ཞི་ཅིན་ཕིང་ནས་ན་གཞོན་ལས་བྱེད་པ་ཚོ་ལ་བཀའ་སློབ་འདི་འདྲ་ཞིག་གནང་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-12


 

     འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་སྤྱི་ལོ་2020ལོའི་སྟོན་དུས་སློབ་དུས་ཀྱི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོ་དེ་སྤྱི་ཟླ་10པའི་ཚེས་10ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཏང་གི་སློབ་གྲྭར་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས། ལོ་རྒྱུས་ནི་ཟམ་མི་ཆད་པར་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་མདུན་སྐྱོད་བྱེད་པ་ཞིག་རེད། རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་ནས་གསར་བརྗེ་བྱེད་པ་དང་། འཛུགས་སྐྲུན་བྱེད་པ། བསྒྱུར་བཅོས་ལ་དམ་འཛིན་བྱེད་པ་བཅས་མཐའ་དག་ནི་རང་རྒྱལ་གྱི་དོན་དངོས་གནད་དོན་ཐག་གཅོད་བྱེད་ཆེད་ཡིན། དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ་ནི་མིག་སྔའི་རྙོག་འཛིང་ཆེ་བའི་དུས་བབ་ལ་ཁ་གཏད་གཅོག་པ་དང་། དཀའ་ཚེགས་ཆེ་བའི་ལས་འགན་སྒྲུབ་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡིན་ལ། ན་གཞོན་ལས་བྱེད་པ་འཚར་ལོངས་ཡོང་བ་བྱེད་པའི་ལྡོག་མེད་བླང་བྱ་ཡང་ཡིན། རྙོག་འཛིང་ཆེ་བའི་དུས་བབ་དང་དཀའ་ཚེགས་ཆེ་བའི་ལས་འགན་མདུན་དུ། ང་ཚོས་ཉམས་ཉེན་ཁྲོད་གོ་སྐབས་འཚོལ་བ་དང་། འགྱུར་ལྡོག་ཁྲོད་གནས་བབ་གསར་པ་གཏོད་དགོས། ལས་བྱེད་པ་དང་ལྷག་པར་དུ་ན་གཞོན་ལས་བྱེད་པས་ཆབ་སྲིད་ཀྱི་ནུས་པ་དང་། བརྟག་དཔྱད་ཞིབ་འཇུག་གི་ནུས་པ། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པའི་ནུས་པ། བསྒྱུར་བཅོས་འགག་གཏོར་གྱི་ནུས་པ། འཕྲལ་སྒྲུབ་དང་ཐོལ་བྱུང་གནད་དོན་ཐག་གཅོད་ཀྱི་ནུས་པ། མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་ནུས་པ། དོན་འཁྱོལ་ཐད་དམ་འཛིན་བྱེད་པའི་ནུས་པ་བཅས་ཆེ་རུ་གཏོང་དགོས་པ་དང་། གནད་དོན་ལ་ཐད་ཀར་གདོང་གཏད་ཕོད་པ། ལས་དོན་སྒྲུབ་འདོད་པ་དང་། སྒྲུབ་ཤེས་པ། སྒྲུབ་ཐུབ་པ་བཅས་བྱས་ཏེ། ཟམ་མི་ཆད་པར་གནད་དོན་ཐག་གཅོད་དང་དཀའ་གནད་སེལ་དགོས་ཞེས་ནན་སྟོན་གནང་འདུག

