དགོངས་དོན་དང་མ་བགྲོས་གཅིག་མཐུན་དུ་སོང་བ་ནི། ཡུལ་མདོ་སྨད་ཀྱི་མ་ཧཱ་པཎྜི་ཏ་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་ནས་ཀྱང་། བོད་དུ་བསྟན་པ་སྔ་དར་གྱི་དུས་སུ་གཏན་ཚིགས་རིག་པའི་གཞུང་འགའ་ཞིག་འགྱུར་ཀྱང་འཆད་ཉན་གྱི་སྲོལ་མ་བྱུང་ལ། བསྟན་པ་ཕྱི་དར་ལ་རྔོག་ལོ་ཆེན་པོའི་བཀའ་དྲིན་ལས་འཆད་ཉན་གྱི་སྒྲོན་མེ་སྦར། གངས་ཅན་གྱི་རྨོངས་པའི་མུན་པ་སེལ་བར་མཛད་དོ། །﹙31﹚ཞེས་གསུངས་པ་སོགས་ལ་གཞིགས་ན། བསྟན་པ་སྔ་དར་གྱི་དུས་སུ་ཚད་མ་རིག་པའམ་ཁྱད་པར་དུ་གཞུང་པོད་ལྔའི་ཁོངས་ཀྱི་ཚད་མ་རྣམ་འགྲེལ་གཞི་བྱས་པའི་སྡེ་བདུན་མདོ་དང་བཅས་པར་འཆད་ཉན་བྱ་སྲོལ་ཞིག་དར་མེད་པར་མངོན་ལ། ཕྱི་དར་གྱི་དུས་མགོ་ཚུགས་ནས་ཀྱང་ཧ་ལམ་དུས་རབས་བཅུ་གཅིག་པའི་ནང་དུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་བྱོན་པ་ཡན་ལ་སྔར་མུས་ལྟར་ཚད་མའི་འཆད་ཉན་མ་དར་བ་ཀུན་མཁྱེན་དཀོན་མཆོག་འཇིགས་མེད་དབང་པོའི་གསུང་བཞིན་དོན་ལ་གནས་པར་སེམས་སོ། །དེ་ལྟར་ཚད་མའི་འཆད་ཉན་གྱི་མ་ལག་བོད་གངས་ཅན་གྱི་ལྗོངས་སུ་གཞུང་པོད་ལྔའི་གྲས་གཞན་དག་དང་འདྲ་བར་དར་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ཟེར་ན། རྔོག་ལོའི་དུས་ནས་ཚད་མའི་འཆད་ཉན་དར་བའི་མགོ་བཟུང་ནའང་། ཁོང་གི་ཕྱིས་ཀྱི་བོད་ཀྱི་མཁས་པ་སྔ་རབས་པ་མང་པོ་ཞིག་ལ་ཚད་མ་སྡེ་བདུན་མདོ་དང་བཅས་པས་མཚོན་པའི་ཚད་གཞུང་དག་ནི་ནང་པའི་ཐར་པ་དོན་གཉེར་ལ་མཁོ་བའི་བསྟན་བཅོས་མ་ཡིན་པར་འདོད་པའི་ལྟ་ཚུལ་བྱུང་ཡོད་པས་ཡིན་པར་རྗེས་སུ་དཔག་ནུས་ཏེ། དཔེར་ན། ཀུན་མཁྱེན་གྱི་《རྣམ་འགྲེལ་མཐའ་དཔྱོད་》ལས། གསུང་རབ་ལ་སྦྱངས་མ་སྦྱང་གི་བོད་རྒན་རྣམ་རྟོག་ཐམས་ཅད་བདུད་ཡིན་པར་འདོད་པ་དག་ན་རེ། རྣམ་འགྲེལ་སོགས་ཐར་པ་དོན་གཉེར་ལ་མི་མཁོ་སྟེ། རྟོག་གེའི་བསྟན་བཅོས་ཡིན་པས་ནང་རིག་པའི་སྡེ་སྣོད་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་ཟེར།﹙32﹚ཞེས་དང་། ཡང་དེ་ཉིད་ལས། ཡང་བོད་རྒན་ལ་ལ་ན་རེ། མདོ་དང་སྡེ་བདུན་མུ་སྟེགས་ཀྱི་རྒོལ་བ་བཟློག་ཕྱིར་བྱས་པ་ཡིན་པས་མུ་སྟེགས་མེད་པའི་ས་ཕྱོགས་སུ་དེ་མི་དགོས་ཏེ། ཞེས་དང་།﹙33﹚ ཡང་དེ་ཉིད་ལས། ཡང་བོད་ཀྱི་མཁས་བླུན་དུ་མས་བསྟན་བཅོས་འདི་ལ་སྦྱངས་ན་གསུང་རབ་ལྟ་རྟོག་ལ་ཕན་ཀྱང་དགོས་པ་ཆེན་པོ་མེད་སྙམ་པའང་བཀག་པ་ཡིན་ནོ། །﹙34﹚ཞེས་སོགས་གསུངས་པ་དག་ལས་ཤེས་ནུས་པར་མ་ཟད། མཁས་གྲུབ་ཆེན་པོ་ཀློང་རྡོལ་ངག་དབང་བློ་བཟང་གིས་དེ་བས་དེ་ལྟར་འདོད་པའི་ཕྱོགས་སྔའི་ཁ་གསལ་བར་བཏང་སྟེ། ས་ལུགས་ཚད་མ་རྣམ་འགྲེལ་ཕྱིའི་གོ་རྒྱ་གཅོད་པ་དང་། གཞན་གྱིས་རྒོལ་བ་ཟློག་པ་བསྟན་པའི་ལྕགས་རི་ལྟ་བུ་ཡིན། ནང་གི་ཉམས་ལེན་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་མི་སྟོན་ཟེར།﹙35﹚ ཞེས་གསུངས་པ་དང་།ཁྱད་པར་དུ་འབྲུག་རྒྱལ་དབང་ཆོས་རྗེས་མཛད་པའི་《འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་》དུ། སྔོན་ཆད་ཁ་བ་ཅན་གྱི་ལྗོངས་འདིར་ཚད་མ་སྡེ་བདུན་མདོ་དང་བཅས་པ་རྣམས་ནི་ཐ་སྙད་རིག་པའི་རྣམ་གཞག་གཏན་ལ་འབེབས་པའི་ཐུན་མོང་བའི་གཞུང་ལུགས་ཙམ་དུ་འཛིན་པ་ལས། ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་གྱི་རིམ་པ་སྟོན་པའི་གཞུང་ལུགས་མིན་པར་མཁས་བླུན་ཕལ་མོ་ཆེས་མགྲིན་གཅིག་ཏུ་སྒྲོག་པར་བྱེད་ཀྱང་།(འདིའི་ཐད་སྟག་ཚང་ལོ་ཙཱ་བའི་《རིག་གནས་ཀུན་ཤེས་ཀྱི་རྣམ་བཤད་》ལས། ནང་པ་སངས་རྒྱས་པའི་རིག་གནས་བཞི་པ་སྟོན་པའི་གཞུང་སྡེ་བདུན་མདོ་དང་བཅས་པ་ནི། བོད་ཀྱི་རྗེ་བཙུན་གོང་མ་རྣམས་ཀྱང་གཏན་ཚིགས་རིག་པ་ཡིན་གྱི།ནང་རིག་མ་ཡིན་པས་སྒྲ་ཚད་ལ་ཆོས་འབྲེལ་དུ་མི་བཞེད་དེ། འོ་སྐོལ་གྱི་སྟོན་པས་ཕྱི་པའི་དྲང་སྲོང་རིང་འཕུར་སྐྱེས་དང་ལྷག་སྤྱོད་ལ་བསམ་གཏན་གཟུགས་མེད་གྱི་མན་ངག་གསན་པ་བཞིན་ནོ། །ཞེས་བཞེད་ལ། ཀུན་མཁྱེན་བུ་སྟོན་གྱི་ཆོས་འབྱུང་དུ་རིག་གནས་ཐུན་མོང་བར་བགྲངས་སོ། །ཕྱིས་ཆོས་རྗེ་བླ་མ་དམ་པ་སོགས་ནི། མངོན་འདུའི་ཕྱིར་དང་ཡང་ཡང་དང་། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་པའི་མཚན་ཉིད་བཞི་པ་ཚང་བས་མངོན་པར་བཞེད་ཅིང་། དཔང་ལོ་ཡབ་སྲས་ཀྱིས་ལུང་གི་མངོན་པ་དང་།རིག་པའི་མངོན་པ་ཞེས་གཉིས་སུ་བྱ་བའི་ཕྱི་མའི་མཚན་གཞིར་མཛད་ལ། ཞེས་གསུངས་ཡོད་ལ། འདི་དག་ནི་བོད་ཀྱི་མཁས་པ་སྔ་མ་དག་གི་འདོད་ཚུལ་གསལ་པོར་རྟོགས་པའི་ཡིག་རིགས་གལ་ཆེན་ཡིན་ནོ། །﹙36﹚རྗེ་ཐམས་ཅད་མཁྱེན་པའི་རྣམ་དཔྱོད་དྲི་མ་མེད་པས་ཚད་མའི་གཞུང་ལུགས་སྤྱི་དང་ནང་ཚན་དཔལ་ལྡན་ཕྱོགས་ཀྱི་གླང་པོའི་ཚད་མ་ཀུན་བཏུས་དང་། དཔལ་ཆོས་ཀྱི་གྲགས་པའི་《ཚད་མ་རྣམ་འགྲེལ་》སོགས་ལ་ཞིབ་ཏུ་དཔྱད་ཅིང་གཟིགས་པ་ན། ཐེག་པ་གོང་འོག་གི་ཉམས་སུ་ལེན་པའི་རིམ་པ་མཐའ་དག་རིགས་པའི་ལམ་ནས་ཚང་ལ་མ་ནོར་བར་བསྟན་པ་ཐུགས་སུ་ཆུད་ཅིང་། དེ་ལ་བརྟེན་ནས་མཛད་པ་པོ་སློབ་དཔོན་ཡབ་སྲས་རྣམས་ལའང་བཅོས་མ་མ་ཡིན་པའི་དད་པ་ཤུགས་དྲག་པོ་འཁྲུངས་པ་སྟེ། དོན་དུ་ཚད་མའི་གཞུང་ལུགས་རྣམས་ཕྱིའི་གོ་རྒྱ་གཅོད་བྱེད་ཙམ་མ་ཡིན་པར་ཉམས་སུ་ལེན་རྒྱུའི་གདམས་པར་འཆར་བའི་ཐུགས་ངེས་གཏིང་ཕྱིན་པ་དེ་སྐབས་འཁྲུངས་པར་སྣང་ངོ་། །﹙37﹚ཞེས་ དང་། རྗེ་རང་ཉིད་ཀྱི་《རྟོགས་བརྗོད་མདུན་ལེགས་མ་》ལས་ཀྱང་དེ་ལྟར་ཡིན་པའི་སྒྲུབ་བྱེད་གསལ་པོར་གསུངས་ཡོད་པ་དཔེར་ན། བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ། །སྦྱངས་དང་མ་སྦྱངས་དུ་མ་མགྲིན་གཅིག་ཏུ། །མདོ་དང་སྡེ་བདུན་ཀུན་ལ་བྱང་ཆུབ་ཏུ། །བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར། །འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ། །དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས། །འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས། །གསུང་གི་གནང་བ་སྩལ་བའང་ཚད་མར་བྱེད། །དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ། །མཐོང་ནས་ལྷག་པར་ཚུལ་དེར་དཔྱད་པ་ན། །ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན། །ཚད་མ་གྲུབ་པར་ལུགས་འབྱུང་ལུགས་ལྡོག་གིས། །རྣམ་གྲོལ་དོན་དུ་གཉེར་ལ་བཅོམ་ལྡན་འདས། །ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི། །བསྟན་པ་ཁོ་ན་ཐར་འདོད་འཇུག་ངོགས་སུ། །ངེས་པ་གཏིང་ནས་རྙེད་པས་ཐེག་གཉིས་ཀྱི། །ལམ་གྱི་གནད་ཀུན་འདྲིལ་ནས་རིགས་ལམ་ནས། །ལེགས་པར་ཐོན་པས་ལྷག་པར་དགའ་བ་རྙེད། །﹙38﹚ཅེས་དང་། ཀློང་རྡོལ་ངག་དབང་བློ་བཟང་གིས།དགེ་ལུགས་པས་ཚད་མ་རྣམ་འགྲེལ་ནང་གི་ཉམས་ལེན་མུན་ཁུང་དུ་སྒྲོན་མེ་འབར་བ་ལྟ་བུ་ཐར་པ་དང་ཐམས་ཅད་མཁྱེན་པ་ཚུར་མཐོང་སོ་སོ་སྐྱེ་བོས་ཀྱང་མིག་གིས་གཟུགས་འཇལ་བ་བཞིན་མངོན་རྗེས་ཚད་མས་ལྟ་ཆོག་གསུངས་པས་མི་མཐུན།﹙39﹚ ཞེས་གསུངས་པ་དག་ལས། རྗེ་ཙོང་ཁ་པ་ཆེན་པོ་མ་བྱོན་པའི་གོང་རོལ་དུ་བོད་ཀྱི་མཁས་པ་ཕལ་མོ་ཆེས་ཕྱོགས་གླང་ཡབ་སྲས་ཀྱི་ཚད་མའི་གཞུང་ལུགས་རྣམས་ནི་ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་གྱི་རིམ་པ་སྟོན་པའི་ནང་བསྟན་ཐུན་མོང་མ་ཡིན་པའི་བསྟན་བཅོས་སུ་ཁས་མི་བཞེས་པ་གསལ་པོར་རྟོགས་ནུས་པས། དེ་ལྟ་ན་ཚད་གཞུང་འདི་དག་ཀྱང་རྗེ་ཙོང་ཁ་པ་ཆེན་པོའི་བཀའ་དྲིན་ལ་བརྟེན་ནས་ཕྱིས་སུ་བཀའ་པོད་ལྔའི་འཆད་ཉན་གྱི་མ་ལག་གྲུབ་རིམ་ཁྲོད་དུ་དེའི་ཡ་གྱལ་དུ་གྱུར་པར་མངོན་ལ། གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་བཏང་ན། གཞུང་པོད་ལྔའི་གྲས་ཀྱི་ཕར་ཕྱིན་དང་། དབུ་མ། མཛོད། འདུལ་བ་བཅས་བཞི་ལ་ནང་པའི་གཞུང་ལུགས་ཡིན་མིན་གྱི་དོགས་པ་བྱུང་མ་མྱོང་ཡང་། རྗེའི་ཡར་སྔོན་དུ་གཞུང་པོད་ལྔ་ལོགས་སུ་བཀར་ནས་དེའི་མིང་ཐོག་ནས་འཆད་ཉན་བྱེད་སྲོལ་ཀྱི་མ་ལག་ཅིག་གྲུབ་མེད་པའང་ཤུགས་སུ་རྟོགས་ནུས་སོ། །
