ལས་ལ་བརྩོན་པས་ཕྱུག་འགྱུར་སྒོ་མོ་ཕྱེ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 10-10



—— མཐོང་དགའ་སྡེ་ཁུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་བསྟན་འཛིན་སྒྲོལ་དཀར་གྱི་དབུལ་སྒྲོལ་སྐོར་བཀོད་པ།

འདི་ནི་གསར་དུ་སྐྲུན་བཞིན་པའི་མཐོང་དགའ་ཁུལ་ཆུང་ཡིན་པ།

ངོ་ནས་འཚོ་བ་གསར་པའི་འཛུམ་མདངས་འཕྱུར།

འཛིན་ཆས་སྤུས་ལེགས་འཚོ་བ་གསར་པའི་རྒྱན།

བྲེལ་བརྩོན་ཆེན་པོས་ཉོ་ཚོང་ལས་ལ་འབུངས།

ཞབས་ཞུ་ལེགས་པས་སྐུ་མགྲོན་རྒྱུན་མ་ཆད།

གྲ་སྒྲིག་ཨང་བསར་ཉིན་གཅིག་ལས་འགོ་བཙུགས།
       “ཨ་ཅག་ང་ལ་བོད་ཐུག་དཀར་ཡོལ་གང་བླུགས་དང་། ཨ་ཅག་ང་ལ་ཅའོ་ཙེ་དཀར་ཡོལ་གང་བླུགས་དང” “ལགས་སོ། ཏོག་ཙམ་སྒུག་ཨ། ངས་ལམ་སེང་བླུགས་ཆོག”
       སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་རྟ་མགྲིན་བསྲེགས་ཟས་ཟ་ཁང་ནང་བུད་མེད་ཅིག་གིས་འཛུམ་དམུལ་དམུལ་ངང་སྐུ་མགྲོན་ལ་སྣེ་ལེན་ཞུ་བཞིན་མཆིས།
       ད་ལོ་ལོ་45ལ་སླེབས་པའི་བསྟན་འཛིན་སྒྲོལ་དཀར་ནི་ས་སྐྱེས་རྡོ་སྐྱེས་ཀྱི་སྟོད་ལུང་བདེ་ཆེན་བ་རེད། རྟ་མགྲིན་བསྲེགས་ཟས་ཟ་ཁང་དེ་2015ལོར་བཙུགས་པ་ནས་ད་བར་ལོ་5སོང་ཡོད།
       2014ལོར། བསྟན་འཛིན་སྒྲོལ་དཀར་གྱི་བཟའ་ཟླ་མིག་དམར་ལ་མཆིན་པའི་ཐུམ་འབུའི་ནད་དང་མཁྲིས་རྡོ་སོགས་ཀྱི་ནད་ཕོག་པའི་རྐྱེན་གྱིས་གཤག་བཅོས་ཐེངས་གཉིས་བྱས་པས་གཟུགས་པོ་དེ་སྔ་ལས་སྐྱོ་རུ་ཕྱིན། “དེ་སྔོན་ཁྱིམ་ཚང་གི་ཡོང་འབབ་ཚང་མ་བཟའ་ཟླར་བརྟེན་པ་དང་རང་ཉིད་ཁྱིམ་དུ་ཞིང་ལས་བྱས་ནས་བསྡད་ན་འགྲིག ཡིན་ནའང་བཟའ་ཟླར་ནད་ཕོག་པས་ཁྱིམ་གྱི་ཀ་བ་མེད་པ་ལྟར་དུ་གྱུར་སོང་། བསགས་པའི་དངུལ་ཡོད་ཚད་སྨན་རིན་ལ་བཏང་དགོས་བྱུང་། ད་དུང་ཕྱི་བུན་མི་ཉུང་བ་ཞིག་ཀྱང་གཡར་བ་དང་། དེའི་ཁར་ཕྲུ་གུ་གཉིས་སློབ་གྲྭར་འགྲོ་བཞིན་ཡོད་པས་གློ་བུར་དུ་འཚོ་བའི་འཁོས་ཀ་ཞན་དུ་ཕྱིན་སོང”ཞེས་བསྟན་འཛིན་སྒྲོལ་དཀར་གྱིས་བཤད།
       ཁྱིམ་ཚང་གི་གནས་ཚུལ་དམིགས་བསལ་ཡིན་པའི་དབང་གིས། བསྟན་འཛིན་སྒྲོལ་དཀར་གྱི་ཁྱིམ་2015ལོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁོངས་སུ་བཅུག་མོད། འོན་ཀྱང་ཁོང་ཚོས་དེར་བརྟེན་ནས་སྒྱིད་ལུག་གཏན་ནས་བྱེད་ཀྱི་མེད། “དབུལ་སྒྲོལ་ཕྱུག་འགྱུར་དེ་སྲིད་གཞུང་དང་རིམ་ཁག་ལས་བྱེད་པའི་རོགས་རམ་དང་ཁ་འབྲལ་ཐབས་མེད། འོན་ཀྱང་གཙོ་བོ་རང་ཉིད་ཀྱི་འབད་བརྩོན་དང་ལག་ཟུང་ལ་བརྟེན་དགོས། སྲིད་གཞུང་གི་རྒུད་སྐྱོབ་ཁོ་ན་སྒུག་མི་རུང”ཇི་ལྟར་བྱས་ན་གཞི་ནས་འགྲོ་ལམ་དེ་བས་ཡག་པ་ཞིག་བཏོད་ནས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་བམ། གནད་དོན་འདིར་བསྟན་འཛིན་སྒྲོལ་དཀར་གྱིས་རྟག་ཏུ་བསམ་བློ་གཏོང་གི་ཡོད། ཁོང་ཚོའི་ཁྱིམ་གྱི་མཐའ་འཁོར་དུ་བསྲེགས་ཟས་ཟ་ཁང་གཅིག་ཀྱང་མེད་པས་བསྲེགས་ཟས་ཀྱི་ཚོང་ལ་གོ་སྐབས་བཟང་པོ་ཡོད་པ་ཚོར་ནས། 