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།

     ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཕོ་འགྱུར་བྱུང་བའི་ཉམས་མྱོང་གལ་ཆེན་ཞིག་ནི་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད། གནད་དོན་དངོས་ཐག་གཅོད་བྱ་རྒྱུ་དེ་ལས་ཀའི་རྣམ་པ་གཏོད་པའི་འགག་གནད་སྒྲོལ་སར་བརྩི་དགོས། དེང་སྐབས་ཀྱི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཕྱི་རོལ་ཁོར་ཡུག་ལ་བརྟན་པོ་མེད་པ་དང་ངེས་གཏན་མེད་པའི་རང་བཞིན་སྔར་ལས་མང་བ་འབྱུང་བཞིན་ཡོད། སང་ལོར་ང་ཚོ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དུས་སྐབས་སུ་སླེབས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་འགོ་ཚུགས་རྒྱུ་རེད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་ཐད་ཐག་གཅོད་བྱེད་དགོས་པའི་གནད་དོན་སྔར་བས་སྣ་མང་དང་སྔར་བས་རྙོག་འཛིང་ཆེ་རུ་འགྲོ་རྒྱུ་རེད། རང་རྒྱལ་མུ་མཐུད་འཕེལ་རྒྱས་གཏོང་བར་ཕྱོགས་མང་པོའི་དགེ་མཚན་དང་ཆ་རྐྱེན་འཛོམས་ཡོད་མོད། འོན་ཀྱང་འཕེལ་རྒྱས་དོ་སྙོམས་མེད་པ་དང་འཐུས་ཆ་མི་ཚང་བའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད། ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། འོན་ཀྱང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ་དང་། དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་ལེན་རྒྱུ། བརྟན་པོ་དྲུག་གི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུ། འགན་ལེན་དྲུག་གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ། ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་རྒྱུ་བཅས་ཀྱི་ཐད་ད་དུང་མུ་མཐུད་འབད་བརྩོན་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

     ཞི་ཅིན་ཕིང་གིས། ན་གཞོན་ལས་བྱེད་པས་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ལས་བྱེད་པས་ལས་ཀ་ཡག་པོ་སྒྲུབ་པར་མཁོ་བའི་ནུས་པ་སྣ་ཚོགས་ཀྱི་ཁྲོད་དུ་ཆབ་སྲིད་ཀྱི་ནུས་པ་ནི་ཨང་དང་པོ་ཡིན། ཉམས་སད་ཐེག་ཐུབ་པའི་ཆབ་སྲིད་ཀྱི་ནུས་པ་ཡོད་ཚེ། གཞི་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་རང་བཞིན་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་ཐུབ་པ་དང་། དུས་ཚོད་གང་འདྲ་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་དཀའ་ངལ་ལ་མི་སྐྲག་པ་དང་དཀའ་ཉེན་སྣ་ཚོགས་ཁྱད་བསད་ཐུབ། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བར་དང་ཐོག་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་དགོས། གནད་དོན་དེའི་ཐད་མགོ་རྨོངས་ནས་སྡོད་པ་དང་ཡ་ཡོ་ཐེ་ཚོམ་གཏན་ནས་བྱེད་མི་རུང་། ཐེངས་འདིའི་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་འཐབ་རྩོད་ཀྱི་ལག་ལེན་ལས། ཀྲུང་གོའི་གུང་ཁྲན་ཏང་ནི་ཀྲུང་གོའི་མི་དམངས་ལ་དཀའ་སྡུག་འཕྲད་སྐབས་བློས་འཁེལ་ཤོས་ཀྱི་རྒྱབ་རྟེན་ཡིན་པ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། གཞོན་དར་ལས་བྱེད་པས་ངེས་པར་དུ་བརྟན་སྲུང་བྱ་དགོས་པ་ཞིག་ནི། ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་པར་ཕན་པའི་བྱ་བ་ཡིན་ཕྱིན་བློ་བརྟན་འགྱུར་མེད་ཀྱིས་བསྒྲུབ་དགོས་པ་དང་། ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་པར་གནོད་པའི་བྱ་བ་ཡིན་ཕྱིན་གཏན་ནས་བསྒྲུབ་མི་རུང་། ཆབ་སྲིད་ཀྱི་ཤེས་ཚོར་སྐྱེན་པོ་དང་ཆབ་སྲིད་ཀྱི་བླང་དོར་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། གནས་བབ་ལ་ལྟ་ཞིབ་དང་དབྱེ་ཞིབ་བྱེད་པར་ཐོག་མར་ཆབ་སྲིད་ཀྱི་རྒྱུ་རྐྱེན་རྟོགས་པ་བྱ་དགོས་པ་དང་། ལྷག་པར་དུ་ཕྱི་ཚུལ་བརྒྱུད་ནས་ངོ་བོར་ལྟ་ཐུབ་པ་དགོས། རྫི་རྣོ་བ་དང་། མཐོང་སྔ་བ། བྱ་སྤྱོད་སྤེལ་མགྱོགས་པ་བཅས་ཡོང་བ་བྱ་དགོས། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བར་ངེས་པར་དུ་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ལ་དད་བཀུར་གྱི་བསམ་པ་ཡོད་དགོས། རང་རྟོགས་ངང་ཆབ་སྲིད་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་ཆབ་སྲིད་ཀྱི་རང་གཅུན་ནུས་པ་ཆེ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐོག་གི་ཧ་གོ་དོན་གསལ་ཅན་དང་མི་དྲང་པོ་ཞིག་བྱེད་དགོས། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་མཐོང་ཆེན་བྱས་ནས་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལོན་ཐུབ་པ་དགོས། མཐའ་གསལ་མཐིལ་རྟོགས་ངང་། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཁོང་དུ་ཆུད་པ་བྱེད་པ་དང་། དེའི་ནང་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཆུད་པ་དང་། ཀྲུང་གོ་ཅན་གྱི་མར་ཁེ་སིའི་རིང་ལུགས་ཁོང་དུ་ཆུད་པ་བྱས་ནས། མར་ཁེ་སིའི་རིང་ལུགས་ལ་དད་མོས་བརྟན་པོ་བྱེད་མཁན་དང་ལག་ལེན་རྣམ་དག་བྱེད་མཁན་ཞིག་བྱ་དགོས་ཞེས་བསྟན་ཡོད།