       མདོར་ན། 《ཤེས་བྱ་ཀུན་ཁྱབ་》ཀྱི་རྩ་བ་ལས། བོད་ཡུལ་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད། །རྙིང་མ་བཀའ་གདམས་ལམ་འབྲས་བཀའ་བརྒྱུད་པ། །ཤངས་པ་ཞི་བྱེད་སྦྱོར་དྲུག་བསྙེན་སྒྲུབ་བོ། །﹙40﹚ཞེས་གསུངས་པའི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་གྲས་བཀའ་གདམས་པའམ་རི་བོ་དགེ་ལྡན་པའི་གྲུབ་མཐའ་འདི་ནི་བོད་བརྒྱུད་ནང་པའི་གྲུབ་མཐའ་ཐམས་ཅད་ཀྱི་ཕྱིས་སུ་བྱུང་བའི་གྲུབ་མཐའ་ཡིན་སྟབས། སྔར་ཡོད་གྲུབ་མཐའ་དག་གི་བཞེད་སྙིང་ལེགས་བསྡུས་མཛད་པ་གཞིར་བྱས་ཀྱི་སྟེང་། རྗེ་ཁོང་ཉིད་ཀྱི་རང་གི་ཐུན་མོང་མ་ཡིན་པའི་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། ལམ་བསླབ་པ་གསུམ་གྱི་ཉམས་ལེན་གྱིས་བསྡུས་པའི་བཤད་སྒྲུབ་ཀྱི་བསྟན་པ་ཧོར་ཁོང་དུ་མ་ལུས་པར་གཏན་ལ་འབེབས་པའི་ཐབས་དམ་པར་དམིགས་ཏེ་བཀའ་པོད་ལྔའི་འཆད་ཉན་རྩལ་འདོན་གྱི་ལམ་སྲོལ་འཛུགས་པར་མཛད་པ་ཡིན་པས། འཆད་ཉན་གྱི་མ་ལག་འདིའི་ནང་དུ་མ་འདུས་པའི་རྒྱལ་བའི་གསུང་རབ་ཀྱི་བརྗོད་དོན་གཞན་ཡོད་པ་མ་ཡིན་པ་གོང་དུ་གླེངས་ཟིན་ལ། དེ་ལྟ་བུའི་ཐབས་ལམ་ཁྱད་པར་ཅན་འདིས་བོད་ཀྱི་དགོན་སྡེ་སློབ་གསོའི་འཆད་ཉན་གྱི་འགྲོ་ཕྱོགས་དང་འཕེལ་རྒྱས་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པར་མ་ཟད། བོད་མི་སྤྱིའི་བླང་དོར་གྱི་རྣམ་གཞག་འཇོག་ཚུལ་དང་ལྟ་སྤྱོད་ཀྱི་རིན་ཐང་གཞལ་ཚུལ་སོགས་ལའང་རུས་ལ་རྐང་འཐིམ་པ་ལྟ་བུའི་ཤུགས་རྐྱེན་ཐེབས་ཡོད་པ་བཤད་མ་དགོས་པར་སྙམ་མོ། །
       མཆན་འགྲེལ།
       ①  本文系西北民族大学西北民族文献研究基地资助。
       ②  ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། 《གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་1984ལོའི་ཟླ་4པར་པར་དུ་བསྐྲུན། p.374 -375
       ③④⑤⑥⑦ 《དཀར་ཆག་འཕང་ཐང་མ》 [G] བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་གིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། 2003ལོ། p.43, p.32 p.38, p.42, p.34
