གཙོ་ངོས།>> གླིང་སྒྲུང་།>>དཔྱད་རྩོམ།

རྡོ་རྗེ་ཐར། ཆབ་འགག་རྟ་མགྲིན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༠ཚེས་༠༩ཉིན།

༄༅།།ཡུལ་དབུས་སུ་གླིང་སྒྲུང་སྐོར་གྱི་རྟེན་རྫས་བཞུགས་པའི་གསུང་སྒྲོས་ལ་དཔྱད་པ།


རྡོ་རྗེ་ཐར། ཆབ་འགག་རྟ་མགྲིན།
[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིར་ཡུལ་དབུས་སུ་གསར་དུ་རྙེད་པའི་གླིང་སྒྲུང་སྐོར་གྱི་གསུང་སྒྲོས་ལ་དཔྱད་ཞིབ་བྱས་པར་བརྟེན་ནས། གསུང་སྒྲོས་དེ་དག་ནི་གླིང་སྒྲུང་གི་བརྗོད་བྱའི་ནང་དོན་དང་མི་སྣའི་མ་ཕྱི་ལ་ཞིབ་འཇུག་བྱེད་པར་ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་ཞིག་ཡིན་པ་དང་། དེ་བཞིན་དུ་གླིང་གེ་སར་གྱི་དད་མོས་དང་གླིང་སྒྲུང་ས་གཞི་ཆེན་མོའི་ཁྱོན་དུ་ཁྱབ་ཐུབ་པའི་རྒྱུ་རྐྱེན་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་རྩ་ཆེན་ཞིག་དང་། གླིང་སྒྲུང་སྐོར་གྱི་རིག་གཞུང་དཀའ་གནད་སེལ་བ་དང་དེའི་ཞིབ་འཇུག་གི་འབྲས་བུར་གདེང་འཇོག་བྱེད་པར་ཁུངས་ལུང་ཚད་ལྡན་ཞིག་ཡིན་པའི་ལྟ་བ་བཏོན་ཡོད།
[བརྡ་ཆད་གཙོ་བོ།] ཡུལ་དབུས། གེ་སར། གསུང་སྒྲོས། དཔྱད་ཞིབ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G256.1
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2019-01-0112-10
        གླིང་གེ་སར་རྒྱལ་པོའི་སྒྲུང་ནི་རྣམ་གྲངས་མང་ཞིང་བརྗོད་བྱའི་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་ལ། རྨད་བྱུང་གི་ཉམས་ཀྱིས་ཕྱུག་ཅིང་ཡིད་འགུག་གི་ནུས་པ་ཆེ་བ། མི་སྣའི་སྣང་བརྙན་གསལ་ཞིང་ཡུལ་བཀོད་གསོན་ཉམས་ལྡན་པས།དེར་ཐུགས་མཉམ་འཇོག་པ་དང་ཞིབ་འཇུག་བྱེད་པའི་སྐྱེ་བོའང་འཛམ་གླིང་འཛིན་མའི་ཁྱོན་ཡོངས་ནས་ངང་ངམ་ཤུགས་ཀྱིས་ཐོན་ཞིང་། ཞིབ་འཇུག་གི་འབྲས་བུའང་གཅིག་ལས་གཅིག་ལྷག་ཐོན་དང་འཐོན་བཞིན་ཡོད་ལ། ཞིབ་འཇུག་གི་འབྲས་བུ་སྤྱི་དང་ཁྱད་པར་དུ་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་ལོ་རྒྱུས་ཀྱི་བྱུང་བ་དངོས་ལ་གཞི་བྱས་ནས་སྒྱུ་རྩལ་གྱིས་རྒྱས་སྤྲོས་བྱས་པར་འདོད་པའི་སྒྲུབ་བྱེད་ཀྱི་རྗེས་ཤུལ་དང་། རྟེན་རྫས་ཕལ་ཆེ་བ་མདོ་ཁམས་ཕྱོགས་སུ་ཡོད་པས། གླིང་གེ་སར་རྒྱལ་པོའི་སྒྲུང་གི་ཕ་ས་ཕ་ཡུལ་ཡང་གཙོ་བོ་མདོ་ཁམས་གཉིས་ཡིན་པར་སྙམ་མོད། ད་རེབ་《གངས་ཅན་མཁས་དབང་རིམ་བྱོན་གྱི་གླིང་སྒྲུང་སྐོར་གྱི་གསུང་སྒྲོས་སྣ་ཚོགས་དང་དེའི་དཔྱད་པ་དྭངས་གསལ་ཤེལ་གྱི་མེ་ལོང་》ཞེས་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཁང་གི་ལས་གཞི་ལེགས་འགྲུབ་འབྱུང་ཕྱིར། ང་ཚོ་ལས་གཞིའི་མི་སྣ་རྣམས་སྟོད་དབུས་གཙང་དུ་ཐེངས་འགར་ཕྱིན་ནས་གླིང་སྒྲུང་དང་འབྲེལ་བའི་ཡུལ་དངོས་སུ་རྟོག་དཔྱོད་བྱས་ཤིང་། བོད་ཀྱི་དུས་རབས་རིམ་བྱོན་གྱི་མཁས་ཆེན་དམ་པ་མང་པོའི་གསུང་འབུམ་དང་གྲུབ་མཐའ་སོ་སོའི་གདན་ས་གཙོ་བོ་ཁག་གི་གདན་རབས། གཙུག་ལག་ཁང་གི་དཀར་ཆག དེ་མིན་རྒྱལ་རབས་དེབ་ཐེར་སོགས་འབྲེལ་ཡོད་ཀྱི་ཡིག་ཚང་ལག་ཏུ་གང་ཚུད་ལ་མཇལ་བ་ལས་གླིང་གེ་སར་རྒྱལ་པོའི་སྒྲུང་གི་རྗེས་ཤུལ་དང་རྟེན་རྫས་སྐོར་གྱི་གསུང་སྒྲོས་སྔོན་ཆད་མཐོང་མ་མྱོང་བ་དང་། གླིང་སྒྲུང་ཞིབ་འཇུག་པ་རྣམས་ཀྱིས་དཔྱད་རྩོམ་དུ་དྲངས་པའང་མཐོང་དཀོན་པའི་གསུང་སྒྲོས་རྩ་ཆེན་རིགས་རྙེད་སོན་བྱུང་། གསུང་སྒྲོས་དེ་དག་ནི་གླིང་སྒྲུང་ཞིབ་འཇུག་དང་། ཁྱད་པར་དུ་གླིང་སྒྲུང་ཞིབ་འཇུག་གི་འབྲས་བུར་གདེང་འཇོག་བྱེད་ཅིང་། གླིང་སྒྲུང་ལ་ལོ་རྒྱུས་དངོས་ཀྱི་ཆ་ཡོད་མེད་དང་གང་དེ་གཞི་ཁྱོན་ཆེན་པོར་ཁྱབ་ཐུབ་པའི་རྒྱུ་རྐྱེན་བཅས་ལ་ཞིབ་འཇུག་བྱེད་པར་དཔྱད་གཞིའི་རིན་ཐང་ངེས་ཅན་ཞིག་ལྡན་པས། དགའ་སྤྲོ་དང་ངོ་མཚར་ཟུང་གི་ཡིད་འགྱུར་ཅིག་ཅར་དུ་སྐྱེས་པ་དང་ཆབས་ཅིག གསུང་སྒྲོས་དེ་དག་ཀུན་གྱི་སྤྱན་སྔར་འབུལ་བའི་འདུན་པའང་ངང་གིས་སྐྱེས་ཏེ་འགོད་པར་བྱ་བ་ལ།
དང་པོ། གླིང་སྒྲུང་སྐོར་གྱི་གསུང་སྒྲོས་ངོ་སྤྲོད།
        དེ་ཡང་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་མཆོག་གི་ཞལ་ནས། “གཏམ་ལ་རྒྱུ་མཚན་ཡོད་པ་ཡིན་པས་ཆེད་དུ་ཟུང་། མི་ལ་གྲོགས་མཁོ་བས་བཟང་ངན་འབྲིང་གསུམ་བསྟེན།”①ཞེས་གསུངས་པ་ལྟར། གླིང་སྒྲུང་ཞིབ་འཇུག་པ་རྣམས་དང་སྒོས་སུ་གླིང་གེ་སར་ཞེས་པ་ནི་སྒྱུ་རྩལ་གྱིས་བཞེངས་པའི་སྣང་བརྙན་ཞིག་ཡིན་པ་ལས་ལོ་རྒྱུས་ཀྱི་མི་སྣ་ངོ་མ་ཞིག་མིན་པར་བསམ་པའི་མཁས་པ་རྣམས་ཀྱི་ཡིད་ལ་འཛིན་དགོས་པ་དང་བློ་ཡིས་དཔྱད་དགོས་པའི་གསུང་སྒྲོས་རྩ་ཆེན་འདི་འདྲ་ཡོད་དེ།
