འཚོ་སྡོད་ཁོར་ཡུག་ལེགས་སུ་བཏང་ནས་དབུལ་བྲལ་ལ་སྐུལ་སྤེལ་བཏང་།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 10-10



     མང་ཚོགས་ཀྱི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་དང་མང་ཚོགས་ཀྱི་འཚོ་བའི་རྣམ་པ་ཇེ་མཐོར་གཏོང་བ་དང་། མང་ཚོགས་ལ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་བོ་ཞིག་ཆགས་པ། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྐྱིད་སྣང་ཇེ་མཐོར་གཏོང་བའི་ཆེད། ཉེ་བའི་ལོ་ཤས་རིང་། འཛམ་ཐང་རྫོང་གིས་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་ཁྱིམ་གྱི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.5ལས་མི་བརྒལ་བ་དང་། ཆེས་དབུལ་བའི་ཁྱིམ་ཚང་གི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3ལས་མི་བརྒལ་བའི་གསབ་སྤྲོད་ཚད་གཞི་གཞིར་བཟུང་སྟེ་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བའི་རྣམ་གྲངས་ལག་བསྟར་བྱས་ཤིང་། རྣམ་གྲངས་ལག་བསྟར་བྱེད་སྐབས་ཅི་ཞིག་ཆད་ན་དེ་བཞིན་གསབ་པ་རྒྱུན་འཁྱོངས་བྱས་ནས། ཐེམ་སྐས་དང་། ཟོག་སྒམ། ཉལ་ཁྲི་སོགས་ཕྱོགས་17གྱི་ཐད་ནས་འཚོ་སྡོད་ཁོར་ཡུག་ལེགས་བཅོས་དང་གནས་སྤར། བསྒྱུར་བཀོད་བཅས་བྱས་ཡོད།
     འཛམ་ཐང་བར་མའི་གྲོང་རྡལ་ཡག་མདོ་གྲོང་སྡེའི་གནས་སྤར་མཁན་གཡང་མཚོ་ཡིས། སྔོན་ཆད་ང་ཚོའི་འཚོ་སྡོད་ཁོར་ཡུག་ཞན་པ་དང་། ད་སྐབས་དབུལ་སྐྱོར་གནད་འཁེལ་གྱི་སྲིད་ཇུས་ལ་བརྟེན་ནས་ང་ཚོའི་འཚོ་བ་ཉིན་བཞིན་ཇེ་བཟང་དུ་འགྲོ་བ་དང་ཆབས་ཅིག ཁྱིམ་ཚང་རེ་རེས་ཁྱིམ་ཆས་སྣ་ཚོགས་ཉོས་ཡོད་ཅེས་བཤད།

     དབུལ་ཁྱིམ་སོ་སོའི་རང་བརྟེན་གྱི་ནུས་པ་ཆེ་རུ་བཏང་ནས། དབུལ་ཁྱིམ་ཚང་མས་འཚོ་སྡོད་ཁོར་ཡུག་ལེགས་གཏོང་རྣམ་གྲངས་ལས་བྱུང་བའི་ཚན་འབྲས་ལོངས་སུ་སྤྱོད་ཆེད། དབུལ་བོ་དེ་བས་མང་བོ་ཁོར་ཡུག་སྲུང་སྐྱོང་བའི་ལས་གནས་སུ་བཀོད་སྒྲིག་བྱས་པ་དང་། ཁོ་ཚོར་གཏན་འཇགས་ཀྱི་ཡོང་འབབ་ཡོད་པར་མ་ཟད་རང་གི་ཁྱིམ་ཚང་ལའང་བདག་སྐྱོང་བྱེད་ཐུབ།

     འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ནི་འཛམ་ཐང་རྫོང་གིས་དབུལ་བྲལ་གནད་སྒྲོལ་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ཤིག་ཡིན་ལ། ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་དབུལ་བོའི་བསམ་པའི་དགའ་སྣང་དང་དབུལ་བྲལ་ཕྱུག་འགྱུར་གྱི་ཡིད་ཆེས་ཆེ་རུ་ཕྱིན་ཡོད།
     བསྡོམས་རྩིས་བྱས་པ་ལྟར་ན། འཛམ་ཐང་རྫོང་གིས་མ་དངུལ་སྒོར་ཁྲི་2232བཏང་ནས་འཚོ་སྡོད་ཁོར་ཡུག་ལེགས་བཅོས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་དང་དབུལ་ཁྱིམ་1488ལ་ཕན་ཐོགས་ཡོད། ད་སྐབས་འཛམ་ཐང་རྫོང་གི་རོང་འབྲོག་མང་ཚོགས་ལ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་བོ་ཆགས་ཡོད་ལ། འཚོ་བ་ཉིན་བཞིན་ཇེ་བཟང་དུ་འགྲོ་བ་དང་ཆབས་ཅིག འཚོ་སྡོད་ཁོར་ཡུག་ཀྱང་ཇེ་ལེགས་སུ་ཕྱིན་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1