2015ལོར་བསྟན་འཛིན་སྒྲོལ་དཀར་གྱིས་བཟའ་ཟླ་དང་གྲོས་བསྡུར་བྱས་རྗེས། རང་ཁྱིམ་གྱི་ཁང་པ་བེད་སྤྱད་དེ་བསྲེགས་ཟས་ཟ་ཁང་ཞིག་བཙུགས་ཤིང་། ཞོགས་པ་ཞོགས་ཟས་བཙོང་བ་དང་། ཕྱི་དྲོ་ཇ་དང་ཞལ་ཏོག་བཙོང་བ། དགོང་མོ་བསྲེགས་ཟས་བཙོང་གི་ཡོད།
       དེ་ལྟར་བསྲེགས་ཟས་ཟ་ཁང་གི་ཚོང་ཇེ་ལེགས་སུ་སོང་ནས་འཚོ་བ་ཡང་སྔར་ལས་ལེགས་སུ་ཕྱིན་ཡོད། “བྱ་བ་ཐམས་ཅད་འགོ་འཛུགས་དུས་ཁག་པོ་ཡོད་ཀྱང་འགོ་མ་བརྩམས་པར་སྒུག་ནས་བསྡད་ན་འཚོ་བ་སྐྱིད་པོ་དེ་འདྲ་ཡོང་མི་སྲིད”ཅེས་བསྟན་འཛིན་སྒྲོལ་དཀར་གྱིས་བཤད།
       ད་ཆ་བསྟན་འཛིན་སྒྲོལ་དཀར་ཁྱིམ་གྱི་ཡོང་འབབ་ཅུང་བརྟན་པོ་ཡོད་པ་དང་ཁྱིམ་ཚང་གི་འཚོ་བའི་སྤུས་ཚད་ཀྱང་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བཞིན་ཡོད། བཟའ་ཟླ་མིག་དམར་གྱི་གཟུགས་པོ་རྦད་དེ་དྲག་སྐྱེད་བྱུང་ནས་མཐོང་དགའ་སྡེ་ཁུལ་གྱིས་ཁོང་ལ་སྣོད་བཅུད་ལས་གནས་ཤིག་བཀོད་སྒྲིག་བྱས། 2018ལོའི་ཟླ་7པར་བསྟན་འཛིན་སྒྲོལ་དཀར་ཁྱིམ་གྱིས་རང་མོས་ངང་དུད་ཚང་དབུལ་པོའི་གྲལ་ནས་ཕྱིར་འཐེན་བྱ་རྒྱུའི་རེ་ཞུ་བྱས།
       “འཚོ་བ་ལེགས་སུ་ཕྱིན་པ་དང་བཅོལ་དངུལ་ཡང་མང་དུ་ཕྱིན་སོང” བསམ་ཡུལ་ལས་འདས་པའི་གནས་ཚུལ་སླར་ཡང་མ་ཐོན་སྔོན་འགོག་བྱ་ཆེད། བསྟན་འཛིན་སྒྲོལ་དཀར་ཁྱིམ་གྱིས་ལོ་ལྟར་གཏན་འཇགས་རྒྱུ་ནོར་བསགས་ཀྱི་ཡོད། 2020ལོར་བསྟན་འཛིན་སྒྲོལ་དཀར་ཁྱིམ་གྱིས་སྒོར་ཁྲི་14རི་བའི་སྒེར་འཁོར་ཞིག་ཉོས། ཁོང་གིས་གསར་འགོད་པར“ང་ཚོས་ད་དུང་དམངས་ཕན་རྣམ་གྲངས་མཐོང་དགའ་གཅིག་སྡུད་བཀོད་སྒྲིག་ཁུལ་ནས་ཁང་པ་ཆེན་པོ་ཞིག་ཉོས་ཏེ་དངུལ་སྤྲོད་ཐེངས་དང་པོ་དེ་སྤྲད་ཟིན་པ་ཡིན”ཞེས་བཤད།
       རང་ཉིད་ཀྱི་ཁྱིམ་ཚང་ལ་དཀའ་ངལ་འཕྲད་སྐབས་ཏང་དང་སྲིད་གཞུང་གིས་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། “དབུལ་སྒྲོལ་ཕྱུག་འགྱུར་བྱེད་དགོས་ན་དང་ཐོག་གཞན་གྱི་རོགས་རམ་དགོས། རྗེས་སུ་རང་ཉིད་ཀྱི་རྒྱུན་འཁྱོངས་ལྷོད་མེད་ཀྱི་འབད་བརྩོན་ལ་བརྟེན་དགོས། བྱེད་ཕོད་པ་དང་མཐའ་འཁྱོངས་བྱས་ན་དམིགས་ཡུལ་བསྒྲུབས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་ཐུབ་ངེས་རེད”ཅེས་བསྟན་འཛིན་སྒྲོལ་དཀར་གྱིས་བཤད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1