        གཅིག རྒྱལ་དབང་ལྔ་པ་ཆེན་མོ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་《ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང་》ལས། “ཆོས་རྒྱལ་ཡབ་ཡུམ་རྣམས་སྐུ་ཁྲུས་མཛད་པའི་ཆུ་རྒྱུན་གྱིས་ཡོངས་སུ་བརླན་པའི་ས་ལ་སྐུ་རྒྱུའི་གཙོ་བོར་མཛད་ནས་ཟངས་མཁར་ལོ་ཙཱ་བ་ཞེས་འཕགས་པའི་ཡུལ་ནས་གངས་ཅན་ལྗོངས་འདིར་དམ་པའི་ཆོས་བསྒྱུར་བའི་སྐད་གཉིས་སྨྲ་བ་དེས། རྗེ་བཙུན་བྱམས་པ་མགོན་གྱི་སྐུ་བཞེངས་པར་བྱམས་པ་ཁྲུས་མཛད་དུ་གྲགས་ཤིང་། སྐུ་པང་ན་མགོ་ཡོད་ལྷ་ཁང་ནས་སྤྱན་དྲངས་པའི་ཙན་དན་ལས་གྲུབ་པའི་འཇམ་དབྱངས།མཉམ་མེད་ཇོ་བོ་ཆེན་པོའི་བླ་མ་གསེར་གླིང་པའི་ཐུགས་དམ་རྟེན་ལི་དཀར་གྱི་ཚེ་དཔག་མེད། གཞན་ཡང་འཇམ་དབྱངས། ཕྱག་རྡོར། སྤྱན་རས་གཟིགས་ཕྱག་བཞི་པ། རྒྱལ་བ་ཙོང་ཁ་པ། དཀོན་གཉེར་དཔོན་རྒྱལ་རབས་གསལ་བའི་མེ་ལོང་རྩོམ་པ་པོ་ལེགས་པའི་ཤེས་རབ་ཀྱི་གདུང་རྟེན། རྗེ་བཙུན་སྒྲོལ་མའི་སྐུ། བཤན་པ་རྨེ་རུ་རྩེའི་སྡིག་བཤགས་ལ་བཞེངས་པའི་འབུམ། མངའ་རིས་པ་བརྩོན་འགྲུས་སྙིང་པོའི་གདུང་རྟེན། རྒྱལ་བ་ཙོང་ཁ་པའི་དུས་ཀྱི་རྡོ་ཀོང་བཀྲ་ཤིས་འོད་འབར་རྣམས་བཞུགས་སོ་”②ཞེས་ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་གི་བྱམས་པ་ཁྲུས་མཛད་ཀྱི་སྐུ་པང་དང་མདུན་ངོས་སུ་ཙན་དན་ལས་གྲུབ་པའི་འཇམ་པའི་དབྱངས་དང་། ཇོ་བོ་རྗེའི་བླ་མ་གསེར་གླིང་པའི་ཐུགས་དམ་གྱི་རྟེན་ལི་དཀར་གྱི་ཚེ་དཔག་མེད། རིགས་གསུམ་མགོན་པོ། རྒྱལ་བ་ཙོང་ཁ་པ། རྗེ་བཙུན་སྒྲོལ་མ་སོགས་ཀྱི་སྐུ་བརྙན་དང་།སེར་པོ་ཧོར་གྱི་སྡིག་གཅོད་ཤན་པ་རྨེ་རུ་རྩེས་གླིང་གི་གདོང་འབུམ་པའི་རྒྱ་ཚ་ཞལ་དཀར་བཀྲོངས་པའི་སྡིག་བཤགས་སུ་བཞེངས་པའི་འབུམ། མངའ་རིས་པ་བརྩོན་འགྲུས་སྙིང་པོའི་གདུང་རྟེན། རྒྱལ་བ་ཙོང་ཁ་པའི་དུས་ཀྱི་རྡོ་ཀོང་སོགས་བཞུགས་པར་བཀོད་ཡོད།
        གཉིས། མཚུར་ཕུ་དགོན་གྱི་ཕྱག་མཛོད་ཁང་གི་ཕྱག་དྲུང་དང་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་དྲུང་ཡིག མཚུར་ཕུ་དགོན་གྱི་གཉེར་ཆེན་འགན་འཛིན་པ་རིན་ཆེན་དཔལ་ལྡན་གྱིས་མཛད་པའི་《མཚར་ཕུ་དགོན་གྱི་དཀར་ཆག་ཀུན་གསལ་མེ་ལོང་》དུ། ཀརྨ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པའི་མཛད་རྣམ་ཞིབ་ཏུ་འགོད་སྐབས་“སྔོན་ས་ར་ཧ་སོགས་རྒྱ་གར་འཕགས་པའི་ཡུལ་དུ་གྲུབ་བརྒྱའི་སྤྱི་མེས་ཆེན་པོ་དང་རྣལ་འབྱོར་གྲུབ་པའི་དབང་ཕྱུག་མང་པོ། སྲོང་བཙན་སྒམ་པོ་དང་། རྒྱའི་གོང་མ་ཏ་མིང་གཡུང་ལོ་སོགས་འཁོར་ལོས་བསྒྱུར་པ་དང་ཆོས་ཀྱི་རྒྱལ་པོ་མང་པོ། ལོ་ཙཱ་ལ་སྔ་བ་དབུ་རུ་ངན་ལམ་བ་རྒྱལ་བ་མཆོག་དབྱངས་སོགས་རིག་འཛིན་ཆེན་པོ་ཨྱོན་རྗེ་འབངས་ཉེར་ལྔའི་གྲས་དང་།གླིང་རྗེ་གེ་སར་རྒྱལ་པོའི་སྐབས་སུ་བཀའ་བློན་ཆེན་པོའི་ཚུལ་བཟུང་བ་དཔའ་ཚ་ཞང་འདན་མ་སྤྱང་འདྲ་སྟེ་འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པའི་བདུད་འདུལ་དཔའ་བོ་ཆེན་པོ། ཀློང་རྟོལ་བླ་མ་རིན་པོ་ཆེས་ཉིད་ཀྱི་སྐྱེས་བརྒྱུད་བགྲང་གནང་བ་ལས། དྲུག་པ་བོ་ཏོ་བ། བདུན་པ་དུས་གསུམ་མཁྱེན་པ་ཞེས་……གང་ལ་གང་འདུལ་གྱི་སྤྲུལ་བ་སྣ་ཚོགས་པའི་སྒོ་ནས་ཀྱང་འགྲོ་བའི་དོན་མཛད་པ་ནི་བགྲང་ལས་འདས་པའི་རྣམ་ཐར་བསམ་གྱིས་མི་ཁྱབ།”③ ཅེས་རྒྱ་གར་འཕགས་པའི་ཡུལ་གྱི་གྲུབ་ཐོབ་ས་ར་ཧ་དང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ། རྒྱའི་ཏ་མིང་གོང་མ་ཡུང་ལོ། ལོ་ཙཱ་བ་རྒྱལ་བ་མཆོག་དབྱངས། གླིང་གེ་སར་རྒྱལ་པོའི་བཀའ་བློན་ཚ་ཞང་འདན་མ་བྱང་ཁྲ། བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བ་སོགས་ནི་རྗེ་ཀརྨ་དུས་གསུམ་མཁྱེན་པའི་སྐྱེས་རབས་སུ་ངོས་འཛིན་མཛད་ཡོད། ཡང་། 《དཀར་ཆག་》དེ་ཉིད་ལས། “བཀྲིས་ཁང་བཟང་གི་བར་ཁྱམས་ཀྱི་བྱང་དུ་གཟིམ་སྒོ་ལྷོ་ལྟ་རུ་བཞིར་མི་མགོ་སྐམ་རློན་གྱི་ཕྲེང་བ་དང་།……ལྷག་པར་གླིང་གེ་སར་གྱི་སྐུ་དུས་སུ་གྲུབ་ཆེན་ཀརྨ་པཀྵི་ལ་ཕུལ་བར་གྲགས་པའི་དཔའ་རྒྱ་ཚའི་ཡ་ཟི་དཀར་ཕྲན་དང་། བཤན་པ་རྨེ་རུ་རྩེའི་དུག་རལ་འབར་བ། འདན་མའི་ལྗང་པ་ཡུ་དམར། དཔའ་མི་ཨ་ཏག་ཀླུ་མོའི་སྡིག་པ་ཤ་གཟན་སོགས་གླིང་གི་དཔའ་རྟུལ་ཆེ་གྲས་རྣམས་ཀྱི་རལ་གྲི་དང་། མདའ་མདུང་ཁྲབ་རྨོག་སོགས་གོ་མཚོན་འཁྲུལ་མེད་མང་པོ་རྟེན་རྫས་སུ་ཕུལ་ཡོད་པ་དང་(རྟེན་གྲི་འདི་རྣམས་རྒྱལ་དབང་ཕྱོགས་ཕེབས་སྐབས་སུ་ཕེབས་བྱམས་ནང་ངམ།ཡང་ན་ཆིབས་ཞབས་ཀྱི་རྒྱབ་ཆའི་གྲས་སུ་འབྲལ་མེད་གདན་འདྲེན་ཞུ་དགོས་)”④ཞེས་ཀརྨ་བཀའ་བརྒྱུད་པའི་གདན་ས་མཚུར་ཕུ་དགོན་པའི་བཀྲ་ཤིས་ཁང་བཟང་གི་བར་ཁྱམས་བྱང་ངོས་ཀྱི་ཐུགས་དམ་མགོན་ཁང་དུ་དེ་སྔ་རྗེ་ཀརྨ་པཀྵི་ལ་ཕུལ་བའི་གདོང་འབུམ་པའི་རྒྱ་ཚ་ཞལ་དཀར་དང་། སྡིག་གཅོད་ཤན་པ་རྨེ་རུ་རྩེ། ཚ་ཞང་འདན་མ་བྱང་ཁྲ། དཔའ་མོ་ཨ་སྟག་ལྷ་མོ་སོགས་གླིང་གི་དཔའ་རྟུལ་ཆེ་གྲས་རྣམས་ཀྱི་རལ་གྲི་དང་། མདའ་མདུང་ཁྲབ་རྨོག་སོགས་གོ་མཚོན་འཁྲུལ་མེད་མང་པོ་བཞུགས་པར་མ་ཟད། རལ་གྲི་དེ་དག་རྗེ་ཀརྨ་པ་སྐུ་ཕྲེང་ན་རིམ་ཡུལ་ཕྱོགས་གང་ལ་ཕེབས་ན་འགྱོག་བྱམས་ཀྱི་ནང་དང་ཡང་ན་ཆིབས་ཞབས་ཀྱི་རྒྱབ་ཆའི་གྲས་སུ་འབྲལ་མེད་དུ་གདན་འདྲེན་དགོས་པར་བཀོད་ཡོད།
