གཙོ་ངོས།>> སློབ་གསོ།>>འཚོ་བའི་རྒྱུན་ཤེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༠ཚེས་༠༩ཉིན།

༄༅།།བལྟོས་བཅས་སྨྲ་བ། ཚན་རིག་གི་དུས་རབས་གསར་པ།

སྤྱི་ལོ1905པའི་ཟླ6པའི་ནང་དུ། དགུང་ལོ26ཙམ་ཡིན་པའི་ཨེ་དབྱིན་སི་ཐན་གྱིས་ཆེད་རྩོམ་སྤེལ་ནས། གོ་དོན་དོག་པའི་བལྟོས་བཅས་སྨྲ་བ་བཏོན། ཁོང་གིས་བལྟས་ན་འཇིག་རྟེན་ཁམས་སུ་གཏན་ཚད་ཉག་ཅིག་ནི་འོད་ཀྱི་མགྱོགས་ཚད་ཡིན་ལ། གཞན་པ་ཐམས་ཅད་དཔེར་ན་དངོས་པོ་དང་ལྗིད་ཚད། བར་སྣང་དང་ཐ་ན་དུས་ཚོད་དེ་ཉིད་ཚང་མའང་འོད་ཀྱི་མགྱོགས་ཚད་དང་ཐག་ཉེ་སར་བཅར་སྐབས་གནོན་བཙིར་བྱེད་ངེས་ཡིན་པར་སྙམ། ལྟ་བ་དེས་མི་རྣམས་ཀྱིས་ཉིའུ་ཏུང་གི་བལྟོས་མེད་དུས་ཚོད་སྐོར་གྱི་རིགས་པའི་གཞུང་ལུགས་ལ་ཡིད་ཆེས་བྱེད་མཚམས་ངེས་པར་དུ་འཇོག་དགོས་པ་བཟོས་པས། ང་ཚོས་འཇིག་རྟེན་འདིར་ཤེས་རྟོགས་བྱེད་སྟངས་ནི་ཏག་ཏག་དུས་དེ་ནས་བཟུང་འགྱུར་ལྡོག་འབྱུང་མགོ་ཚུགས་པ་མཚོན་གྱིན་ཡོད།

    སི་ཝེས་ཙེར་རྒྱལ་ཁབ་ཀྱི་རྒྱལ་ས་པེར་ནེའི་མཁར་རྙིང་གི་ལྟེ་བའི་ཁི་ལ་མུའུ་སྲང་ཆེན་གྱི་ཨང་གྲངས49པར། སྲང་ལམ་གྱི་འཁྲིས་སུ་ཡོད་པའི་གཞི་དབྱིབས་བར་ཁྱམས་ཀྱི་ནང་མིག་ལ་མི་རྒྱག་པའི་སྒོ་ཆུང་ཞིག་ཡོད་པ་དེའི་ནང་དུ་སྐས་ཀ་དོག་མོ་ཞིག་ཡོད་པར། གལ་སྲིད་དེའི་སྒོ་ཁར“ཨེ་དབྱིན་སི་ཐན་གྱི་བཞུགས་གནས་རྙིང་པ”ཞེས་པའི་ཡིག་འབྲུ་དམར་པོ་དེ་མེད་པའི་དབང་དུ་བཏང་ན། ལམ་ནས་འགྲོ་བའི་མི་རྣམས་ཀྱིས་ཕལ་ཆེར་དེར་མཉམ་འཇོག་མི་སྲིད། མི་ལོ་ཆིག་བརྒྱ་ལྷག་གི་ཡར་སྔོན་དུ། ཨ་ཨར་པོ་ཐི•ཨེ་དབྱིན་སི་ཐན་གྱིས་གནས་དེ་གར་བལྟོས་བཅས་སྨྲ་བའི་སྐོར་གྱི་གཞུང་ལུགས་དང་དངོས་ཁམས་རིག་པའི་གསུང་རྩོམ་གལ་ཆེན་ཁ་ཤས་ཡོངས་འགྲུབ་བྱས་པ་རེད།