     ཞི་ཅིན་ཕིང་གིས། ན་གཞོན་ལས་བྱེད་པས་བརྟག་དཔྱད་ཞིབ་འཇུག་གི་ནུས་པ་ཆེ་རུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་ལས་ཀ་ལེགས་པོ་སྒྲུབ་པའི་གཞི་རྩའི་ནུས་རྩལ་ཡིན། ངེས་པར་དུ་བརྟག་དཔྱད་ཞིབ་འཇུག་བྱེད་ཤེས་པར་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་རིང་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་རྒྱུན་ལྡན་ཅན་དུ་གཏོང་དགོས། མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ་དང་ལག་ལེན་གྱི་ཁྲོད་དུ་ཞུགས་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་སར་ཉན་འཇོག་དང་། གནས་ཚུལ་ངོ་མ་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱེད་དགོས། ཕྱི་ཚུལ་ཙམ་ལ་ལྟ་བ་ལས་གནད་དོན་དངོས་ལ་བརྟག་དཔྱད་མི་བྱེད་པ་བྱེད་མི་རུང་ལ། གཅིག་དཔེ་བརྒྱ་བགེབས་བྱེད་མི་རུང་། བརྟག་དཔྱད་ཞིབ་འཇུག་བྱས་ནས་ཐོབ་པའི་དཔྱད་ཡིག་དང་གནས་ཚུལ་འབོར་ཆེན་ལ་ཞིབ་འཇུག་དང་དབྱེ་ཞིབ་ནན་ཏན་བྱས་ནས་འདི་ནས་དེ་ཤེས་པ་དང་། ཕྱི་ནས་ནང་ཤེས་པ་བྱ་དགོས། ཞིབ་འཇུག་གང་ལེགས་དང་གནད་སྨིན་འཐུས་ཚང་བྱུང་བའི་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དག་དུས་ཐོག་ཏུ་ཐབས་ཇུས་བཀོད་སྒྲིག་ཏུ་འགྱུར་བ་དང་ཞིབ་ཕྲའི་བྱེད་ཐབས་སུ་འགྱུར་བ་བྱེད་དགོས། ཞིབ་འཇུག་མཐར་ཕྱིན་བྱས་མེད་པའི་བརྟག་དཔྱད་ཞིབ་འཇུག་བྱས་འབྲས་ལ་བསམ་འཆར་ཉན་འཇོག་གཏིང་ཟབ་བྱས་ཐོག འཐུས་སྒོ་ཇེ་ཚང་དུ་བཏང་རྗེས་ལག་ལེན་དངོས་སུ་བསྟར་དགོས། བྱེད་ཐབས་གྲུབ་ཟིན་པ་དང་དོན་ཐོག་ཏུ་འཁྱོལ་རིགས་ལ་དུས་ཐོག་ཏུ་རྗེས་སྙེག་དཔྱད་དཔོག་བྱས་ཏེ། གནས་ཚུལ་ལ་གཞིགས་ནས་ལེགས་སྒྲིག་དང་ལེགས་སྒྱུར་བྱེད་དགོས་ཞེས་བསྟན་གནང་ཡོད།