        ཡང་། 《དཀར་ཆག་》དེ་ཉིད་ལས། “གླིང་གེ་སར་རྒྱལ་པོས་བསྟན་དགྲ་བདུད་ཀྱི་རྫོང་ཆེན་བཅོ་བརྒྱད་ཀྱིས་གཙོས་རྫོང་ཆུང་མང་པོ་བཏུལ་བའི་སྒྲུང་ཐང་གསོན་ཉམས་ལྡན་པ་ཆ་ཚང་མང་པོ་དང་། གེ་སར་ཕུ་ནུ་སུམ་བཅུ། དགྲ་ལྷ་ཝེར་མ་དང་བཅས་པ་རྣམས་ལ་གསོལ་མཆོད་མཛད་རྒྱུའི་ཞལ་ཐང་ཤིན་ཏུ་ཆེ་བ་ཐོག་ཚད་མ་བཅས་བཞུགས།”⑤ཞེས་མཚུར་ཕུ་དགོན་པའི་གཟིམ་ཆུང་ཆོས་དབྱིངས་ཕོ་བྲང་གི་ནང་དུ་གླིང་གེ་སར་རྒྱལ་པོས་རྫོང་ཆེན་བཅོ་བརྒྱད་ཀྱིས་གཙོས་རྫོང་ཆུང་མང་པོ་བཏུལ་བའི་སྒྲུང་གི་ཐང་ཀ་གསོན་ཉམས་ལྡན་པ་ཆ་ཚང་མང་པོ་དང་། གླིང་གེ་སར་རྒྱལ་པོའི་ཕུ་ནུ་སུམ་ཅུ་དང་དགྲ་ལྷ་ཝེར་མ་དང་བཅས་པ་རྣམས་ལ་གསོལ་མཆོད་བྱེད་པར་བཤམས་པའི་ཞལ་ཐང་ཤིན་ཏུ་ཆེ་བ་ཁང་པ་ཐོག་ཚད་གཅིག་ཙམ་ལོངས་པ་བཅས་བཞུགས་པར་བཀོད་ཡོད།
        གསུམ། དབུས་བཟའ་མཁའ་འགྲོ་ཀུན་བཟང་ཆོས་ཉིད་ཀྱིས་མཛད་པའི་《དབུས་བཟའ་མཁའ་འགྲོའི་གསུང་འབུམ་》པོད་དང་པོ་ལས། “ནངས་སྔ་མོ་གནས་གསར་རྗེ་བཙུན་མའི་སྐུ་མདུན་དུ་སོང་བས་ཁོང་གི་དབུ་གཙུག་ཏུ་རྡོ་རྗེ་རྣལ་འབྱོར་མ་ཞིག་འོད་ཀྱི་རྣམ་པར་མཇལ་འདུག་པས། བདག་གིས་འདི་ཅི་རེད་ལགས་ཞུས་ནས་ཕྱག་འཚལ་བས། རྗེ་བཙུན་མའི་ཞལ་ནས་འདི་བདག་གི་ཡི་དམ་རེད། ཁྱོད་ལས་རྣམ་དག་ཡིན་པས་མཇལ་བ་ཡིན། མ་འོངས་དུས་འུ་ཅག་གཉིས་མི་འབྲལ་ཚོམ་བུ་གཅིག་ཏུ་ཚོགས་ནས། ཆོས་འདིའི་བསྟན་པ་མཐའ་རྒྱས་སུ་འཛིན་པའི་རྟེན་འབྲེལ་ལེགས་སོ་གསུངས་ཏེ། ས་སྐྱའི་གསེར་ཆོས་བཅུ་གསུམ་གྱི་དཔེ་ཆ་རེད་ཟེར་བ་ཞིག་བདག་གི་མགོ་ལ་བཞག་ནས་སྨོན་ལམ་མཛད་དོ། །དེ་ནས་མི་ཆུང་རི་ཞེས་པ་སྔར་རྒྱ་ཚའི་མདའ་འབེན་དུ་བཞག་སྟེ། རིའི་ལྟོ་བ་ཕར་ཕུད་ཚུར་ཕུད་བྱས་ཡོད་པ་ཞིག་འདུག་པས་དེར་ཐོན་སོང་ཚེ། ང་རང་སྔར་ནེ་ཆུང་མ་ཡིན་དུས་གླིང་གི་བུ་མོ་རྣམས་དང་ཤྭ་འཕངས་ནས་སོར་གདུབ་རྣམས་རྒྱལ་ལ་བཞག་ཚེ། ནེ་ཆུང་གི་སོར་གདུབ་བོར་སོང་བ་དེ་འདི་ན་ཡོད་སྙམ་ནས་ཕ་བོང་ཆེ་བ་གཅིག་གི་རྩར་ས་བསྐོས་ནས་བལྟས་པས་སོར་གདུབ་རྙེད་བྱུང་བས། གྲོགས་མོ་རྣམས་ཀྱིས་སོར་གདུབ་ཆེ་བ་འདི་ཅི་རེད་ཟེར། བདག་གིས་ཐོག་རྫས་རེད་སྨྲས་པས་བདེན་པར་འདུག་ཟེར།བདག་གིས་ཨ་མ་ལ་སོར་གདུབ་ཕུལ་ནས་ལོ་རྒྱུས་རྣམས་ཞིབ་པར་ཞུས་ཚེ། ཨ་མའི་ཞལ་ནས་སོར་གདུབ་ལོན་ཚུལ་ངོ་མཚར་འདྲ་ཡང་། སྐྱེ་སྔོན་ཁྱོད་ཀྱིས་བརྗོད་ལས་འདས་ཤིང་མཐའ་མ་ངེས་པ་དུ་མའི་ལུས་བླངས་ཡོད་པས་བཤད་མི་དགོས། བཤད་ཆེ་ན་ཁ་ཁྲིམས་གཅོད་འོང་གསུངས། དེ་ནས་རིམ་གྱིས་རང་གནས་ལ་ཐོན།”⑥ཞེས་བཀོད་པ་སྟེ།དབུས་བཟའ་མཁའ་འགྲོ་ནི་དབུས་འགྱུར་ལྷ་ལྡན་གྲོང་ཁྱེར་ཆེན་པོའི་རྒྱ་སྡེ་ར་ག་ཤར་གྱི་ཡུལ་གྲོང་གི་མི་དཔོན་ཆེན་པོ་བྱམས་པ་མགོན་པོ་ཞེས་པའི་ལྷ་ལྕམ་དུ་སྐུ་འཁྲུངས་ཤིང་། དེ་སྔ་གླིང་གི་བུ་མོ་ནེ་ཆུང་གི་སྤྲུལ་བར་ངེས་པའི་དབུས་བཟའ་མཁའ་འགྲོ་ཀུན་བཟང་ཆོས་ཉིད་བདེ་སྐྱོང་དབང་མོ་མཆོག་གིས་མི་ཆུང་རི་བྱ་བར་སྐྱེས་པ་སྔ་མར་གླིང་གི་ནེ་ཆུང་མ་ཡིན་དུས་བོར་བརླག་ཏུ་སོང་བའི་སོར་གདུབ་རྙེད་སོན་བྱུང་ཚུལ་གསལ་པོར་བཀོད་ཡོད།
        བཞི། རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་མཆོག་གི་ཡོངས་འཛིན་ཕུར་ལྕོག་ངག་དབང་བྱམས་པ་མཆོག་གིས་མཛད་པའི་《གྲྭ་ས་ཆེན་པོ་བཞི་དང་རྒྱུད་པ་སྟོད་སྨད་ཆགས་ཚུལ་པད་དཀར་འཕྲེང་བ་》ལས། “བྱམས་ཁང་རྙིང་པར། རྒྱལ་བ་ཙོང་ཁ་པ་ཆེན་པོས་ལྗགས་བཀོད་གནང་བ་ལྟར། སྣེའུ་རྫོང་ནས་བཞེངས་པའི་རྒྱལ་བ་མ་ཕམ་པ་དགུང་ལོ་བརྒྱད་པའི་ཚད་རྒྱུ་གསེར་ཟངས་ལས་གྲུབ་པ་ལོངས་སྐུའི་ཆ་ལུགས་ཅན། དེའི་ནང་རྟེན་དུ་སངས་རྒྱས་ཀྱི་འཕེལ་གདུང་ཆེ་བ་བྱ་སྒོང་ཙ་ནས་ཆུང་བ་ཡུངས་འབྲུ་ཙམ་གྱི་བར་མ་ག་དྷའི་བྲེ་ཆེན་གང་།……གེ་སར་རྒྱལ་པོའི་འཁོར་གསུམ་སག་ཐག རྗེ་བཙུན་ཙོང་ཁ་ཆེན་པོའི་ན་བཟའ་ཆ་ཚང་། འཕགས་པ་ཐོགས་མེད་ཀྱི་སྐུ། རྣམ་སྲས་མདུང་དམར་ཅན་གྱི་མདུང་། གཟུངས་ཆེན་སྡེ་ལྔ་ལ་སོགས་པ་གསེར་སྦྱང་བཙོ་མས་བྲིས་པ་སོགས། ཆོས་སྐུའི་རིང་བསྲེལ་མང་དུ་བཞུགས་པ་སྲིད་ཞིའི་དགེ་ལེགས་ཀྱི་དངོས་པོ་ཐམས་ཅད་གཅིག་ཏུ་སྤུངས་པ་འདི་ལ། རྗེ་བདག་ཉིད་ཆེན་པོས་རབ་གནས་མཛད།”⑦ཅེས་གྲྭ་ས་ཆེན་པོ་བཞིའི་ཡ་གྱལ་དཔལ་ལྡན་འབྲས་སྤུངས་དགོན་པའི་རྟེན་གྱི་གཙོ་བོ་བྱམས་པ་མཐོང་གྲོལ་ཆེན་པོ་ནི་རྒྱལ་བ་ཙོང་ཁ་པ་ཆེན་པོའི་བཀའ་བཀོད་ལྟར་བཞེངས་ཤིང་། དེའི་གཟུངས་གཞུག་ཏུ་སངས་རྒྱས་ཀྱི་འཕེལ་གདུང་དང་གེ་སེར་རྒྱལ་པོའི་འཁོར་གསུམ་སག་ཐག་སོགས་བཞུགས་ལ། རྗེ་བདག་ཉིད་ཆེན་པོ་སྐུ་དངོས་སུ་རབ་གནས་མཛད་པའོ། །
        སྔོན་ཆད་གླིང་སྒྲུང་ཞིབ་འཇུག་པ་མང་པོས་རྣ་བས་ཐོས་མ་མྱོང་བ་དང་མིག་གིས་མཐོང་མ་ཐུབ་པའི་གསུང་སྒྲོས་རིན་ཐང་བྲལ་བ་འདི་དག་ནི་དམངས་ཁྲོད་ཀྱི་ངག་གི་རྒྱུན་ལ་ཁྱབ་པའི་གཏམ་མིན་ལ། རང་བྱུང་གི་བཀོད་པ་ངོ་མཚར་ཅན་ལ་སྒྲོ་བཏགས་པའི་གཏམ་རྒྱུད་ཀྱང་མ་ཡིན་ཏེ། སྙན་གྲགས་ལྡན་པའི་མཁས་པ་རྣམ་པས་རང་གིས་དངོས་སུ་མཐོང་བའི་རྟེན་རྫས་དང་ཡིག་རྙིང་ཇི་བཞིན་བཀོད་པའི་གཙུག་ལག་ཁང་གི་དཀར་ཆག་དང་ལོ་རྒྱུས་བསྟན་བཅོས་སོགས་ཡིན་པས། ལོ་རྒྱུས་དངོས་ཀྱི་རིན་ཐང་དང་ཡིག་ཚགས་ཀྱི་རིན་ཐང་གཞལ་མཐའ་བྲལ་བ་ཞིག་ལྡན་པ་གཤམ་གྱི་ཚན་པར་གཟིགས་དང་ཡུན་གྱིས་གསལ་ལོ། །
གཉིས་པ། གླིང་སྒྲུང་སྐོར་གྱི་གསུང་སྒྲོས་ཐུན་མོང་གི་ཁྱད་ཆོས།
