གཙོ་ངོས།>> འཕྲོད་བསྟེན།>>བདེ་ཐང་ཤེས་བྱ།

རྩོམ་སྒྲིག་པ།ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༩ཚེས་༢༥ཉིན།

༄༅།།སྟོན་མགོ་ཚུགས་རྗེས་ལུས་ཟུངས་གསོ་བར་དོ་སྣང་བྱེད་དགོས།


          ཚ་གདུག་ཆེ་བའི་དབྱར་གཞུང་ཕར་འདས་ཏེ་ད་ནི་སྟོན་མགོ་ཚུགས་ཟིན་པས། སྐབས་འདིར་ལུས་ཟུངས་གསོ་བར་མཉམ་འཇོག་བྱེད་དགོས་པ་དང་ལྷག་པར་དུ་དལ་བའི་རང་བཞིན་གྱི་མཆིན་ཚད་ཀྱི་ནད་བྱུང་ཡོད་པའི་ནད་པས་ལུས་ཟུངས་གསོ་བར་དོ་སྣང་བྱེད་དགོས། དེ་བས་གཤམ་དུ་སྟོན་མགོ་ཚུགས་རྗེས་ལུས་ཟུངས་གསོ་བར་དོ་སྣང་བྱེད་དགོས་པའི་གནད་དོན་འགའ་ངོ་སྤྲོད་བྱེད་པ་ལ།

          གཅིག སེམས་ཁམས་གསོ་བ། ཁོང་ཁྲོ་དང་སྡུག་བསྔལ་སོགས་སྤང་ནས་སེམས་ཁམས་ལྷོད་ལ་འབབ་པ་དང་བདེ་ལ་འབབ་སུ་བཅུག་ནས་འབྲས་ལྡན་སྟོན་ཁའི་ནམ་ཟླ་དང་བསྟུན་ཐབས་བྱེད་དགོས།
          གཉིས། འགྲོ་འདུག་སྤྱོད་གསུམ་གྱི་ཕྱོགས་ལ་དོ་སྣང་བྱས་ནས་འབྱུང་ཁམས་གསོ་བ། སྟོན་ཁར་སྔ་ཉལ་སྔ་ལངས་བྱས་ན་འབྱུང་གཞི་བདེ་བ་དང་། དེ་ལས་གཞན་སྟོན་ཁར་ཆར་འབབ་ཚད་ཅུང་མང་ཞིང་ཆར་འབབ་ཐེངས་རེ་རེར་ནམ་ཟླ་རིམ་གྱིས་ཇེ་འཁྱགས་སུ་འགྲོ་བཞིན་ཡོད་པས། སྐབས་འདིར་ནམ་ཟླའི་འགྱུར་ལྡོག་དང་བསྟུན་ནས་ལྭ་བ་ཇེ་མཐུག་ཏུ་བཏང་ནས་ཆམ་ནད་འབྱུང་བར་སྔོན་འགོག་བྱེད་དགོས།

          གསུམ། འགུལ་སྐྱོད་བྱས་ནས་འབྱུང་ཁམས་གསོ་བ། སྟོན་མགོ་ཚུགས་རྗེས་རིམ་གྱིས་འགུལ་སྐྱོད་བྱེད་ཚད་ཇེ་མང་དུ་གཏོང་དགོས། དཔེར་ན་དལ་མོར་རྒྱུགས་པ་དང་ཕྱི་རོལ་དུ་འཆམ་འཆམ་ལ་འགྲོ་བ། ལྒང་ལི་རྒྱག་པ་སོགས་བྱེད་དགོས། འོན་ཀྱང་འགུལ་སྐྱོད་བྱས་ནས་རྔུལ་ཆུ་མང་པོ་བཞུར་དུ་འཇུག་མི་རུང་།
          བཞི། བཟའ་བཏུང་ལ་བརྟེན་ནས་འབྱུང་ཁམས་གསོ་བ། སྟོན་ཚུགས་རྗེས་ཆར་འབབ་ཚད་ཅུང་མང་བས་མཁའ་དབུགས་བརླན་གཤེར་ཆེ་བ་རེད། དེ་བས་བཟའ་བཏུང་གི་ཕྱོགས་ནས་སྒ་སྐྱ་དང་ཙོང་། སུར་པན་སོགས་ཉུང་ཙམ་ཟ་བ་དང་། སོ་བ་དང་སྲན་མའི་རིགས་མང་དུ་ཟོས་ན་བཟང་།