        སྤྱི་ལོ1999ལོའི་ཟླ12པའི་ཚེས26ཉིན། ཨ་མེ་རི་ཁའི《དུས་རབས》དུས་དེབ་ཀྱིས་ཨེ་དབྱིན་སི་ཐན“དུས་རབས་ཀྱི་མི་སྣར”དཔྱད་འདེམ་བགྱིས།《དུས་རབས》དུས་དེབ་ཀྱིས་ཁོང་གི་གོ་གནས་གལ་ཆེན་ལ་འདི་ལྟར་འགྲེལ་བཤད་བྱས་ཡོད་པ་སྟེ།“བགྲང་བྱ100ཡི་དུས་ཡུན་ནང་དུ། འཛམ་གླིང་ཡོངས་སུ་བྱུང་བའི་འགྱུར་ལྡོག་ནི་ལོ་རྒྱུས་སྟེང་གི་དུས་རབས་གང་ཞིག་ལས་ཀྱང་ཤིན་ཏུ་མང་། ཡིན་ཡང་དེའི་ནང་ནས་མང་ཆེ་བ་ནི་ཆབ་སྲིད་དང་ཡང་ན་དཔལ་འབྱོར་མིན་པར་ལག་རྩལ་སྟེང་ནས་ཡིན་པ—ལག་རྩལ་ནི་ཐད་ཀར་རྨང་གཞིའི་ཚན་རིག་གི་འཕེལ་རྒྱས་ལས་བྱུང་བ་ཡིན། དུས་རབས20པའི་ཚན་རིག་པ་སུ་ཞིག་ཡིན་རུང་ཨེ་དབྱིན་སི་ཐན་མ་གཏོགས་འཕེལ་རྒྱས་དེ་དག་གི་འཐུས་ཚབ་ཏུ་མི་ཉན་པ་ནི་མངོན་གསལ་དོད་པོ་ཡིན།”
        གལ་སྲིད་ང་ཚོས་མིག་གིས་བལྟ་ས་དེ་དེ་རིང་གི་མཚན་སྙན་དང་མེ་ཏོག་གི་སྟེང་ནས་ཕར་ཕྱོགས་ཏེ། དུས་རབས20པའི་དུས་མགོའི་ཞོགས་པའི་ཉི་ཟེར་ལ་བལྟས་ན། སྐུ་ན་གཞོན་པའི་ཨེ་དབྱིན་སི་ཐན་གྱིས་ཚན་རིག་དང་བདེན་དོན་ལ་སྲུང་སྐྱོབ་བྱེད་ཆེད། བློ་བརྟན་འགྱུར་མེད་ཀྱི་ངང་ནས་རང་ཉིད་ཀྱི་བགྲོད་ལམ་དུ་མདུན་སྐྱོད་བྱེད་པ་མཐོང་ཐུབ།
        སྤྱི་ལོ1905ལོའི་ཟླ6པར་གོ་དོན་དོག་པའི་བལྟོས་བཅས་སྨྲ་བའི་གཞུང་ལུགས་བཏོན་རྗེས། ཨེ་དབྱིན་སི་ཐན་གྱིས་ཡང་འོད་རྡུལ་གྱི་དོན་སྤྱི་སྤྱད་དེ་འོད་ནུས་གློག་འགྱུར་གྱི་སྣང་ཚུལ་ལ་འགྲེལ་བཤད་བརྒྱབ་སྟེ། འོད་ཀྱི་ཚད་རྡུལ་གྱི་རིགས་པའི་གཞུང་ལུགས་ཡར་རྒྱས་གོང་སྤེལ་བྱེད་མགོ་ཚུགས་པས། ཁོང་གི་གསུང་རྩོམ་དག་ཀྱང་མཐའ་མར་འཛམ་གླིང་ཡོངས་ཀྱི་སྐྱེ་བོ་ཀུན་གྱིས་ཧ་གོ་ཐུབ་པ་བྱུང་། དེའི་སྟབས་ཀྱིས་ཁོང་ཉིད་ལའང་གླིང་ཆེན་ཡོ་རོབ་ཀྱི་སློབ་གྲྭ་ཆེན་མོ་སོ་སོའི་ལས་ཀའི་གདན་འདྲེན་ཞུ་ཡིག་གཅིག་རྗེས་གཉིས་མཐུད་དུ་འབྱོར་བྱུང་། ཡིན་ན་ཡང་མི་ལོ་འགའ་ཏག་ཏག་གི་ཡར་སྔོན་དུ་ཁོང་ཉིད་ནི་སློབ་འབྲིང་ཞིག་གི་སྐབས་འཕྲལ་དགེ་རྒན་ཞིག་ལས་ཅི་ཡང་མིན།