        གླིང་གེ་སར་རྒྱལ་པོའི་སྒྲུང་དང་འབྲེལ་བའི་གསུང་སྒྲོས་དེ་དག་གི་མཛད་པ་པོ་དང་མཛད་དུས་མི་འདྲ་ལ།བསྟན་བྱའི་ནང་དོན་ཡང་མི་མཚུངས་མོད། བློ་དང་རིག་པས་ཞིབ་ཏུ་བརྟགས་ཤིང་དཔྱད་ན་གསུང་སྒྲོས་དེ་དག་ལ་ཐུན་མོང་གི་ཁྱད་ཆོས་གསུམ་ཡོད་པར་སྙམ།
        གཅིག མཛད་པ་པོའི་མཐོང་སྣང་དངོས་ལ་བརྟེན་ནས་མཛད་པ། དེ་ཡང་གླིང་སྒྲུང་དང་འབྲེལ་བའི་གསུང་སྒྲོས་དེ་དག་ནི་མཛད་པ་པོས་རང་སྣང་གང་ཤར་གྱིས་རྟོག་བཟོ་བྱས་པ་ཞིག་མ་ཡིན་ལ། དམངས་ཁྲོད་ཀྱི་ངག་རྒྱུན་ཇི་བཞིན་ཡི་གེར་བཀོད་པ་ཞིག་ཀྱང་མ་ཡིན་པར། གླིང་སྒྲུང་དང་འབྲེལ་བའི་རྟེན་རྫས་སམ་ཡིག་རྙིང་དངོས་སུ་མཐོང་རྗེས་དེ་དང་དེའི་ལྟར་དུ་མཛད་པ་རྐྱང་རྐྱང་སྟེ། ལྷ་ལྡན་འཕྲུལ་གྱི་གཙུག་ལག་ཁང་གི་བྱམས་པ་ཁྲུས་མཛད་ལྷ་ཁང་དུ་ཤན་པ་རྨེ་རུ་རྩེའི་སྡིག་བཤགས་ཀྱི་འབུམ་བཞུགས་པར་བཀོད་པའི་《ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང་》ནི་གཙུག་ལག་ཁང་དེའི་རྟེན་དང་བརྟེན་པར་རིམ་གྲོ་སྲི་ཞུ་སྒྲུབ་པའི་དཀོར་གཉེར་རྣམས་ཀྱིས་བསྐུལ་ངོར་རྒྱལ་བ་བློ་བཟང་ངག་དབང་རྒྱ་མཚོ་མཆོག་གིས་རྩོམ་གནང་མཛད་པ་ཡིན་པས།⑧སྐབས་དེའི་གཙུག་ལག་ཁང་གི་བྱམས་པ་ཁྲུས་མཛད་ཀྱི་སྐུ་པང་དུ་ཤན་པ་རྨེ་རུ་རྩེའི་སྡིག་བཤགས་ཀྱི་འབུམ་ཡིན་ཟེར་བའི་ཤེར་ཕྱིན་གྱི་གླེགས་བམ་བཞུགས་པ་མིན་ན། བཞུགས་ཞེས་གསུངས་མི་སྲིད་ལ། “སྡིག་བཤགས་ཀྱི་འབུམ་”ཞེས་རྟོག་བཟོ་བྱེད་དོན་དེ་བས་ཀྱང་མེད། ཡང་གཅིག་བཤད་ན་ལྷ་ལྡན་གཙུག་ལག་ཁང་ནི་བོད་བཙན་པོའི་གདུང་རྒྱུད་ཀྱི་གཙུག་ལག་ཁང་ཡིན་པས་མི་སུ་ཡིན་གྱི་རྟེན་གང་རུང་བཞག་ཆོག་པ་མིན་ན།“ཤན་པ་རྨེ་རུ་རྩེའི་སྡིག་བཤགས་ཀྱི་འབུམ་”མ་ཡིན་པ་ཞིག་ལ་ཡིན་ཟེར་བ་ཙམ་གྱིས་རྩད་གཅོད་མེད་པར་གཙུག་ལག་ཁང་གི་རྟེན་དུ་འཇོག་མི་སྲིད་ལ། བོད་ཀྱི་ཆོས་སྲིད་ཟུང་གི་བདག་པོ་དང་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་རྒྱལ་དབང་ལྔ་པ་ཆེན་པོ་དང་། ཀཿཐོག་སི་ཏུ་སྐྱེ་ཕྲེང་གསུམ་པ་ཀུན་མཁྱེན་མ་ཧཱ་པཎྜི་ཏ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་རྣམ་གཉིས་ཀྱིས་ཀྱང་མུན་འཐོམས་ཀྱིས་གཙུག་ལག་ཁང་གི་དཀར་ཆག་གམ་གནས་ཡིག་⑨ཏུ་འགོད་མི་སྲིད། དེས་ན་རྒྱལ་དབང་རིན་པོ་ཆེས་《ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང་》རྩོམ་གནང་མཛད་དུས་བྱམས་པ་ཁྲུས་མཛད་ཀྱི་སྐུ་པང་དུ་ཤེར་ཕྱིན་གྱི་གླེགས་བམ་བཞུགས་ཡོད་པ་གཟིགས་པར་མ་ཟད། དེ་ཧོར་ཤན་པ་རྨེ་རུ་རྩེས་གླིང་གི་དཔའ་ཐུལ་རྒྱ་ཚ་ཞལ་དཀར་བཀྲོངས་པའི་སྡིག་བཤགས་སུ་བཞེངས་པའི་བརྒྱུད་རིམ་ཡང་གསལ་པོར་རྟོགས་ནས་དེ་ལྟར་གསུངས་པར་ངེས།
གླིང་གི་བུ་མོ་ནེ་ཆུང་གི་སོར་གདུབ་ནི་དབུས་བཟའ་མཁའ་འགྲོ་མས་དངོས་སུ་མི་ཆུང་རི་ནས་བཏོན་ཏེ་ཨ་མར་ཕུལ་བ་ཡིན་ན། ཁོང་མོས་དངོས་སུ་མཐོང་བ་སྨོས་ཅི་འཚལ།
        མཚུར་ཕུ་དགོན་པའི་བཀྲ་ཤིས་ཁང་བཟང་དུ་གླིང་གི་དཔའ་རྟུལ་ཆེ་གྲས་རྣམས་ཀྱི་རལ་གྲི་བཞུགས་པའང་《མཚུར་ཕུ་དགོན་གྱི་དཀར་ཆག་ཀུན་གསལ་མེ་ལོང་》མཛད་པ་པོས་དངོས་སུ་མཇལ་མྱོང་བ་གསུང་སྒྲོས་དེའི་གསལ་བཤད་དུ་“རྟེན་གྲི་འདི་རྣམས་རྒྱལ་དབང་ཕྱོགས་ཕེབས་སྐབས་སུ་ཕེབས་བྱམས་ནང་ངམ། ཡང་ན་ཆིབས་ཞབས་ཀྱི་རྒྱབ་ཆའི་གྲས་སུ་འབྲལ་མེད་གདན་འདྲེན་ཞུ་དགོས་”ཞེས་བཀོད་པ་ལས་རྟོགས་ཐུབ། གླིང་གེ་སར་རྒྱལ་པོའི་སྒྲུང་ཐང་མང་པོ་དང་། གླིང་གེ་སར་དང་ཕུ་ནུ་སུམ་ཅུ། དགྲ་བླ་ཝེར་མ་བཅས་ཀྱི་ཞལ་ཐང་ཡང་དངོས་སུ་མཇལ་མྱོང་བ་“སྒྲུང་ཐང་གསོན་ཉམས་ལྡན་པ་མང་པོ་”ཞེས་སྒྲུང་ཐང་གི་ཉམས་ཞིབ་ཏུ་བསྟན་པ་དང་། “ཞལ་ཐང་ཐོག་ཚད་མ་”ཞེས་ཞལ་ཐང་གི་ཆེ་ཆུང་ཡང་གསལ་པོར་བསྟན་པ་ལས་ཤེས་ཐུབ། དེ་ཡང་ལོས་ཡིན། མཚུར་ཕུ་དགོན་པའི་དཀར་ཆག་མཛད་པ་པོ་རིན་ཆེན་དཔལ་བཟང་པོས་མཚུར་ཕུ་དགོན་གྱི་ཕྱག་མཛོད་ཁང་གི་ཕྱག་དྲུང་དང་། རྗེ་ཀརྨ་སྐུ་ཕྲེང་བཅུ་དྲུག་པའི་སྐུ་བཅར་དྲུང་ཡིག དགོན་པའི་གཉེར་ཆེན་བཅས་ཀྱི་འགན་གཅིག་ལྕོགས་མཛད་ཡོད་པས། དགོན་པ་དེའི་རྟེན་རྫས་སུ་ཉར་བའི་གླིང་གི་དཔའ་རྟུལ་ཆེ་གྲས་རྣམས་ཀྱི་རལ་གྲི་དང་། སྒྲུང་ཐང་དང་ཞལ་ཐང་དེ་དག་ལ་མཇལ་བའི་དབང་ཆ་ཆེ་བ་དང་སྤྱོད་སྒོ་གང་དག་ཡིན་པ་དངོས་སུ་མཐོང་བའི་གོ་སྐབས་མང་བས་སོ། །གལ་ཏེ་གཞན་གྱི་གསུང་སྒྲོས་ཡི་གེར་བཀོད་པ་ཡིན་ན་ཚིག་མཐར་བཞུགས་སྐད་དོ་”འམ་“བཞུགས་པར་གྲགས་”སོགས་འགོད་པ་ལས་ཚིག་ཐག་བཅད་ནས་“བཞུགས་” ཞེས་འགོད་མི་སྲིད་ལ། རྟེན་རྫས་དེ་དག་དངོས་སུ་བཞུགས་པ་མིན་ན། གུག་རྟགས་སུ་“རྟེན་གྲི་འདི་རྣམས་རྒྱལ་དབང་ཕྱོགས་ཕེབས་སྐབས་སུ་ཕེབས་བྱམས་ནང་ངམ། ཡང་ན་ཆིབས་ཞབས་ཀྱི་རྒྱབ་ཆའི་གྲས་སུ་འབྲལ་མེད་གདན་འདྲེན་ཞུ་དགོས་”ཞེས་གསལ་བཤད་བྱེད་དོན་དེ་བས་ཀྱང་མེད་དོ། །
