དབྱི་རག་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་འབུམ་གསུམ་དང་ཁྲི་ལྔ་ལས་བརྒལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 09-30


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་འཕྲོད་བསྟེན་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པའི་གཞི་གྲངས་གསར་པ་ལྟར་ན།   དབྱི་རག་ཏུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་འབུམ་གསུམ་དང་ཁྲི་ལྔ་ལས་བརྒལ་བ་དང་།   རྐྱེན་ལམ་དུ་ཤོར་ཚད་སྟོང་དགུ་ལས་བརྒལ།  དབྱི་རག་འཕྲོད་བསྟེན་པུའུ་ཡི་དཔོན་རིགས་ཀྱིས་བཤད་རྒྱུར།   དབྱི་རག་སྔར་བཞིན་རིམས་ནད་འགོས་པའི་ཐོག་མའི་དུས་སྐབས་སུ་གནས་ཡོད་པ་ལས།   རིམས་ནད་འགོས་པའི་མཐོ་རླབས་སུ་སླེབས་མེད་ཟེར།
        གཞི་གྲངས་ལས་མངོན་པ་ལྟར་ན། དབྱི་རག་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྟོང་བཞི་བརྒྱ་དང་བཅུ་དྲུག་གསར་དུ་ངོས་བཟུང་བ་དང་།  བསྡོམས་པས་འབུམ་གསུམ་དང་ཁྲི་ལྔ་སྟོང་གསུམ་ལྔ་བརྒྱ་རེ་དྲུག་ཏུ་སླེབས་ཡོད།  རྐྱེན་ལམ་དུ་ཤོར་བའི་ནད་པ་སྔ་ཉིན་ལས་རེ་གཉིས་ཀྱིས་ཇེ་མང་དུ་སོང་བ་དང་།  བསྡོམས་པས་སྟོང་དགུ་དང་ང་གཉིས་ལ་སླེབས་ཡོད།   ནད་དྲག་སྐྱེད་བྱུང་བའི་ནད་པ་སྟོང་བཞི་བརྒྱ་དང་བཅུ་གཅིག་གིས་ཇེ་མང་དུ་སོང་བ་དང་བསྡོམས་པས་འབུམ་གཉིས་དང་ཁྲི་བརྒྱད་སྟོང་བཞི་བདུན་བརྒྱ་གྱ་བཞི་ལ་སླེབས་ཡོད།   རིམས་ནད་བྱུང་ཚད་ཚབས་ཆེན་ཡིན་པའི་རྒྱལ་ས་པ་ཀ་ཏ་རུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྟོང་གཅིག་དང་སུམ་བརྒྱ་སོ་གཉིས་ཇེ་མང་དུ་སོང་ཡོད།
        དབྱི་རག་འཕྲོད་བསྟེན་པུའུ་སྤྱི་བའི་འཕྲོད་བསྟེན་སྡེ་ཁག་གི་འགན་ཁུར་མི་སྣ་ཡ་ཏུ་ཨ་མིས་ཨར་གྱིས་བཤད་རྒྱུར།   ཉིན་རེའི་ནད་གཞི་བརྟག་དཔྱད་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན།   དབྱི་རག་ནད་པའི་ཁ་གྲངས་མགྱོགས་མྱུར་གྱིས་འཕར་པའི་དུས་སྐབས་སུ་གནས་ཡོད་པ་ལས།   རིམས་ནད་འགོས་པའི་མཐོ་རླབས་སུ་ད་རུང་སླེབས་མེད།   རིམས་ནད་སྔོན་འགོག་བཟང་བོ་བྱེད་ཆེད།   དབྱི་རག་འཕྲོད་བསྟེན་པུའུ་ཡིས་སྐབས་བསྟུན་ཇུས་གཞི་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།
        དབྱི་རག་སྲིད་གཞུང་གིས་ཟླ་དགུ་བའི་ཟླ་མགོར་སྔར་ལས་ལྷག་པའི་སྒོ་ནས་པྲོག་གསར་གློ་ཚད་རིམས་ནད་སྔོག་འགོག་བྱེད་ཐབས་མེད་པར་བཟོས་ཏེ་ལས་ཀ་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བཏང་ནས་དཔལ་འབྱོར་དང་དམངས་འཚོའི་གནོན་ཤུགས་ཇེ་ཆུང་དུ་གཏོང་རྒྱུ་ཐག་བཅད་པ་རེད།   དབྱི་རག་འཕྲོད་བསྟེན་དང་རྒྱལ་ཁབ་བདེ་འཇགས་མཐོ་རིམ་ཨུ་ཡོན་ལྷན་ཁང་གིས་ཚེས་བདུན་ཉིན་རིམས་འགོག་གཏན་ཁེལ་བརྩི་སྲུང་བྱེད་པའི་སྔོན་འགྲོའི་འོག་ཏུ།   གྲུ་ཁའི་ཉོ་ཚོང་བྱ་འགུལ་སླར་གསོ་དང་།  ཟ་ཁང་དང་སྐར་མ་རིམ་པའི་མགྲོན་ཁང་ཁ་ཤས་ཀྱིས་བསྐྱར་དུ་ལས་གཉེར་བྱས་ཆོག་པར་བྱས་པ་དང་།   ལུས་རྩལ་བྱ་འགུལ་སོགས་ཀྱི་བཀག་སྡོམ་མེད་པར་གཏོང་རྒྱུ་ཐག་བཅད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1