     ཞི་ཅིན་ཕིང་གིས། ན་གཞོན་ལས་བྱེད་པས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པའི་ནུས་པ་ཆེ་རུ་གཏོང་དགོས། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་དགོས་ན། ཐོག་མར་འཐབ་ཇུས་ཀྱི་མིག་རྒྱང་ཡོད་དགོས་ཤིང་། རྒྱང་རིང་མཐོང་བ་བྱེད་པ་དང་། བསམ་བློ་ཟབ་མོ་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་གནད་དོན་ལ་བསམ་བློ་གཏོང་བ་དང་ཇུས་ཐག་གཅོད་སྐབས། ངེས་པར་དུ་རྒྱལ་ཁབ་ཀྱི་དོན་ཆེན་ཁག་ལ་སེམས་ནང་གདེང་ཚོད་ཡོད་པ་བྱས་ཏེ་ཁོག་རྩིས་ཆེན་པོ་དང་རྩིས་ཆེན་པོ་རྒྱག་དགོས་པ་ལས། ཁོག་རྩིས་ཆུང་ཆུང་དང་རྩིས་ཆུང་ཆུང་རྒྱག་མི་རུང་། ས་ཁུལ་དང་སྡེ་ཁག་གི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཆེན་པོ་དང་མཉམ་འདྲེས་བྱེད་མཁས་པོ་བྱས་ཏེ། ས་ཁོངས་གཅིག་ལ་གཟི་བརྗིད་བརྩོན་ལེན་དང་དེ་བས་ཁྱོན་ཡོངས་ལ་གཟི་བརྗིད་བསྐྲུན་ཐུབ་པར་བྱེད་དགོས། ཞིབ་འཇུག་གཏིང་ཟབ་དང་། ཕྱོགས་བསྡུས་དབྱེ་ཞིབ་བྱས་ཏེ། བྱ་བ་བྱེད་རིན་ཡོད་མེད་དང་དོན་དངོས་དང་མཐུན་མིན་སོགས་ལ་ཕྱོགས་ཡོངས་ནས་བསམ་གཞིགས་བྱེད་པ་དང་། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ། ཇུས་ཐག་གཅོད་སྐབས་ངེས་པར་དུ་ལག་བསྟར་བྱེད་ཐུབ་མིན་ཐད་ཞིབ་འཇུག་བྱས་ཏེ་ཕྱོགས་མང་པོའི་བསམ་འཆར་ལ་ཉན་འཇོག་བྱ་དགོས། ཕྱོགས་བསྡུས་ཀྱིས་ཤན་འབྱེད་དང་། ཚན་རིག་དང་མཐུན་པའི་བླང་དོར་བྱས་ཏེ་ཇུས་ཐག་བཅད་པ་དེ་དོན་དངོས་དང་མཐུན་པ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