        རྗེ་ཕུར་ལྕོག་ངག་དབང་བྱམས་པས་《གྲྭ་ས་ཆེན་པོ་བཞི་དང་རྒྱུད་པ་སྟོད་སྨད་ཆགས་ཚུལ་པད་དཀར་འཕྲེང་བ་》རྩོམ་གནང་མཛད་དུས། འབྲས་སྤུངས་དགོན་པའི་བྱམས་པ་མཐོང་གྲོལ་ཆེན་པོ་བཞེངས་ནས་ལོ་འཁོར་སུམ་བརྒྱ་ཙམ་འདས་པས། གླིང་གེ་སར་གྱི་འཁོར་གསུམ་སག་ཐག་སོགས་དངོས་སུ་མཐོང་ཐབས་བྲལ་མོད། བསྟན་བཅོས་དེ་ཉིད་ནི་སྐབས་དེའི་བོད་ཀྱི་སྲིད་སྐྱོང་པ་བསོད་ནམས་སྟོབས་རྒྱས་ཀྱིས་བསྐུལ་ངོར་“ཆོས་འབྱུང་དང་རྣམ་ཐར་སོགས་ལས་བཏུས་”⑩ནས་རྩོམ་གནང་མཛད་པ་ཡིན་ན། དོན་མེད་ཀྱི་ངག་སྒྲོས་ཤིག་མིན་པར་མ་ཟད། གཟུངས་གཞུག་ཏུ་ཕུལ་བའི་རྟེན་རྫས་རྣམས་ཀྱང་གླིང་གེ་སར་གྱི་འཁོར་གསུམ་སག་ཐག་དངོས་ཡིན་པ་གདོན་མི་ཟ། རྒྱུ་མཚན་ནི་འབྲས་སྤུངས་དགོན་པའི་རྟེན་གྱི་གཙོ་བོ་བྱམས་པ་མཐོང་གྲོལ་མ་ནི་རྗེ་རིན་པོ་ཆེའི་ཐུགས་བཀོད་ལྟར་བཞེངས་ཤིང་ཁོང་ཉིད་སྐུ་དངོས་ཀྱིས་རབ་གནས་མཛད་པའི་མ་འོངས་སངས་རྒྱས་ཀྱི་སྐུ་བརྙན་ཡིན་ན། རྟེན་དེ་ལྟའི་གཟུངས་གཞུག་ཏུ་ཆ་རྒྱུས་མེད་པའི་མདའ་གྲི་མདུང་གསུམ་སོགས་འབུལ་མི་སྲིད་ལ། གངས་ཅན་མཁས་པའི་གཙུག་རྒྱན་དུ་གྱུར་པའི་རྒྱལ་བ་ཙོང་ཁ་པ་ཆེན་མོ་དང་། མིང་གོང་མ་ཆེན་པོས་ཆོས་ཀྱི་བླ་མར་བཀུར་བའི་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་རྣམ་གཉིས་ཀྱིས་དེ་འདྲའི་གཟབ་ནན་མ་ཡིན་པའི་བགྱི་བ་དེ་བས་ཀྱང་གནང་མི་སྲིད་དོ། །
        གཉིས། གླིང་སྒྲུང་གི་བརྗོད་བྱའི་ནང་དོན་དང་མཐུན་པ། དགོན་སྡེ་དང་གཙུག་ལག་ཁང་སོ་སོའི་དཀར་ཆག་དང་ལོ་རྒྱུས་སུ་བཀོད་པའི་གླིང་གེ་སར་རྒྱལ་པོའི་སྒྲུང་སྐོར་གྱི་གསུང་སྒྲོས་རྣམས་ནི་མཛད་པ་པོ་སོ་སོས་དངོས་སུ་མཇལ་བའི་རྟེན་རྫས་དང་ཡིག་རྙིང་ཁུངས་ཐུབ་ལ་གཞི་བཅོལ་ནས་རྩོམ་གནང་མཛད་པ་ཞིག་ཡིན་པས་ལོ་རྒྱུས་དངོས་ཀྱི་ཉམས་སྣང་སྟེར་བར་མ་ཟད། གླིང་གེ་སར་རྒྱལ་པོའི་སྒྲུང་གི་ནང་དོན་དང་ཡོངས་སུ་མཐུན་པ་སྟེ། དེ་ཡང་ཧོར་ཤན་པ་རྨེ་རུ་རྩེས་གླིང་གི་རྒྱ་ཚ་ཞལ་དཀར་བཀྲོངས་པའི་སྡིག་བཤགས་ཀྱི་འབུམ་བཞེངས་ཚུལ་གྱི་སྐོར་ལ། 《ཧོར་གླིང་གཡུལ་འགྱེད་》ལྟར་ན་གླིང་གེ་སར་རྒྱལ་པོ་མཆོག་ལྷ་ཆེན་ཚངས་པ་དཀར་པོ་དང་བླ་མ་མཁའ་འགྲོའི་ལུང་བསྟན་ལྟར་བདུད་འདུལ་བའི་ཕྱིར་དུ། ཡར་ཁམས་བྱང་མའི་རི་བརྒྱད་ལ་ཕྱག་ཕེབས་ནས་ལོ་གསུམ་ལོན་པའི་རིང་ལ་ཧོར་གུར་དཀར་རྒྱལ་པོས་གླིང་ལ་དམག་དཔུང་མངགས་ནས་ཇ་མཁར་རྨང་ནས་བཤིག་པ་དང་འབྲུག་མོ་བཙན་གྱིས་འཕྲོག་སྟེ་ཧོར་གླིང་གཡུལ་འགྱེད་བྱུང་ཞིང་། ཉིན་ཞིག་རྔམ་ཆེན་གད་པ་སྐྱ་རིང་བྱ་བར་གདོང་འབུམ་པའི་རྒྱ་ཚ་ཞལ་དཀར་དང་ཧོར་ཤན་པ་རྨེ་རུ་རྩེ་གཉིས་ཕྲད་ཀྱང་གླིང་གེ་སར་དང་རྒྱ་ཚ་ཞལ་དཀར། ཤན་པ་རྨེ་རུ་རྩེ་གསུམ་ནི་སྟེང་མ་ལྷ་ཡུལ་དུ་སྤུན་མཆེད་ཡིན་པས། ཤན་པ་རྨེ་རུ་རྩེ་བྲོས་ཏེ་ཤིང་ཨ་ཊ་པ་ཊའི་འཕྲང་དོག་ས་ཞིག་ཏུ་སྦས་སྡོད་དུས་རྒྱ་ཚ་ཞལ་དཀར་ངར་གྱིས་རྗེས་དེད་ནས་སླེབས་ཤིང་རལ་གྲི་གཡུགས་པ་དང་། རྟ་རྨ་བྱས་རྒྱ་ཚ་གོ་ཁྲབ་དང་བཅས་པ་མ་ཐེག་པའི་ཐོག་ཤན་པ་ཁོ་རང་མར་བསྒུར་ནས་སྦས་ཡོད་པ་མཐོང་བས་ཕྱིར་འགྲོས་ལོག་བརྒྱབ། རྒྱ་ཚ་ཞལ་དཀར་གྱི་སྐུ་གཟུགས་མདུན་དུ་རྔམ་སྟབས་སུ་ཡོད་པས་རྟ་ལས་ལྷུང་སྟེ་མདུང་རྩེར་གྲོངས་རྗེས། ཤན་པས་མཆི་མ་ཤར་ཤར་དུ་གཏོང་བ་དང་། “ལས་བྱ་བ་ནག་པོ་ཚར་ནས་ཐལ། །ངས་བསམ་པ་དེ་སེང་ཆེན་སྐུ་ཇུས་བསམ། །ལག་ཉེས་དེ་ཞལ་དཀར་དཔོན་ལ་གཏུགས། །ཁྱོད་གླིང་རུའི་བཙན་པོ་ཚོད་མེད་འདིས། །ང་ཤན་པའི་འདུན་མ་བརླགས་ནས་ཐལ། །”⑾ཟེར་ནས་བྱིས་པ་ངུ་བ་ལྟར་བྱེད་ཅིང་། སྟོད་ཨ་ཆེན་ཐང་ལ་དཔལ་ཞལ་ལུ་དཀར་པོའི་སྐུ་གདུང་བཞུགས་པའི་མཆོད་རྟེན་བཞེངས་ནས་ཟླ་བ་རེ་ལ་བསྐོར་རེ་བརྒྱབ་པ་དང་། ལོ་རེ་རེའི་ནང་དུ་ཞིག་གསོ་མཛད་པ་ཡིན་ན། ར་སའི་གཙུག་ལག་ཁང་དུ་“ཤན་པ་རྨེ་རུ་རྩེའི་སྡིག་བཤགས་ཀྱི་འབུམ་བཞེངས་”ཞེས་པ་དེའང་ཤན་པ་རྨེ་རུ་རྩེས་གླིང་གི་དཔའ་ཐུལ་རྒྱ་ཚ་ཞལ་དཀར་བཀྲོངས་པའི་སྡིག་པ་བཤགས་པར་བཞེངས་པའི་འབུམ་གང་དེ་ཡིན་པ་སྨོས་ཅི་འཚལ།
        རྗེ་ཀརྨ་པ་ནི་རྒྱ་གར་འཕགས་པའི་ཡུལ་གྱི་གྲུབ་ཐོབ་ས་ར་ཧ་དང་གླིང་གེ་སར་རྒྱལ་པོའི་བཀའ་བློན་ཚ་ཞང་འདན་མ་བྱང་ཁྲ་སོགས་ཀྱི་རྣམ་སྤྲུལ་ཡིན་པར་བཀོད་པའང་《གླིང་རྗེས་ཁ་ཆེའི་གཡུ་རྫོང་ཕབ་པའི་རྟོགས་བརྗོད་》ལས། འདན་མའི་གླུ་ལ། “སྐྱབས་གནས་དཀོན་མཆོག་རྩ་བ་གསུམ། གྲུབ་བརྒྱའི་སྤྱི་མེས་ས་ར་ཧ། སྐྱེས་བུའི་དགྲ་ལྷ་ཝེར་མ་བཅས།མཁྱེན་གཟིགས་དཔའ་བོའི་ཁ་འཛིན་མཛོད་”⑿ཅེས་པ་དང་།《ཧོར་གླིང་གཡུལ་འགྱེད་》སྟོད་ཆ་ལས། “ཤར་སྒོ་སྲུང་བའི་གྲུབ་ཆེན་དེ། །གདོང་འབུམ་པའི་རྒྱ་ཚ་ཞལ་ལུ་རེད། །ལྷོ་སྒོ་སྲུང་བའི་གྲུབ་ཆེན་དེ། །དཔའ་ཡ་མེད་སེང་སྟག་ཨ་དོམ་རེད། །ནུབ་སྒོ་སྲུང་བའི་གྲུབ་ཆེན་དེ། །ཁྲོ་ཐུང་ཉ་ཚ་ཨ་བརྟན་རེད། །བྱང་སྒོ་སྲུང་བའི་གྲུབ་ཆེན་དེ། །ཚ་ཞང་འདན་མ་བྱང་ཁྲ་རདེ ། །གླིང་གི དཔའ་རྟུལ་སུམ་ཅུ་དེ། །གྲུབ་ཆེན་སུམ་ཅུའི་སྤྲུལ་བ་རེད། །”⒀ཅེས་པའམ། ཡང་ན་“ཅང་ཤེས་དངོས་གྲུབ་ལྡེམ་པ་ན་རེ། ཚ་ཞང་འདན་མ་བྱང་ཁྲ་ལགས། །ཁྱོད་སྟེང་གི་མི་དེ་རྒོད་པས་ན། །ང་འོག་གི་རྟ་བོ་ཞན་དོན་མེད། །སྐྱེ་བ་འདི་ཡི་སྔོན་མ་ལ། །ཁྱོད་ཀྱང་རྒྱ་གར་གྲུབ་ཆེན་རེད། །རྟ་ང་ཡང་རྒྱ་གར་ཡུལ་གྱི་བྱ་རྒོད་པོ་མངོན་ཤེས་ཅན་ཞིག་ཡིན།”⒁ཞེས་བཀོད་པ་དང་དོན་མཐུན་པ་སྟེ། སྒྲུང་དཔེ་ཁག་གཉིས་ཀ་ལས་གླིང་གི་དཔའ་རྟུལ་སུམ་ཅུ་དེ་རྒྱ་གར་གྲུབ་ཆེན་སུམ་ཅུའི་སྤྲུལ་པ་ཡིན་པ་དང་། ཚ་ཞང་འདན་མ་བྱང་ཁྲ་དེ་གྲུབ་བརྒྱའི་སྤྱི་མེས་ས་ར་ཧའི་རྣམ་སྤྲུལ་ཡིན་པར་བསྟན་པས་སོ། །