       ⑧ སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས། བསྟན་པ་སྔ་དར་གྱི་དུས་སུ་རིགས་ཐིགས་དང་གཏན་ཚིགས་ཐིགས་པ་ལ་སོགས་པའི་སྡེ་བདུན་ཕྱི་མ་འགའ་ཞིག དུལ་ལྷ་སོགས་ཀྱི་འགྲེལ་པ་དང་བཅས་པ་འགྱུར་ཡོད་ཀྱང་། མདོ་དང་རྣམ་འགྲེལ་རྣམ་ངེས་འགྲེལ་ཆེན་དང་བཅས་པ་ནི་ཕྱི་དར་གྱི་ལོ་ཙཱ་བ་རྨ་དགེ་བློ་སོགས་ཀྱིས་ཐོག་མར་བསྒྱུར་ཅིང་ཕལ་ཆེར་ནི་རྔོག་ལོ་ཆེན་པོས་གསར་བསྒྱུར་དང་འགྱུར་བཅོས་དུ་མ་མཛད་ནས་འཆད་ཉན་གྱིས་རྒྱས་པར་གཏན་ལ་ཕབ་མོད། རྣམ་འགྲེལ་ནི་རྣམ་ངེས་ལ་ལྟོས་ཏེ་བཤད་སྲོལ་མ་ནུབ་ཙམ་དུ་གནས་པ་ལས། དུས་ཕྱིས་ཆོས་རྗེ་ས་པཎ་གྱིས་རྩལ་དུ་བཏོན་ནས་བསྒྱུར་བཤད་གཏན་ལ་ཕབ། ཅེས་ཚད་མ་རྣམ་འགྲེལ་ཐོག་དང་པོར་བསྟན་པ་ཕྱི་དར་གྱི་ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བར་གསུངས་པ་ནི། ད་ལྟའི་རྣམ་འགྲེལ་གྱི་འགྱུར་བྱང་དུ་བསྟན་པ་སྔ་དར་གྱི་དུས་སུ་དེ་བསྒྱུར་བའི་རྒྱུ་མཚན་མི་གསལ་བ་སོགས་ཀྱིས་རྐྱེན་བྱས་པར་མངོན་ནོ། །དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་པའི་《སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གསུང་འབུམ་པོད་དང་པོ》 [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོ། p.75
       ⑨ གསེར་མདོག་པཎ་ཆེན། 《ཚད་མའི་མདོ་དང་བསྟན་བཅོས་ཀྱི་ཤིང་རྟའི་སྲོལ་འབྱེད་རྣམས་ཇི་ལྟར་བྱུང་བའི་ཚུལ་གཏམ་དུ་བྱ་བ་ཉིན་མོར་བྱེད་པའི་སྣང་བས་དཔྱོད་ལྡན་དགའ་བྱེད》 《གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ་པོད་བཅུ་དགུ་པ》 [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང། 2013ལོ། p.22
       ⑩ དབལ་མང་པཎྜི་ཏ། 《བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན》 [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང། 1987ལོ། p.173
       ⑾ ལོ་ཆེན་རིན་ཆེན་བཟང་པོའི་སློབ་མ་ཞིག་སྟེ། གུ་གེ་ཁྱི་ཐང་པས་མཛད་པའི་ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་འབྲིང་བའི་ནང་དུ། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས་འདི་པ་ཁ་ཆེར་སློབ་གཉེར་ལ་མངགས་ཚུལ་བཀོད་ཡོད་དོ། །ཁོང་གི་བསྒྱུར་རྩོམ་ལ་གཏོར་མ་ཆེན་པོའི་ལས་ཀྱི་རིམ་པའི་འགྲེལ་པ་དང་། རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས། འདུལ་བ་ལུང་ཕྲན་ཚེགས་ཀྱི་རྣམ་བཤད། རྩོད་པའི་རིགས་པ། ཚད་མ་རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྙིང་པོའི་སྒྲུབ་ཐབས་སོགས་ཆོས་ཚན་ཉི་ཤུ་ལྷག་བཞུགས་སོ། །