     ཞི་ཅིན་ཕིང་གིས། ན་གཞོན་ལས་བྱེད་པས་སྒྱུར་བཅོས་ཀྱི་འགག་སྒྲོལ་ནུས་པ་ཆེ་རུ་གཏོང་དགོས། མ་འོངས་པར་ཁ་ཕྱོགས་ན། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ལྷག་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་བཅས་བྱས་ཏེ་མུ་མཐུད་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་དགོས། སྔར་བཞིན་ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་བརྟེན་ནས་སྒུལ་ཤུགས་སྣོན་པ་དང་འགག་སྒྲོལ་བརྩོན་ལེན་བྱ་དགོས། བསྒྱུར་བཅོས་བྱེད་པར་ངེས་པར་དུ་བློ་སྟོབས་དང་ཆོད་སེམས་ཡོད་དགོས་ཤིང་། དཀའ་ཚེགས་དང་ཉེན་ཁ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་སྐྱོད་བྱེད་པའི་ཞུམ་མེད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱ་དགོས། ལས་སྒྲུབ་སྤྲོ་སེམས་དང་ཚན་རིག་གི་སྙིང་སྟོབས་ཟུང་འབྲེལ་བྱས་ཏེ། བསྒྱུར་བཅོས་བྱེད་ཐབས་ཁག་བཏོན་རིགས་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པ་དང་། ལས་ཀའི་དགོས་མཁོ་དང་མཐུན་པ། མང་ཚོགས་ཀྱི་ཁེ་ཕན་དང་མཐུན་པ་བཅས་བྱ་དགོས། སྒྱུར་བཅོས་འགག་སྒྲོལ་ལ་བྱེད་ཐབས་ཡང་དག་སྤྱད་དེ་གསར་གཏོད་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས། གནད་དོན་གྱི་རྗེས་སུ་འབྲངས་ནས་འགྲོ་བ་དང་གནད་དོན་གྱི་ཕྱོགས་སུ་སྐྱོད་པ། འགྱུར་བར་ངོས་འཛིན་ཡང་དག་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འགྱུར་བར་བསྟུན་པ། རང་འགུལ་གྱིས་འགྱུར་བ་ཡོང་རེ་བཅས་བྱས་ནས། ཆོས་ཉིད་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་བསྒྱུར་བཅོས་དང་གསར་གཏོད་མངོན་འགྱུར་ཡོང་བ་བྱ་དགོས། མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ་དང་། མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་ཐབས་ཇུས་དམངས་ལ་འདྲི་བ་མཐའ་འཁྱོངས་བྱ་རྒྱུ་གཅིག་གྱུར་བྱས་ཏེ། གསོན་ཉམས་དོད་པའི་གཞི་རིམ་གྱི་ལག་ལེན་ཁྲོད་ནས་བློ་གྲོས་བསྡུ་ལེན་བྱེད་དགོས། མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཉམ་སྒྲུབ་རང་བཞིན་བཅས་ལ་དོ་སྣང་བྱས་ཏེ་སྒྱུར་བཅོས་ཀྱི་བྱེད་ཐབས་ཁག་ཕན་ཚུན་གཞོགས་འདེགས་དང་། ཕན་ཚུན་སྐུལ་འདེད། ཆར་པར་ཆུ་གྲོགས་ལྟ་བུ་བཅས་ཡོང་བ་བྱེད་དགོས་ཞེས་བསྟན་ཡོད།

     ཞི་ཅིན་ཕིང་གིས། ན་གཞོན་ལས་བྱེད་པས་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས། ཉེན་ཁར་སྔོན་དཔག་བྱེད་པ་ནི་ཉེན་ཁར་དོགས་ཟོན་བྱེད་པའི་སྔོན་འགྲོ་ཡིན་པ་དང་། ཉེན་ཁའི་འགྲོ་ཕྱོགས་ཁོང་དུ་ཆུད་པ་བྱ་རྒྱུ་ནི་འཐབ་ཇུས་ཀྱི་རང་འགུལ་དབང་ཆ་དོན་གཉེར་བྱེད་པའི་འགག་རྩ་ཡིན། ཉེན་ཟོན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྔོན་ལ་རྩིས་རྒྱག་པ་དང་། རང་འགུལ་གྱིས་དམག་འཐབ་ཡག་པོ་རྒྱག་པ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་ཡག་པོ་བྱེད་དགོས། རང་ཉིད་གནས་སའི་ལས་ཀའི་ཁྱབ་ཁོངས་ནང་གི་འཇོན་ཐང་ཅན་དུ་འགྱུར་གང་ཐུབ་བྱ་དགོས། ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་མཐོང་རྒྱ་དང་བློ་སྟོབས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཐོན་སྲིད་པའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་སེམས་ནང་ནས་གདེང་ཚོད་ཡོད་པ་དང་། རིགས་དབྱེ་ཇུས་བསྟར། གནད་སྨིན་མདེལ་བཤིག་བཅས་བྱས་ཏེ་དུས་བབ་ལ་སྟངས་འཛིན་ནུས་ལྡན་བྱེད་པ་དང་ཉམས་ཉེན་ལེགས་པར་སེལ་དགོས། ཉེན་ཁར་ཁ་གཏད་འཇལ་བའི་ལག་ལེན་དང་ཟུང་འབྲེལ་དམ་པོ་བྱས་ཐོག ལས་ཀ་དང་སྒྲིག་སྲོལ་ལམ་སྲོལ་སྟེང་གི་སྐྱོན་ཆ་འཚོལ་ཞིབ་བྱས་ཏེ། དུས་ཐོག་ཏུ་འཐུས་ཚང་དུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