        གླིང་གེ་སར་རྒྱལ་པོས་སྐུ་ཚེ་གང་པོར་ཕྱོགས་བཞིའི་དགྲ་བཞི་དང་རྫོང་ཆེན་བཅོ་བརྒྱད། རྫོང་ཆུང་ཉེར་གཅིག་ཕབ་ཅེས་ཀུན་གྱི་ངག་ཏུ་ཁྱབ་པར་མ་ཟད། ཕྱོགས་བཞིའི་དགྲ་བཞི་བཏུལ་བའི་སྒྲུང་དང་“《སྟག་གཟིག་ནོར་རྫོང་》《རྒྱ་གར་ཆོས་རྫོང་》《མེ་གླིང་གསེར་རྫོང་》《རྒྱ་ནག་ཇ་རྫོང་》《ཙ་རི་སྨན་རྫོང་》《ཨ་གྲགས་གཟི་རྫོང་》《མེ་རི་ཐོག་རྫོང་》《འདན་མའི་ནས་རྫོང་》《བྱེ་རིའི་བྱུར་རྫོང་》《མེ་མོ་ཤེལ་རྫོང་》 《ཨ་སྟག་ཤ་རྫོང་》《ཚ་བ་མདའ་རྫོང་》《བྲག་དཀར་གཡུ་རྫོང་》《གནམ་ཐེའུ་གཏེར་རྫོང་》《ཇ་རོང་འབྲུ་རྫོང་》《ཤང་ཤང་སྨན་རྫོང་》《སྒ་སྡེ་ཤེས་རབ་ཁྲོ་རྫོང་》 《ལྷོ་ཨ་བསེ་ཁྲབ་རྫོང་》སོགས་རྫོང་ཆེན་རྫོང་ཆུང་ཕབ་པའི་སྒྲུང་དཔེ་མང་པོའང་ད་ལྟ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་ཡོད་པས། མཚུར་ཕུ་དགོན་པར་བཞུགས་པའི་“བསྟན་དགྲ་བདུད་ཀྱི་རྫོང་ཆེན་བཅོ་བརྒྱད་ཀྱིས་གཙོས་རྫོང་ཆུང་མང་པོ་བཏུལ་བའི་སྒྲུང་ཐང་གསོན་ཉམས་ལྡན་པ་ཆ་ཚང་མང་པོ་བཞུགས་”པའི་བཞེངས་བྱའི་ནང་དོན་ཡང་སྒྲུང་དཔེ་འདི་དག་དང་མཐུན་པའི་ཐང་ཀ་ཡིན་ཅིང་། “གེ་སར་ཕུ་ནུ་སུམ་ཅུ་དང་དགྲ་ལྷ་ཝེར་མ་དང་བཅས་པ་རྣམས་ལ་གསོལ་མཆོད་མཛད་རྒྱུའི་ཞལ་ཐང་ཤིན་ཏུ་ཆེ་བ་”བཞུགས་པ་དེའི་བཞེངས་བྱའང་གླིང་གེ་སར་རྒྱལ་པོའི་སྒྲུང་ལས་བསྟན་པའི་གླིང་གི་དཔའ་རྟུལ་སུམ་ཅུ་དང་དགྲ་ལྷ་ཝེར་མ་སྟེ། ནམ་མཁའ་བར་སྣང་དང་། གངས་དཀར། རྫ་རི། སྤང་ལྗོངས། ལ་མགོ། ནགས་ཚལ། བྲག་རི། ས་གཞི། ཆུ་བོ། རྒྱ་མཚོ་སོགས་རང་བྱུང་ཁམས་ཀྱི་གནས་ཡོད་ཚད་དང་ཕྱོགས་བཞི་མཚམས་བརྒྱད་ཀུན་ཏུ་གནས་པའི་མགོན་པོ་དགྲ་ལྷ་བཅུ་གསུམ་དང་དགྲ་ལྷ་མཆེད་དགུ། མཐུ་ལྡན་དགྲ་ལྷ་བཅུ་གསུམ། ཝེར་མ་བཅོ་ལྔ་བཅས་ཡིན་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་མཛད་པའི་《དགྲ་ལྷའི་རྒྱལ་པོ་སེང་ཆེན་ནོར་བུ་དགྲ་འདུལ་ཀྱི་གསོལ་མཆོད་ཆེན་མོ་ཕྲིན་ལས་དོན་བརྒྱད་དགེ་ལེགས་དཔལ་སྟེར་》⒂དང་། གང་ཤར་རོལ་བ་རྩལ་གྱིས་མཛད་པའི་《ཕ་གླིང་པའི་དཔའ་རྟུལ་གྲུབ་ཆེན་བརྒྱད་ཅུའི་བསང་མཆོད་འཆི་མེད་གཡུལ་ལས་རྒྱལ་བའི་རྔ་སྒྲ་》⒃སོགས་ཀྱིས་ཀྱང་ར་འཕྲོད་པ་ཡིན་ནོ། །
        གླིང་གེ་སར་རྒྱལ་པོའི་སྒྲུང་དུ་གླིང་གེ་སར་ལ་འཁོར་གསུམ་སག་ཐག་ཡོད་པའང་མང་དུ་བཀོད་པ་སྟེ། གླིང་གེ་སར་རྒྱལ་པོ་བདུད་ཀླུ་བཙན་འདུལ་དུ་ཕེབས་ཁར་སེང་ལྕམ་འབྲུག་མོར་བླངས་པའི་གླུ་ལ་“……རལ་གྲི་དངོ་དམར་རྡུལ་གཅོད་ལོངས། །རྒྱ་གྲི་ཤེལ་གྱི་ཡུ་དཀར་ལོངས། །གྲི་ངར་ཆེན་འདོན་པ་ལན་གསུམ་འདོན། །དེ་བཏོན་པས་བདུད་ཀྱི་སྲོག་རྩ་ཆོད། །དོང་བ་གསེར་ཤོག་ལྡིར་བ་ལོངས། །མདའ་མོ་དོང་གྲོགས་དགུ་ཁྲི་ལོངས། །མདའ་མདེའུ་རྣོན་བསིར་པ་ལན་གསུམ་བསིར། །དེ་བསིར་བས་བདུད་ཀྱི་སྲོག་རྩ་ཆོད། །ཕུབ་མོ་སྐར་མ་འོད་ཆེན་ལོངས། །གཞུ་མོ་ར་རྒོད་འཁྱིལ་བ་ལོངས། །རྡུལ་སྤྱུག་ལན་གསུམ་རླུང་ལ་སྤྱུགས། །ཡང་སྤྱུག་བདུད་རྒན་སྲོག་རྩ་ཆོད། །”ཅེས་མདའ་གྲི་མདུང་གསུམ་སག་ཐག་དང་བཅས་པ་མཛོད་ནས་ལེན་དགོས་པར་གསུངས་པ་དང་། གཞན་ད་དུང་གླིང་གེ་སར་རྒྱལ་པོར་དགྲ་ལྷའི་ལྷ་རྟེན་མདའ་མོ་སུམ་ཅུ་དང་དགྲ་སྲོག་གཅོད་པའི་ལེབ་ཆེན་སུམ་ཅུ། ཤ་ཟ་ཁྲག་འཐུང་ལྕགས་མདའ་སུམ་ཅུ། མི་སྐད་གོ་བའི་ལྷ་མདའ་བདུན། སྒུ་རུའི་ལྷ་མདའ་སྒྲོ་དཀར།ཨ་འགའ་ཤེལ་གྱི་ལེབ་ཆེན་བཅས་མདའ་མོ་དགུ་བཅུ་གོ་དགུ་དང་། གྲི་ཨ་ཟི་དང་རལ་གྲི་བཏབ་པ་ལན་མེད། སྐེད་གྲི་འཇིག་རྟེན་ཆོས་སོད། དམ་ཅན་མགར་གྱི་གྲི་ཆུང་། ལྷ་ཡི་བླ་མཚོན་གནམ་ལྕགས་ཐོག་མདའ། མདུང་མོ་བ་དན་རྩེ་བརྒྱད་དང་ཁམས་གསུམ་དགྲ་འདུལ་སོགས་མང་དུ་ཡོད་པ་སྒྲུང་དཔེ་གཞན་དང་གླིང་གེ་སར་རྒྱལ་པོའི་གསོལ་མཆོད་རྣམས་⒄སུ་གསལ་བ་ཡིན་ན། འབྲས་སྤུངས་དགོན་པའི་བྱམས་པ་མཐོང་གྲོལ་མའི་གཟུངས་གཞུག་ཏུ་“གེ་སར་རྒྱལ་པོའི་འཁོར་གསུམ་སག་ཐག་”སོགས་བཞུགས་པར་བཀོད་པའང་དེ་དག་གི་གྲས་ཀྱི་གང་རུང་ཞིག་ཡིན་པ་གདོན་མི་ཟའོ། །
        གསུམ། དད་པའི་རྟེན་དང་མཆོད་པའི་གནས་སུ་བྱེད་པ། དགོན་སྡེ་དང་གཙུག་ལག་ཁང་སོ་སོའི་དཀར་ཆག་གམ་ལོ་རྒྱུས་སུ་བཀོད་པ་ལྟར་ན། དགོན་སྡེ་དེ་དག་ཏུ་བཞུགས་པའི་གླིང་གེ་སར་རྒྱལ་པོའི་སྒྲུང་དང་འབྲེལ་བའི་རྟེན་གྱི་དངོས་པོ་ནི་གླིང་གེ་སར་རྒྱལ་པོ་དང་དཔའ་རྟུལ་ཆེ་གྲས་རྣམས་ཀྱི་མདའ་གྲི་མདུང་གསུམ་དང་།གླིང་སྒྲུང་གི་ནང་དོན་མཚོན་པའི་ཐང་ཀ་དང་། གླིང་གེ་སར་རྒྱལ་པོ་གཙོ་བྱས་པའི་དཔའ་རྟུལ་སུམ་ཅུ་དང་དགྲ་ལྷ་ཝེར་མ་རྣམས་ཀྱི་ཞལ་ཐང་སོགས་ཡིན་ཞིང་། དེ་དག་བཞུགས་སའི་དགོན་སྡེ་མི་གཅིག་ཀྱང་ཉར་ཚགས་བྱེད་པའི་དགོས་པ་དང་སྤྱོད་སྒོ་ཧ་ལམ་གཅིག་པ་སྟེ། སྐུ་རྟེན་གཙོ་བོའི་གཟུངས་གཞུག་གམ་རྟེན་གྱི་སྙིང་པོར་འབུལ་བ་དང་།ཆོས་སྐྱོང་ཁང་གི་རྟེན་གྱི་དངོས་པོར་ཉར་བ། ལྷ་མི་ཀུན་གྱིས་ཕྱག་འཚལ་བ་དང་། མེ་ཏོག་དང་བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་སོགས་ཉེར་སྤྱོད་ལྔའི་མཆོད་པ་འབུལ་བའི་གནས་སམ་ཡུལ་དུ་གཤོམ་པ་རེད།