        སྤྱི་ལོ1916ལོར། ཨེ་དབྱིན་སི་ཐན་གྱིས་འཐེན་ཤུགས་བལྟོས་བཅས་སྨྲ་བའི་ནང་དུ་དྲངས་ནས། བལྟོས་བཅས་སྨྲ་བའི་ནང་གི་དཀའ་གནད་སྔར་བས་ཀྱང་མང་བའི་པར་གཞི་གསར་པ་ཞིག་བརྩམས་ཏེ་སྤེལ། དེ་ཡང་ཁ་གསལ་པོར་བཤད་ན་དེ་ནི་དེང་སང་འུ་ཅག་གིས་བཤད་པའི“གོ་དོན་རྒྱས་པའི་བལྟོས་བཅས་སྨྲ་བ”ཟེར་བ་དེ་རེད། རིགས་པའི་གཞུང་ལུགས་དེའི་ལྟ་བ་ལྟར་ན། འཐེན་ཤུགས་དང་དུས་ཚོད། བར་སྣང་དང་བཅས་པ་ནི་སྐར་མའི་གོ་ལ་དང་རྒྱུ་སྐར། བརྟན་སྐར་ནག་པོ་སོགས་དངོས་གཟུགས་བོངས་ཚོད་རབ་ཏུ་ཆེ་བར་བསྐོར་ཏེ་འཁྱོག་པོར་གནས་པ་རེད། དུས་མཚུངས་སུ་སྔར་ཡོད་མ་མྱོང་བའི་གནོན་ཤུགས་ཀྱང་ཁོང་གི་མདུན་དུ་ལྷགས་ཡོད་པ་སྟེ། ཚན་རིག་པ་སྐད་གྲགས་ཅན་གང་མང་གིས་ཁོང་གི་རིགས་པའི་གཞུང་ལུགས་གསར་པ་དེ་ཁས་མི་ལེན་པར་འདུག ཐ་ན་བསླབ་པ་རྒན་པའི་ལས་རིགས་གཅིག་པ་ཅན་ཞིག་གིས་ཁོང་ལ་འདི་ལྟར། “མི་ལོ་རྒན་པ་ཞིག་ཡིན་པའི་ཆ་ནས། ཁོ་བོས་ཁྱོད་ལ་རིགས་པའི་གཞུང་ལུགས་དེ་རིགས་གཡུག་ཞོག་ཅེས་ཁ་ཏ་བསླབ་བྱ་མི་བྱེད་ཀ་མེད་ཡིན། རྒྱུ་མཚན་ཅི་ཞེ་ན། ཐོག་མར་ཁྱོད་རང་གི་བསམ་དོན་འགྲུབ་མི་ཡོང་། གལ་སྲིད་བསམ་དོན་གྲུབ་ཀྱང་ཁྱོད་ལ་ཡིད་ཆེས་བྱེད་མཁན་མེད”ཅེས་བཤད་མྱོང་།
        སྐབས་ཐོག་དེའི་ཨེ་དབྱིན་སི་ཐན་ནི་ཁེར་རྐྱང་ཟླ་མེད་ཅིག་ཡིན་པ་ང་ཚོས་ཤེས་ཐུབ། ཡིན་ན་ཡང་མི་ལོ་དུ་མའི་རྗེས་སུ། ཁོང་གི་འབད་བརྩོན་གྱི་ས་བོན་ལ་གྲུབ་འབྲས་ཀྱི་མེ་ཏོག་བཞད། སྤྱི་ལོ1921ལོར། རིགས་པའི་གཞུང་ལུགས་ཀྱི་དངོས་ཁམས་རིག་པའི་ཕྱོགས་སུ་བཞག་པའི་བྱས་རྗེས་སྤྱི་དང་། ཁྱད་པར་དུ་འོད་ནུས་གློག་འགྱུར་སྣང་ཚུལ་གྱི་ཆོས་ཉིད་རྟོགས་པའི་རྒྱུ་མཚན་གྱི་སྟེང་ནས། ཁོང་ལ་གཟི་བརྗིད་ཀྱི་དཔལ་དང་ལྡན་པའི་ངང་ནས་དངོས་ཁམས་རིག་པའི་ནོ་པེར་བྱ་དགའ་ཐོབ་པར་མ་ཟད། ཁོང་ཉིད་དེ་བས་ཀྱང་དགའ་ཞིང་སྤྲོ་བ་ནི། ལས་རིགས་གཅིག་པ་ཅན་ཉིན་རེ་ལས་ཉིན་རེར་མང་བ་ཞིག་གིས་ཁོང་གི་ཞིབ་འཇུག་གི་ཧ་གོ་བར་གྱུར་ཏེ་ཁས་བླངས་པ་དང་སྦྲགས། ཁོང་གི་མི་རྣམས་ཧ་ལས་སུ་འཇུག་པའི་འདུ་ཤེས་དེ་དག་ཉིན་རེ་ལས་ཉིན་རེར་མང་བའི་མི་ཡིས་ཡང་དག་པ་ཡིན་པར་བདེན་དཔང་བྱས་པ་དེ་རེད།