      ཞི་ཅིན་ཕིང་གིས། ན་གཞོན་ལས་བྱེད་པས་མང་ཚོགས་ཀྱི་ལས་ཀ་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་དགོས། མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་སྙིང་ཉེ་བའི་མིར་འགྱུར་བ་བྱེད་དགོས། སེམས་ནང་མང་ཚོགས་ཡོད་དགོས་པ་དང་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་ནང་འཇོག་དགོས། ཏང་ཀྲུང་དབྱང་གི་དམངས་ཕན་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་དང་། དོན་ཆུང་དེ་དོན་ཆེན་དུ་བརྩིས་ནས་བསྒྲུབས་ཏེ། མང་ཚོགས་ཀྱི་དཀའ་ངལ་དང་སེམས་ཁྲལ་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བ་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་བྱ་དགོས། མང་ཚོགས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་འབད་འཐབ་དང་ལས་བརྩོན་ཕྱུག་འགྱུར་ཡོང་བ་བྱས་ཏེ་ཡོང་འབབ་དང་། ལས་ཞུགས། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས་འགན་བཅོལ། སྨན་བཅོས་འཕྲོད་བསྟེན། སྡོད་ཁང་སོགས་ཀྱི་ཐད་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་པ་བྱ་དགོས། མང་ཚོགས་ལ་དྲིལ་བསྒྲགས་དང་མང་ཚོགས་ལ་སློབ་གསོ་རྒྱག་རྒྱུར་དོ་སྣང་བྱ་དགོས། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བ་དང་དང་ལེན་བྱེད་སླ་བའི་ཐབས་ཤེས་ལ་བརྟེན་ནས་ལས་དོན་སྤེལ་ཏེ་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་དགོས། ཁོང་ཚོ་སེམས་དགའ་རུ་འཇུག་པ་དང་བྱ་སྤྱོད་སྤེལ་དུ་འཇུག་དགོས། རང་རྟོགས་ངང་ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགལ་ཟླ་སེལ་བ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་ལ་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་གནང་ཡོད།

     ཞི་ཅིན་ཕིང་གིས། ན་གཞོན་ལས་བྱེད་པས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། བྱ་གཞག་སྒྲུབ་པར་ངེས་པར་དུ་ཏན་ཏན་ཏིག་ཏིག་བྱ་དགོས་པ་དང་། ལས་ཀར་དམ་འཛིན་དང་དོན་འཁྱོལ་བྱེད་པར་གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་དང་དམ་པ་དོན་གཉེར་བྱ་དགོས། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཚང་མའི་སྣེ་ཁྲིད་དེ་མཉམ་དུ་གཞི་མ་གཏན་འཁེལ་དང་། ལམ་ཐིག་གསལ་འབྱེད། བྱ་ཐབས་ཡག་པོ་བཟོ་བ་བཅས་བྱ་དགོས་ལ། ལས་འགན་གལ་ཆེན་རང་ཉིད་ཀྱིས་དངོས་སུ་བཀོད་སྒྲིག་དང་། གནད་འགག་གི་ལྷུ་ཚིགས་ལ་རང་ཉིད་ཀྱིས་དམ་འཛིན། དོན་འཁྱོལ་བྱས་ཚུལ་ལ་རང་ཉིད་ཀྱིས་དངོས་སུ་ལྟ་ཞིབ་བཅས་ཀྱང་བྱ་དགོས། མཐོ་སར་བསྡད་ནས་ཁེངས་དྲེགས་བྱེད་མི་རུང་ལ། དམག་སྤྱིའི་མིང་ཁྱེར་ནས་གཡུལ་སར་མི་ཞུགས་པ་བྱེད་མི་རུང་། བྱ་གཞག་སྒྲུབ་པར་གཟེར་འདེབས་པའི་སྙིང་སྟོབས་ཡོད་དགོས། ལག་པས་འཇུས་ན་ལག་རྗེས་གསལ་བ་དང་། གོམ་པ་སྤོས་ན་རྐང་རྗེས་གསལ་བ་བྱ་དགོས། ཏན་ཏན་ཏིག་ཏིག་གིས་མདུན་དུ་བསྐྱོད་པ་དང་། ལ་མོ་གཅིག་བརྒྱབ་གཉིས་བརྒྱབ་དང་། གྲོག་རོང་གཅིག་བརྒལ་གཉིས་བརྒལ་གྱིས་རྒྱུན་ཆད་མེད་པར་དཀའ་གནད་སེལ་བ་བརྒྱུད་ལས་ཀའི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།