        རྟེན་གྱི་དངོས་པོ་དེ་དག་དད་པའི་རྟེན་དང་མཆོད་པའི་གནས། གུས་པའི་ཡུལ་བཅས་སུ་བྱེད་པར་མ་ཟད།དེའི་སྟེང་དུ་རྗེ་ཀརྨ་པཀྵི་(སྤྱི་ལོ་1204-1283ལོ་)སོགས་གྲུབ་མཐའ་སོ་སོའི་མཁས་དབང་དམ་པ་མང་པོས་གླིང་གེ་སར་རྒྱལ་པོ་མཆོག་སྐུའི་ངོ་བོའི་ཆ་ནས་རིགས་གསུམ་ཀུན་འདུས་ཀྱི་སངས་རྒྱས་སུ་ངོས་འཛིན་མཛད་པ་དང་། མཛད་པ་འཕྲིན་ལས་ཀྱི་ཆ་ནས་ཆོས་སྐྱོང་དགྲ་བླ་ཝེར་མའི་གཙོ་བོའམ་རྒྱལ་པོར་བཞེད་ནས་གེ་སར་གྱི་གསོལ་མཆོད་དང་གེ་སར་རྒྱལ་པོའི་བསྟོད་པ། བླ་མའི་རྣལ་འབྱོར། གེ་སར་གྱི་བསྐང་གསོལ། གེ་སར་རྒྱལ་པོའི་གསེར་སྐྱེམས་འབུལ་ཐབས། གེ་སར་རྒྱལ་པོའི་གཡང་སྒྲུབ། གེ་སར་རྒྱལ་པོའི་སྒྲུབ་ཐབས།གེ་སར་རྒྱལ་པོའི་ཚེ་སྒྲུབ། གེ་སར་རྒྱལ་པོའི་བླ་སྒྲུབ། གེ་སར་ཝེར་མའི་པྲ་སྒྲུབ། སེང་ཆེན་རྒྱལ་པོར་བརྟེན་པའི་བསོད་ནམས་རླུང་རྟ་སྐྱེད་ཚུལ། གེ་སར་རྒྱལ་པོའི་བྱིན་རླབས་དབང་བསྐུར་གྱི་རིམ་པ། གེ་སར་རྒྱལ་པོའི་མདའ་མོ་སོགས་རྩོམ་གནང་མཛད་ནས་ཉམས་ལེན་བྱེད་པ་དང་ཆབས་ཅིག གླིང་གི་དཔའ་རྟུལ་བརྒྱད་ཅུ་རྣམས་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུའི་སྤྲུལ་པར་ངེས་ནས་གསོལ་མཆོད་མཛད་པ་⒅དེ་གླིང་གེ་སར་རྒྱལ་པོའི་སྒྲུང་གི་ནང་དོན་ཇེ་རྒྱས་དང་ཉམས་འགྱུར་ཇེ་ཟབ། ཁྱབ་རྒྱ་ཇེ་ཆེ་བཅས་སུ་གྱུར་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཏོ། །
གསུམ་པ། གླིང་སྒྲུང་སྐོར་གྱི་གསུང་སྒྲོས་ཀྱི་ཡིག་ཚགས་རིན་ཐང་།
        ཁྱད་ཆོས་གསུམ་དང་ལྡན་པའི་གསུང་སྒྲོས་དེ་དག་ལས་གླིང་གེ་སར་རྒྱལ་པོ་དང་དཔའ་རྟུལ་གཙོ་གྲས་ཀྱི་འཁོར་གསུམ་སག་ཐག་འཁྲུལ་མེད་ཡོད་པ་དང་། གླིང་གི་བུ་མོའི་སོར་གདུབ་ངོ་མ་ས་ནས་བཏོན་པ། གླིང་སྒྲུང་གི་བརྗོད་དོན་དང་མཐུན་པར་གླིང་གི་དཔའ་ཐུལ་རྒྱ་ཚ་བཀྲོངས་པའི་འགྱོད་བཤགས་ཀྱི་འབུམ་བཞེངས་པ་སོགས་བསྟན་པ་དེས་ལོ་རྒྱུས་སྟེང་དུ་གླིང་གེ་སར་ཞེས་པའི་སྐྱེས་བུ་དམ་པ་ཞིག་དངོས་སུ་བྱོན་མྱོང་བར་མ་ཟད། ང་ཚོས་ད་ལྟ་འཆད་ཉན་བྱེད་པའི་གླིང་གེ་སར་རྒྱལ་པོའི་སྒྲུང་ནི་སྐྱེས་བུ་དམ་པ་དེ་ཉིད་ཀྱི་མཛད་རྣམ་གཞིར་བྱས་ནས་རྒྱས་སྤྲོས་བྱས་པའང་ར་སྤྲོད་བྱས། དེ་ནི་བདུད་འཇོམས་རིན་པོ་ཆེས་“གེ་སར་ཞེས་པའི་སྐྱེས་བུ་དམ་པ་ཞིག་བྱུང་ངེས་ཅན་ལས། སྒྲུང་ཡིག་ནང་ལ་ཡོད་པ་དེ་འདྲ་ནི་ཨེ་ཡོད་བསམ་གྱིན་ཡོད།”⒆ཅེས་པ་དང་། རྟ་ནག་ཐུབ་བསྟན་མཁན་ཟུར་ངག་གི་དབང་པོ་རིན་པོ་ཆེས་“བོད་སིལ་བུའི་སྨད་ཙམ་ལ་འགུ་ལོག་གི་ས་མཚམས་ཤིག་ཏུ་གེ་སར་ནོར་བུ་དགྲ་འདུལ་ཞེས་རྫུ་འཕྲུལ་ཡ་མ་ཟུང་སྣ་ཚོགས་སྟོན་ནུས་པའི་རྣལ་འབྱོར་པ་ཞིག་བྱུང་ངེས་ལ། དེ་ལ་མང་པོ་ཞིག་གིས་སྒྲོ་བཏགས་དང་། སྤྲོས་རྒྱས་བྱས་པ་ཞིག་མིན་ནམ་བསམ་གྱིན་ཡོད།”⒇ཅེས་གསུངས་པ། ལྕང་སྐྱ་ཧོ་ཐོག་ཐུ་ཡེ་ཤེས་བསྟན་པའི་སྒྲོན་མེ་མཆོག་གིས་“གེ་སར་གྱི་སྒྲུང་འདི་ལ་ཡང་དེང་སང་མང་པོ་ཞིག་ཤོད་ཀྱིན་འདུག་ལ་ཕལ་ཆེ་བ་རྟོག་བཏགས་ཀྱི་རྫུན་གཏམ་ཁོ་ནར་འདུགངེད་ལ་རྫུན་གཏམ་མ་འདྲེས་པའི་ཁུངས་མ་ཞིག་ཤོད་རྒྱུ་ཡོད།”﹙21﹚ཅེས་གསུངས་པ་དང་ཀུན་ནས་མཐུན་པར་གྱུར་ལ།རྗེ་ཀརྨ་པ་སྐུ་ཕྲེང་གཉིས་པ་ཀརྨ་པཀྵི་མཆོག་གིས་ལོ་ངོ་བརྒྱད་བརྒྱའི་སྔོན་ནས་གླིང་གི་དཔའ་རྟུལ་གཙོ་གྲས་རྣམས་ཀྱི་འཁོར་གསུམ་ཕྱག་ཏུ་བཞེས་པར་མ་ཟད། རྗེ་ཀརྨ་སྐུ་ཕྲེང་ན་རིམ་ཡུལ་ཕྱོགས་གང་ལ་ཕེབས་ཚེ་འབྲལ་མེད་དུ་གདན་འདྲེན་པ་དང་། མཚུར་ཕུ་དགོན་པའི་གཟིམ་ཆུང་ཆོས་དབྱིངས་ཕོ་བྲང་གི་ནང་དུ་གླིང་རྗེ་གེ་སར་གྱིས་རྫོང་ཆེན་རྫོང་ཆུང་མང་དུ་བཏུལ་བའི་ཐང་ག་དང་གླིང་གེ་སར་རྒྱལ་པོའི་ཕུ་ནུ་སུམ་ཅུ་དང་དགྲ་ལྷ་ཝེར་མ་དང་བཅས་པ་རྣམས་ཀྱི་ཞལ་ཐང་བཤམས་ནས་གསོལ་མཆོད་བྱེད་པར་མ་ཟད། རྗེ་ཀརྨ་པཀྵི་མཆོག་གིས། “ཀྱཻ། ཆོས་སྐུ་དབྱིངས་ཀྱི་ཕོ་བྲང་ནས། །འོད་གསལ་ལྷུན་གྲུབ་ཕོ་བྲང་ནས། །སྐྱབས་ཀུན་འདུས་སངས་རྒྱས་སྤྲུལ་བའི་སྐུ། །སྐུ་མི་འགྱུར་འཕགས་པ་འཇམ་དཔལ་སྐུ། །གསུང་མི་འགག་ཐུགས་རྗེ་ཆེན་པོའི་གསུང་། །ཐུགས་མི་འཁྲུལ་ཕྱག་ན་རྡོ་རྗེའི་ཐུགས། ། རིགས་གསུམ་མགོན་པོའི་སྐྱེ་བ་ཡིན། ། ……”﹙22﹚ཞེས་གསོལ་བའི་《སེང་ཆེན་སྐྱེས་བུ་དོན་འགྲུབ་ཀྱི་བསང་མཆོད་འབུལ་ཚུལ་》རྩོམ་གནང་མཛད་པ་དང་། རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུའི་གཙོ་གྲས་ས་ར་ཧ་དང་གླིང་གེ་སར་རྒྱལ་པོའི་བཀའ་བློན་ཚ་ཞང་འདན་མ་བྱང་ཁྲ་སོགས་ནི་རྗེ་ཀརྨ་པའི་སྐྱེས་རབས་དང་། ཡང་ན་རྗེ་ཀརྨ་པ་ནི་རྒྱ་གར་གྱི་གྲུབ་ཆེན་ས་ར་ཧ་དང་གླིང་གི་ཚ་ཞང་འདན་མ་བྱང་ཁྲ་སོགས་ཀྱི་རྣམ་སྤྲུལ་དུ་ངོས་བཟུང་བ་ལ་བརྟགས་ན། རྗེ་ཀརྨ་པཀྵིའི་སྐུ་རིང་(1204-1283)ལོར་སླེབས་དུས་གླིང་གེ་སར་རྒྱལ་པོ་གང་ཉིད་དགྲ་འདུལ་དཔའ་བོའི་རྒྱལ་པོ་ཞིག་ནས་རིགས་གསུམ་ཀུན་འདུས་ཀྱི་སངས་རྒྱས་སུ་ངེས་པ་དང་། གླིང་གི་དཔའ་རྟུལ་སུམ་ཅུ་དེ་རྒྱ་གར་གྲུབ་ཆེན་སུམ་ཅུའི་སྤྲུལ་པར་ངེས་ནས་རྟག་ཏུ་གཙང་ཆབ་དང་། མེ་ཏོག