          ལྔ། སྟོན་ཚུགས་སྐབས་ལུས་ཁམས་གསོ་བར་སྣུམ་ཟས་སྣུམ་ཆུའི་རིགས་དེ་འདྲ་བསྟེན་མི་རུང་། སྟོན་མགོ་ཚུགས་དུས་ཚ་བ་སྔར་བཞིན་ཆེ་བ་དང་མཁའ་དབུགས་ལ་བརླན་གཤེར་ཆེ་བས། མི་རྣམས་ལ་ནམ་ཟླ་ཇེ་འཁྱགས་དང་ཇེ་སྐམ་དུ་འགྲོ་བཞིན་པའི་ཚོར་སྣང་ཅི་ཡང་མེད། དེའི་ཁར་ད་དུང་མི་རྣམས་ཀྱིས་ཚ་གདུག་ཆེ་བའི་དབྱར་ཁར་འཁྱགས་ཟས་མང་པོ་བསྟེན་པས་ཕོ་བ་དང་མཚེར་བའི་བྱེད་ནུས་ཅུང་ཉམས་ཡོད་པ་རེད། སྐབས་འདིར་གལ་ཏེ་ལུས་ཟུངས་གསོ་བའི་འཚོ་བཅུད་དེ་ལྷག་པར་དུ་སྣུམ་ཟས་སྣུམ་ཆུ་རིགས་མང་དུ་བསྟེན་ཚེ། ཕོ་བ་དང་མཚེར་བའི་ལས་འགན་དེ་བས་ཇེ་ལྗིད་དུ་བཏང་ནས་ཟས་འཇུ་མི་ཐུབ་པའི་གནས་ཚུལ་འབྱུང་སྲིད། དེ་བས་སྟོན་ཚུགས་མ་ཐག་པའི་སྐབས་འདིར་ལུས་ཟུངས་གསོ་ན་སྣུམ་ཞགས་དེ་འདྲ་མི་ཆེ་བའི་ཁུ་དྭངས་སོགས་འཐུང་དགོས།

          དྲུག སྟོན་ཚུགས་རྗེས་ནམ་ཟླ་རིམ་གྱིས་ཇེ་འཁྱགས་སུ་འགྲོ་བཞིན་ཡོད་ནའང་སྐབས་རེར་ད་དུང་ཚ་བ་སྔར་བཞིན་ཆེ་བ་དང་དེའི་ཁར་ཉིན་རྒྱུན་གནམ་ཐང་ནས་ཆར་མ་བབས་ཚེ། མཁའ་དབུགས་རང་བཞིན་གྱིས་སྐམ་པོར་འགྱུར་ངེས་པས། མི་ལུས་ཀྱི་སྐྱི་པགས་སྐམ་ཞིང་ཁ་སྣ་སྐམ་པ། ལུ་བ་སོགས་ཀྱིས་སྣང་ཚུལ་འབྱུང་སྲིད། དེ་བས་དུས་སྐབས་འདིར་སིལ་ཏོག་གི་རིགས་མང་ཙམ་ཟ་དགོས་པ་དང་མོག་རོ་དཀར་པོ་དང་ཡང་ན་མོག་རོ་ནག་པོའི་ནང་དུ་རྡོ་ཀ་ར་བཞག་ནས་ཆུར་གདུས་ནས་འཐུང་ནའང་བཟང་།
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1