གཙོ་ངོས།>> རྩོམ་རིག>>སྙན་རྩོམ།

རེ་རྐང་གླིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༠༩ཚེས་༢༥ཉིན།

༄༅།།ང་རང་ཁྱེད་ཀྱི་མི་ཚེའི་ཤོག་ལྷེ་ངོས་སུ་མེད་པར་གྱུར་ཚེ།


རེ་རྐང་གླིང་།
ནམ་ཞིག རྔུལ་ཆུས་བརླན་པའི་ལག་མཐིལ་གྱི་རི་མོ་མཐའ་དག
སོ་སོ་འཐོར་ནས
བྱིས་དུས་ཀྱི་རྨི་ལམ་ནང་གི་ཕོ་བྲང་དེ
ཁྱོད་རང་འགྲོ་སའི་ཆེས་མཐའ་མཇུག་གི་དག་ཞིང་དུ་གྱུར་དུས
སྤྲིན་དཀར་གྱི་ཨ་ལོང་བརྟོལ་བཞིན
རི་བྲག་གི་ཐེམ་པ་བརྒལ་བཞིན
རྩྭ་ལྗང་གི་རླབས་ལྕེ་ལས་ཟགས་འོང་བ་ནི
ཁྲོ་རིལ་ལྟ་བུའི་རླུང་གི་འཕྲིན་ཡིག་དག་སྟེ
སིང་སིང་གྲག་པའི་དབྱངས་ཀྱི་ཁུགས་པ་རེ་རེའི་ནང་ལ
ཁྱོད་ཀྱི་སོང་ཚར་བའི་ལོ་ཟླའི་སྨྲེང་བ་བཅུག་ཡོད་ཨང
ག་ལེར་ཕེབས་དང བདག་གི་གཙང་བོ་ལགས
ལུས་ཀྱི་ཕྱི་ནང་ཀུན་ལ ཐུགས་རྗེའི་རབ་གནས་མཛད་དེ
རྐང་མཐིལ་ནས་ཀླད་གཙུག་བར་གྱི་བུ་ག་དག་ལའང
བྱང་སེམས་ཀྱི་དག་འཁྲུས་མཛད་ཤོག
ཐོག་མ་ཉིད་ནས ཁྱོད་ལ་སྙེག་གིན
ལུས་སེམས་འོ་ཆུ་བཞིན་འདྲེས་པའི་ང་ཡི་སྙིང་སྡུག་དེ་ལ
བརྗོད་འདོད་པ་མཐའ་དག་བརྗོད་ཟིན
ད་ནི་ཉི་མ་སེར་པོའི་དྲོད་ཀྱི་སྣང་བ་ལྷུམས་སུ་བསྡུས་ནས
ང་རང་འགྲོ་སའི་གནས་དེ་ལ་བསུ་མ་གནང་རོགས
མེ་ལྕེའི་ངོགས་སུ་བྲིས་པའི་རྣམ་ཤེས་ཀྱི་ལྕགས་རི
གྲལ་གྱི་སྲུང་མ་དང སྒོའི་ཁྱི་ལྐོ་ཡན་ཆད
དོ་དམ་ལེགས་པོར་བྱས་ཏེ
ད་ནི་ཁྱོད་ཀྱི་མཐའ་མཇུག་གི་འཕྲིན་ཡིག་དེ་ལ་བསྒུགས་ཡོད
ས་དང་ཆུ མེ་དང་རླུང
ནམ་མཁའ་དང་བཅས་པ་ང་ཡི་བྲང་གཞོང་ལ་འཐིམ་དུས
སེམས་ཀྱི་དཀྱིལ་འཁོར་ལས་མངོན་ཡོང་བ
ཀེང་རུས་ཀྱི་ཚོགས་དང མི་མགོ་རློན་པ་ཁོ་ན་ཞིག་མ་ཡིན་པར
བྱང་སེམས་ཀྱི་འཛུམ་དཀར་གྲོལ་བའི
ལམ་དར་སྐུད་འདྲ་བོ་ཐག་རིང་ཐག་རིང་ཞིག་ལ་འཐེན་འདུག
བདེ་མོ་བྱོས ཐང་དཀར་རྒོད་པོ
ཤ་ཁྲག་གི་བྱེ་མ་རླུང་གིས་བགམས་དུས
ཡོམ་ཡོམ་འགུལ་བའི་ཚེ་སྲོག་གི་ལྗོན་རྩེར
ཕྱི་མིག་གི་ཆར་བ་ཤག་ཤག་འབབ་ནའང
ང་རང་ལམ་ལ་ཆས་ཟིན
བདེ་མོ་བྱོས སྙིང་ཉེ་བའི་མི
སྐྱོ་ལ་སྡུག་པའི་མི་ཚེའི་ལ་མོ་བརྒལ་དུས
འདས་དུས་ཀྱི་བྱུང་བ་མཐའ་དག
མགོ་ཐོག་ལ་གནམ་ལྕགས་བཞིན་འཁྱུག་ཡོང་ནའང
ང་རང་ལམ་ལ་ཆས་ཟིན

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1