       ⑿ སྤྱི་ལོ་1059ལོར་སྐུ་འཁྲུངས། ཁུ་བོ་རྔོག་ལེགས་པའི་ཤེས་རབ་ཀྱིས་མཐུན་རྐྱེན་སྦྱར་ཏེ་བཙན་ཁ་བོ་ཆེ་དང་། ཁྱུང་པོ་ཆོས་བརྩོན། རྭ་ལོ་རྡོ་རྗེ་གྲགས། གཉན་ལོ་དར་མ་གྲགས་བཅས་དང་འགྲོགས་ཏེ་རྒྱ་གར་དུ་སློབ་གཉེར་ལ་བྱོན། ལོ་ངོ་བཅུ་བདུན་གྱི་རིང་ལ་པཎྜི་ཏ་སན་ཛ་དང་འབུམ་ཕྲག་གསུམ་པ་ལ་སོགས་པའི་མཁས་གྲུབ་མང་པོ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་མཁས་པར་སྦྱངས། དགུང་ལོ་སོ་ལྔ་པར་བོད་དུ་བྱོན་ཏེ་ཚད་མ་རིག་པ་དང་ཕར་ཕྱིན་སོགས་ཀྱི་གཞུང་མང་པོ་བོད་སྐད་དུ་བསྒྱུར། ལྷ་ས་དང་། བསམ་ཡས། མྱུ་གུ་སྣ་གཙང་རྒྱང་མཁར་སོགས་སུ་འཆད་ཉན་མཛད་པར་མི་ཁྲི་ཚོ་གཉིས་དང་སུམ་སྟོང་ཙམ་འདུས། ཟུར་ཁྲིད་ཀྱི་འཆད་ཉན་བྱེད་ཐུབ་པའི་སློབ་མ་ཡང་ཉིས་སྟོང་བརྒྱད་བརྒྱ་ཙམ་བྱུང་། གསང་ཕུ་ནེའུ་ཐོག་གི་གདན་ས་བསྐྱངས་ཤིང་ཚད་མ་དང་། བྱམས་ཆོས་དབུ་མ། ཇོ་བོའི་ལམ་རིམ་སོགས་ཁྲིད་ནས་འཆད་ཉན་ཤིན་ཏུ་དར་བར་མཛད། སྤྱི་ལོ་1109ལོར་སྐུ་གཤེགས་སོ།།
       ⒀ དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་རྣམ་འགྲེལ་རྩ་བའི་ཤིང་པར་སྦྱར་བྱང་དུ་ཁ་ཆེའི་པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང་། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར་ལ་མཁས་པ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་ལ་སོགས་པ་དང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་སླར་ཡང་བསྒྱུར་ཞུས་མཛད་ནས་གཏན་ལ་ཕབ་ཚུལ་ལས་བཀོད་མེད་ཀྱང་། སྡེ་དགེ་བསྟན་འགྱུར་ཁྲོད་དུ་བཞུགས་པའི་འགྱུར་བྱང་དུ་བསྟན་བཅོས་འདི་རྒྱ་གར་གྱི་མཁན་པོ་སུ་བྷཱ་ཏི་ཤྲཱི་ཤཱནྟི་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱི་འགྱུར་ལ། ཁ་ཆེའི་པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང་། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བཅོས་ཤིང་། དེ་ནས་དུས་ཕྱིས་ཀྱི་མཁས་པ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་ལ་སོགས་པ་དང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་སླར་ཡང་བསྒྱུར་ཞུས་མཛད་ནས་གཏན་ལ་ཕབ་ཚུལ་བཀོད་ཡོད་དོ། ། ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་སྡེ་དགེ་བསྟན་འགྱུར་དཀར་ཆག [G] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1985ལོ། p.822