        དེ་ལྟར་ཚེ་སྲོག་གི་བུ་ག་འགགས་པའི་བར་དུ། ཨེ་དབྱིན་སི་ཐན་གྱིས་ཆག་མེད་དུ་བསམ་གཞིག་དང་རིགས་པས་ཁུངས་སྐྱེལ་བ། བརྩོན་ལེན་དང་དོགས་འདྲི་བཅས་བགྱིས་པ་རེད། ཐ་ན་ཁོང་གི་སྐུ་བསྙུན་ནས་སྨན་ཁང་དུ་སྡོད་པའི་སྐབས་སུ་ཡང་། ཁོང་གིས་ད་རུང་རྩིས་རིག་རྩིས་རྒྱག་གི་ལག་བྲིས་ཤོག་གྲངས་གསར་པ་འགའ་ཡོད་པ་དེ་ནད་ཁྲིའི་རྩིབ་ཏུ་འཁྱེར་ཤོག་ཟེར་གྱིན་ཡོད།
        དེང་གི་དུས་འདིར། འུ་ཅག་གིས་ཨེ་དབྱིན་སི་ཐན་ལ་རྗེས་དྲན་ཞུ་བ་ནི། ཁོང་ཉིད་ནི་དུས་རབས20པའི་ནང་གི་ཆེས་རླབས་ཆེ་བའི་ཚན་རིག་པའི་ནང་གི་གཅིག་ཡིན་པའི་རྐྱེན་གྱིས་ཡིན་ལ། འུ་ཅག་གིས་ཁོང་ཉིད་རྗེས་དྲན་ཞུ་བ་ནི། ཁོང་ཉིད་ཀྱི་ཚན་རིག་གི་གསར་རྙེད་ཁོ་ན་ཙམ་གྱི་ཆེད་དུ་མིན་པར། ད་རུང་ཁོང་རང་ཉིད་ཀྱི་གཤིས་རྒྱུད་དེ། ཁོང་གི་སྙིང་སྟོབས་དང་བློ་རྩ་བརྟན་པོ། ཁེངས་སྐྱུང་། ཀུ་རེ་རྩེ་མཁས་པོ་བཅས་དང་། དེ་མིན་ད་རུང་ཁོང་ཉིད་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་དགོངས་དྭངས་ཀྱི་ཐད་བཞག་པའི་བྱས་རྗེས་ཀྱི་ཆེད་དུའང་ཡིན།
        མཇུག་མཐར། ཨེ་དབྱིན་སི་ཐན་གྱི་འཕྲིན་ཡིག་ལས་བཤུས་པའི་སྐད་ཆ་ཚན་པ་འདིས་ཁོང་ཉིད་ཀྱི་འཚོ་བའི་དོན་སྙིང་ཐམས་ཅད་གསལ་བཤད་བྱེད་ཐུབ་པ་འདི་ལྟ་སྟེ།“ཁོ་བོས་ཚན་རིག་ཞིབ་འཇུག་གི་ལས་ཀ་དོན་དུ་གཉེར་བའི་སེམས་ཀྱི་ཀུན་སློང་ནི། རང་བྱུང་ཁམས་ཀྱི་གསང་བ་རྒྱུས་ལོན་བྱེད་འདོད་པར་བཀག་སྡོམ་བྱེད་ཐབས་དང་བྲལ་བའི་སྐོམ་པས་ཆུ་འདོད་ལྟར་གྱི་མོས་འདུན་ཆེན་པོ་ཞིག་ལས་བྱུང་བ་མ་གཏོགས། དམིགས་ཡུལ་གཞན་པ་ཅི་ཡང་མེད། ཁོ་བོས་དྲང་བདེན་ལ་དགའ་ཞེན་བྱེད་པ་དང་དེ་མིན་འགྲོ་བ་མིའི་འཚོ་བའི་རྣམ་པ་ལེགས་བསྒྱུར་བྱེད་ཆེད་འབད་འབུངས་ཧུར་ཐག་བགྱིས་ཤིང་བགྱིད་པ་དེ་ནི། ཁོ་བོའི་ཚན་རིག་གི་སྤྲོ་བ་དང་འབྲེལ་བ་མེད”ཟེར་བ་རང་རེད། །
        《ཚན་རིག་གིས་མིའི་རིགས་ཀྱི་འཚོ་བར་འགྱུར་ལྡོག་བཏང་བ》ཞེས་པ་ལས་རྗོ་དཔལ་ཆེན་རྒྱལ་གྱིས་བདམས་བསྒྱུར་བྱས།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1