     ཞི་ཅིན་ཕིང་གིས། ང་ཚོ་ནི་མདུན་ལམ་ཆེན་པོ་ལྡན་པའི་དུས་རབས་གསར་པར་གནས་ཡོད། ན་གཞོན་ལས་བྱེད་པ་རྣམས་མདུན་དུ་སྐྱོད་ཕོད་པ་དང་ལས་འགན་ལྗིད་པོ་འཁུར་ཕོད་པ་བྱ་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་པོ་ཆེའི་ནང་ཧུར་ཐག་ཞུགས་པ་དང་། ཚོད་བགམ་སྣ་ཚོགས་ཐེག་ཐུབ་པའི་འཇོན་ཐང་ལ་བརྟེན་ནས་བྱས་རྗེས་འཇོག་པ་དང་འགན་འཁྲི་ལ་ངོ་གནོང་མི་དགོས་པ་བྱ་ དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་དམིགས་ས་ཡོད་པའི་སྒོ་ནས་ན་གཞོན་ལས་བྱེད་པས་བསམ་བློའི་སྦྱོང་བརྡར་དང་། ཆབ་སྲིད་སྦྱོང་བརྡར། ལག་ལེན་སྦྱོང་བརྡར། ཆེད་ལས་སྦྱོང་བརྡར་བཅས་བྱེད་པར་སྐུལ་འདེད་ཤུགས་སྣོན་བཏང་ནས། ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱེད་པའི་ཐབས་ལམ་ཡང་དག་ཁ་གསལ་བཟོ་དགོས། ལས་བྱེད་པ་གསོ་སྐྱོང་བྱེད་རིང་གི་ཕྱི་ཚུལ་རིང་ལུགས་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་ཁོ་ཚོར་གནད་དོན་དངོས་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་རོགས་བྱ་དགོས། ཁོང་ཚོས་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ཕྲག་ཏུ་སྔར་ལས་ལེགས་པར་འཁུར་དུ་འཇུག་དགོས་ཞེས་བསྟན་གནང་ཡོད།

     ཁྲེན་ཞི་ཡིས་སློབ་འགོ་ཚུགས་པའི་མཛད་སྒོ་གཙོ་སྐྱོང་གནང་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་པོ་ཆེའི་ནང་ཧུར་ཐག་ཞུགས་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་བསམ་བློར་ཞུན་བརྡར་དང་། ཆབ་སྲིད་སྦྱོང་བརྡར། ལག་ལེན་སྦྱོང་བརྡར། ཆེད་ལས་སྦྱོང་བརྡར་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་གནད་དོན་དངོས་ཐག་གཅོད་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། འགན་འཁྲི་འཁུར་ཕོད་པ། འགག་སྒྲོལ་དཀའ་སེལ་བྱེད་མཁས་པོ་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་ཀྱི་ལས་འགན་ལྕི་པོ་རང་རྟོགས་ངང་འཁུར་དགོས་ཞེས་གསུངས།

     ཏིང་ཞུའེ་ཞང་དང་། ཧོང་ཁུན་མིང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་རེད།

     ཀྲུང་དབྱང་ཏང་གི་སློབ་གྲྭ་(རྒྱལ་ཁབ་སྲིད་འཛིན་སློབ་གླིང་)ཡི་སྤྱི་ལོ་2020ལོའི་སྟོན་ཁའི་སློབ་དུས་ཀྱི་གཞོན་དར་ལས་བྱེད་པ་གསོ་སྦྱོང་འཛིན་གྲྭའི་སློབ་མ་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་ཤིང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཡང་སློབ་འགོ་ཚུགས་པའི་མཛད་སྒོར་ཟུར་ཞུགས་གནང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1