སྐབས་བཞི་བའི་རྒྱལ་ཡོངས་མཐོ་སློབ་བོད་ཀྱི་རི་མོའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་ལྷ་ས་ནས་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 10-09


          སྐབས་གསུམ་པའི་རྒྱལ་ཡོངས་མཐོ་སློབ་བོད་ཀྱི་རི་མོའི་ཆེད་ལས་སློབ་ཁྲིད་བགྲོ་གླེང་ཚོགས་འདུ་དང་། མཐོ་སློབ་བོད་ཀྱི་རི་མོའི་འབྲི་རྩལ་འགྲན་བསྡུར་ཆེན་མོ། སྐབས་བཞི་བའི་རྒྱལ་ཡོངས་མཐོ་སློབ་བོད་ཀྱི་རི་མོའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་བཅས་ཟླ9བའི་ཚེས28ཉིན་བོད་ལྗོངས་སློབ་ཆེན་དུ་སྤེལ་བ་རེད།
          “ཐེངས་འདིའི་འགྲེམས་སྟོན་ཁྲོད་ཞུགས་པའི་བརྩམས་ཆོས་དེ་སྔོན་ཆད་དང་བསྡུར་ན་གཙོ་བོ་མཚོན་ཐབས་ཀྱི་ཕྱོགས་ནས་མི་འདྲ་བ་རེད། སྲོལ་རྒྱུན་གྱི་རི་མོ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་སྟེང་དེང་སྐབས་ཀྱི་འཚོ་བ་དང་ཟུང་འབྲེལ་བྱས་ནས་གསར་རྩོམ་བྱེད་པ་ལས་སྲོལ་རྒྱུན་གྱི་ཐང་ག་ཁོ་ན་ཙམ་མིན་པར། འདི་ནི་སྐབས་འདིའི་རི་མོ་སྔོན་ཆད་དང་མི་འདྲ་བའི་བཀྲག་མདངས་འཚེར་ས་ཞིག་རེད། ཅེས་བོད་ལྗོངས་སློབ་ཆེན་མཛེས་རྩལ་ཚན་ཁག་གི་དགེ་རྒན་བདེ་ལྷ་ཚེ་བརྟན་གྱིས་དེ་ལྟར་བཤད། བོད་རིགས་ཀྱི་རི་མོའི་འབྲི་རྩལ་གྱི་འགྲན་བསྡུར་ཆེན་མོ་སྐབས་སྔོན་མ་ཚང་མར་རྒྱན་འཕེན་ནས་བརྗོད་དོན་གཏན་འཁེལ་བྱས་པ་དང་དུས་ཡུན་ཉིན་གསུམ་གྱི་རིང་ལ་གསར་རྩོམ་བྱས་པ་ཡིན། ད་ལོར་དུས་ཚོད་ཉིན་གཅིག་མ་གཏོགས་མེད་པས། སློབ་མའི་སྐབས་ཐོག་གི་གསར་རྩོམ་དང་རི་མོ་འབྲི་བའི་ལག་རྩལ་ཐད་ལ་རེ་འདུན་ཧ་ཅང་ཆེན་པོ་བཏོན་ཡོད་ཟེར།

        འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ཐེངས་འདིའི་བྱ་འགུལ་ལ་འགྲེམ་སྟོན་དང་། འགྲན་བསྡུར། ཞིབ་འཇུག་བགྲོ་གླེང་བཅས་ཀྱི་བྱེད་ཐབས་བརྒྱུད་དེ། མཐོ་སློབ་སོ་སོའི་བོད་ཀྱི་རི་མོའི་ཆེད་ལས་ཀྱི་དགེ་སློབ་བར་གྱི་བསམ་བློ་བརྗེ་རེས་དང་འཕེལ་རྒྱས་སྐུལ་འདེད་བཏང་སྟེ། སེམས་ཤུགས་གཅིག་སྒྲིལ་གྱིས་རང་རྒྱལ་གྱི་མཐོ་སློབ་བོད་ཀྱི་རི་མོའི་ཁྱད་ཆོས་ལྡན་པའི་ཆེད་ལས་འཛུགས་སྐྲུན་ལེགས་པོ་བྱ་ཆེད་རྨང་གཞི་ཡག་པོ་གཏོང་ཐུབ་ཟེར།

          ཐེངས་འདིའི་བྱ་འགུལ་ནི་བོད་ལྗོངས་སློབ་ཆེན་དང་། ནུས་བྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། བོད་ལྗོངས་མཛེས་རྩལ་པའི་མཐུན་ཚོགས། མཚོ་སྔོན་མཛེས་རྩལ་པའི་མཐུན་ཚོགས། ཀན་སུའུ་མཛེས་རྩལ་པའི་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གིས་འགན་འཁུར་ནས་སྒྲུབ་པ་ཡིན།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1