       ⒁⒂ དབལ་མང་པཎྜི་ཏ། 《བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན》 [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོ། p.174, p.175
       ⒃ མཁས་གྲུབ་རྗེ། 《རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་པར་ཐར་པ་དད་པའི་འཇུག་ངོགས》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1983ལོ། p.17
       ⒄ འབྲུག་རྒྱལ་དབང་ཆོས་རྗེ། 《འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981ལོ། p.453
       ⒅ འབྲུག་རྒྱལ་དབང་ཆོས་རྗེ། 《འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981ལོ། p.153-156
       ⒆ རྗེ་ཙོང་ཁ་པ། 《བཀའ་འབུམ་ཐོར་བུ་བཞུགས་སོ》 [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1987ལོ། [.97
       ⒇﹙21﹚འབྲུག་རྒྱལ་དབང་ཆོས་རྗེ། 《འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981ལོ། p.423
       ﹙22﹚སཾ་སྐྲྀ་ཏའི་སྐད་ལ་པི་ཊ་ཀ་ཞེས་འབྱུང་ཞིང་། དེའི་དོན་པཎྜི་ཏ་ཞེས་པར་བསྒྱུར་ན་གོང་བུའམ་བསྡུས་པ་ལ་འཇུག་པས། དོན་མང་པོ་བརྗོད་བྱར་བསྡུས་པའམ་ཤེས་བྱ་ཐམས་ཅད་བརྗོད་བྱར་བསྡུས་པས་ན་སྡེ་སྣོད་ཅེས་གྲགས། ཡང་སྣོད་ཀྱི་སྐད་དོད་པི་ཊ་ཀ་ཞེས་པ་རྒྱ་གར་ཡུལ་དབུས་ཀྱི་འབྲུ་བྲེ་བཅུ་ཤོང་བའི་བྲེ་བོ་ཆེའི་མིང་ཡིན་པས། འབྲུ་མང་པོ་ཤོང་ཞིང་འདུ་བའི་སྣོད་ལ་པི་ཊ་ཀ་ཞེས་བརྗོད་པ་ཡིན་ལ། གསུང་རབ་ཀྱི་ཚིག་དོན་ཐམས་ཅད་དམ། གཏན་ལ་དབབ་པའི་གཞི་ཕུང་ཁམས་སྐྱེ་མཆེད་ནས་འབྲས་བུ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱི་བར་གྱི་ཤེས་བྱའི་དོན་གྱི་སྡེ་སྟེ། ཚོགས་སམ་རིགས་ཐམས་ཅད་འདུས་པའི་ཕྱིར་ན་སྡེ་སྣོད་ཅེས་འབོད་པ་ཡིན་ནོ། །ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི་《གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང》[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1984ལོ། p.352
       ﹙23﹚སྒོམ་སྡེ་ལྷ་རམས་པ་ཐུབ་བསྟན་བསམ་གྲུབ། 《སྒོམ་སྡེ་ཚིག་མཛོད་ཆེན་མོ》 [M] གླེགས་བམ་གཉིས་པ། p.183
       ﹙24﹚﹙27﹚དབལ་མང་པཎྜི་ཏ། 《བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན》[M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོ། p.164
       ﹙25﹚གུང་ཐང་བསྟན་པའི་སྒྲོན་མེ། 《བསྟོད་པ་དོན་དང་ལྡན་པའི་རྒྱ་ཆེར་འགྲེལ་བ་བསྟན་པའི་དེ་ཉིད་སྣང་བ》 [M] མདོ་སྨད་རྔ་ཡུལ་སྒོ་མང་དགོན་གྱི་མདོ་སྔགས་བཤད་སྒྲུབ་གླིང་། 2007ལོ། p.143