བདུག་སྤོས། སྒྲོན་མེ།ཞལ་ཟས། དར་གོས། སྣམ་རས། སྟག་གཟིག་གུང་གསུམ་གྱི་པགས་པ། འཁོར་གསུམ། ཁྲབ་རྨོག་ཕུབ་གསུམ། སྟག་རལ་གཟིག་ཤུབ། སྦ་ལྕག ཞགས་ཐག དཀར་གསུམ་མངར་གསུམ། འབྲུ་སྨན་རིན་ཆེན་རིགས། རོལ་མོའི་བྱེ་བྲག བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན་སོགས་དངོས་བཤམས་དང་ཡིད་ཀྱིས་རྣམ་པར་རོལ་བའི་མཆོད་སྤྲིན་སྣ་ཚོགས་ཀྱིས་མཆོད་པ་ཕུལ་ནས། དུས་དང་རྣམ་པ་ཀུན་ཏུ་འབྲལ་བ་མེད་པར་སྲུང་མ་དང་མགོན་སྐྱོབ་མཛད་པ་དང་། ཕས་ཀྱི་རྒོལ་བའི་བསམ་ངན་སྦྱོར་རྩུབ་དྲུངས་ནས་འབྱིན་ཞིང་དགྲ་རྐུན་དམག་ཇག་འཁྲུག་པའི་གཡུལ་ངོ་བཟློག་པ། ཆོས་སྲིད་མངའ་ཐང་དར་ཞིང་ཁ་ལས་རླུང་རྟ་བསྐྱེད་པ། ལེགས་པ་སྤྱོད་ཅིང་ཉེས་པ་སྟོང་བར་མཛད་ནས་གཞིས་ལ་བཀྲ་ཤིས་ལོངས་སྤྱོད་ཕུན་སུམ་ཚོགས་པ་སོགས་སྐབས་བབ་ཀྱི་འདོད་དོན་འཕྲིན་ལས་བཅོལ་བའི་སྲོལ་ཆགས་ལ། སྲོལ་དེ་ཐོག་མར་གཏོད་མཁན་ཡང་གཙོ་བོ་ཀརྨ་བཀའ་བརྒྱུད་པ་ཡིན་ལས་ཆེ། དེས་ན་འབྲས་སྤུངས་དགོན་པའི་བྱམས་པ་མཐོང་གྲོལ་ཆེན་པོའི་གཟུངས་གཞུག་ཏུ་གླིང་གེ་སར་རྒྱལ་པོའི་འཁོར་གསུམ་སག་ཐག་སོགས་འབུལ་བའང་གླིང་རྗེ་གེ་སར་དེ་རིགས་གསུམ་ཀུན་འདུས་ཀྱི་སངས་རྒྱས་དངོས་སུ་ངོས་འཛིན་མཛད་པའི་རྐྱེན་གྱིས་རེད་སྙམ། གནད་འདིར་གཞིགས་ན། ང་ཚོའི་ངག་རྒྱུན་དུ་“ཉི་མ་སྟོང་ཟད་དུ་གཏོང་ན། །གེ་སར་ཤོབ་སྒྲུང་ལ་ལྟོས། །”ཞེས་པ་དེ་ཆོས་ལུགས་གྲུབ་མཐའ་ཡོད་དོ་ཅོག་གི་ལྟ་བ་ཡིན་མིན་ལའང་བསྐྱར་དུ་བསམ་བློ་གཏོང་དགོས་པར་གྱུར། མདོར་ན། གླིང་གེ་སར་རྒྱལ་པོའི་སྒྲུང་སྐོར་གྱི་གསུང་སྒྲོས་དེ་དག་ནི་དུས་རབས་སོ་སོའི་བོད་ཀྱི་མཁས་ཆེན་དམ་པ་རྣམས་ཀྱིས་གླིང་སྒྲུང་སྐོར་གྱི་རྟེན་རྫས་དངོས་དང་ལོ་རྒྱུས་ཀྱི་ཡིག་རྙིང་ངོ་མ་གཞིར་བཟུང་ནས། གླིང་སྒྲུང་ལ་རྟོག་ཞིབ་ཟབ་མོ་མཛད་པའི་གསལ་བཤད་རང་བཞིན་གྱི་ཡིག་ཚགས་ཀྱི་རིགས་ཡིན་ཞིང་། ནང་དོན་གྱི་ཆ་ནས་བདེན་ཤས་ཆེ་ཞིང་ཡིད་རྟོན་འཕེར་བས་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་ཞིབ་འཇུག་བྱེད་པ་དང་། དེ་ཁྱབ་སྤེལ་དང་རྒྱུན་འཛིན་བྱེད་པར་མེད་དུ་མི་རུང་བའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཏུ་འཁུམས་སོ། ། 
        མཆན་འགྲེལ།
        ① སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་བསྒྲིགས། 《ལེགས་རྩོམ་སྙིང་བསྡུས》 མི་རིགས་དཔེ་སྐྲུན་ཁང་། 1991ལོ། p.201
        ② རྒྱལ་བ་ངག་དབང་བློ་བཟང་རྒྱ་མཚོ། 《ལྷ་ལྡན་གཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། p.12-13
        ③④⑤ རིན་ཆེན་དཔལ་བཟང་། 《མཚུར་ཕུ་དགོན་གྱི་དཀར་ཆག་ཀུན་གསལ་མེ་ལོང》 མི་རིགས་དཔེ་སྐྲུན་ཁང་། 1995ལོ། p.648-649, p.79, p.107
        ⑥ དབུས་བཟའ་མཁའ་འགྲོ། 《དབུས་བཟའ་མཁའ་འགྲོའི་གསུང་འབུམ》 སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009ལོ། p.45-46
        ⑦ རྗེ་ཕུར་ལྕོག་ངག་དབང་བྱམས་པ། 《གྲྭ་ས་ཆེན་པོ་བཞི་དང་རྒྱུད་པ་སྟོད་སྨད་ཆགས་ཚུལ་པད་དཀར་འཕྲེང་བ》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1989ལོ། p.39
        ⑧ རྒྱལ་བ་ངག་དབང་བློ་བཟང་རྒྱ་མཚོ། 《ལྷ་ལྡན་གཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོ། p.52
        ⑨ སི་ཏུ་ཆོས་ཀྱི་རྒྱ་མཚོ། 《ཀཿཐོག་སི་ཏུའི་དབུས་གཙང་གནས་ཡིག》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1999ལོ། p.89
        ⑩ རྗེ་ཕུར་ལྕོག་ངག་དབང་བྱམས་པ། 《གྲྭ་ས་ཆེན་པོ་བཞི་དང་རྒྱུད་པ་སྟོད་སྨད་ཆགས་ཚུལ་པད་དཀར་འཕྲེང་བ》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1989ལོ། p.104
        ⑾⑿⒀《ཧོར་གླིང་གཡུལ་འགྱེད》(སྟོད་ཆ) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1979ལོ། p.543 p.40 p.52
        ⒁《གླིང་རྗེས་ཁ་ཆེའི་གཡུ་རྫོང་ཕབ་པའི་རྟོགས་བརྗོད》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1979ལོ། p.40
        ⒂⒃⒄ ཆབ་འགག་རྟ་མགྲིན། 《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་གླིང་སྒྲུང་སྐོར་གྱི་གསུང་སྒྲོས་སྣ་ཚོགས་དང་དེའི་དཔྱད་པ་དྭངས་གསལ་ཤེལ་གྱི་མེ་ལོང》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018ལོ། p.177, p.275, p.133
        ⒅⒆⒇﹙21﹚ཆབ་འགག་རྟ་མགྲིན། 《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་གླིང་སྒྲུང་སྐོར་གྱི་གསུང་སྒྲོས་སྣ་ཚོགས་དང་དེའི་དཔྱད་པ་དྭངས་གསལ་ཤེལ་གྱི་མེ་ལོང》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2018ལོ། p.275, p.21, p.20, p.20, p.133
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1