       ﹙26﹚ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། 《གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང》 [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1984ལོ། p.354
       ﹙28﹚དུང་དཀར་བློ་བཟང་འཕྲིན་ལས། དུང་《དུང་དཀར་ཚིག་མཛོད་ཆེན་མོ》 [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོ། p.172-173
       ﹙29﹚ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་《ཏུན་ཧོང་བོད་ཡིག་ཡིག་ཚགས》 [G] དེབ་བདུན་པ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་གསུམ་གྱིས་མཉམ་དུ་བསྒྲིགས། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2008ལོ། p.338
       ﹙30﹚《ཅོ་ནེའི་བསྟན་འགྱུར་དཀར་ཆག》 [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1986ལོ། p.186
       ﹙31﹚﹙32﹚﹙33﹚དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་དཔེ་མཛོད་ཁང་གིས་བསྒྲིགས་པའི་《ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་འབུམ》གླེགས་བམ་བཅུ་བཞི་པ། [M] p.10, p.12, p.15
       ﹙34﹚《ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ》 [M] གླེགས་བམ་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991ལོ། p.293
       ﹙35﹚དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གིས་བསྒྲིགས་པའི་《སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་གསུང་འབུམ་པོད་དང་པོ》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོ། p.26
       ﹙36﹚འབྲུག་རྒྱལ་དབང་ཆོས་རྗེ། 《འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981ལ། p.146
       ﹙37﹚རྗེ་ཙོང་ཁ་པ། 《བཀའ་འབུམ་ཐོར་བུ་བཞུགས་སོ》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། p.99
       ﹙38﹚《ཀློང་རྡོལ་ངག་དབང་བློ་བཟང་གི་གསུང་འབུམ》 གླེགས་བམ་དང་པོ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1991ལོ།  p.293
       ﹙39﹚ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། 《ཤེས་བྱ་ཀུན་ཁྱབ》 སྟོད་ཆ། [M] མི་རིགས་དཔེ་སྐྲུན་ཁང་། 1982ལོ། p.32
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1