རྡོ་བརྐོས་ཐོན་ལས་དར་བ།། རྒྱུ་འབྱོར་རྒྱས་པའི་གཞི་མ།།

ཨོ་རྒྱན་བཀྲ་ཤིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 10-13




འཛམ་ཐང་རྫོང་གཡག་ཚེ་གྲོང་སྡེའི་མང་ཚོགས་ཀྱིས་རིག་གནས་ཐོན་རྫས་གསར་གཏོད་ལ་བརྟེན་ཏེ་དབུལ་ཕོངས་ལས་ཐར་བའི་གནས་ཚུལ་བཀོད་པ།


     སྤང་ཐོག་རྡོ་བརྐོས་སྤྱི་གླིང་ནི་འཛམ་ཐང་རྫོང་རྫོང་མདའ་ཡུལ་ཚོ་རུ་ཆགས་ཤིང་། སྤྱི་གླིང་དེའི་ནང་དུ་མིང་རྒྱལ་རབས་ཀྱི་སྐབས་སུ་བརྐོས་པའི་རྡོ་བརྐོས་ཁྲི་50ལྷག་ཡོད། ངོ་སྤྲོད་བྱས་པ་ལྟར་ན། དེ་ནི་མིག་སྔར་འཛམ་གླིང་གི་རྡོ་བརྐོས་དཔེ་ཆ་ཆ་ཚང་ཤོས་དེ་ཡིན་ཞིང་། རྒྱལ་ནང་གི་གྲངས་འབོར་མང་ཤོས་ཀྱི་རྡོ་བརྐོས་ཆོས་ཕུང་ཡང་ཡིན་ལ། ད་བར་དུ་ལོ་600ཙམ་གྱི་ལོ་རྒྱུས་ཡོད། 2001ལོར་སྤང་ཐོག་དགོན་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁག་ལྔ་བར་ཁྱབ་བསྒྲགས་བྱས་པ་དང་། 2011ལོར་འཛམ་ཐང་གི་རྡོ་བརྐོས་ལག་རྩལ་སི་ཁྲོན་ཞིང་ཆེན་གྱི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་དུ་ཚུད་ཡོད།

     རྡོ་བརྐོས་རྒྱུད་འཛིན་པ་པད་མ་ནོར་བུ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཞིག་ཡིན་ལ། ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ་ཡང་ཡིན། སྲིད་གཞུང་གིས་རྒྱབ་སྐྱོར་འོག་པད་མ་ནོར་བུ་ཡིས་སྤང་ཐོག་རྡོ་བརྐོས་ཁྲིད་སྦྱོང་ཁང་བཙུགས་ཏེ། རྡོ་བརྐོས་ལ་མོས་པ་ཡོད་མཁན་དང་རྡོ་བརྐོས་ལག་རྩལ་གྱི་རྨང་གཞི་ངེས་ཅན་ཡོད་པའི་དམངས་ཁྲོད་སྒྱུ་རྩལ་བར་སྣེ་ཁྲིད་ནས། གཅིག་གྱུར་གྱིས་རྩ་འཛུགས་དང་གསོ་སྦྱོང་། དོ་དམ། བྲིན་འཚོང་བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་ལ་བརྟེན་ནས་མཐའ་འཁོར་གྱི་རོང་འབྲོག་ཁྱིམ་ཚང་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས།

     ཁྲིད་སྦྱོང་ཁང་གི་སློབ་མ་འཇམ་དཔལ་གྱིས། ང་ནི་རྫོང་མདའ་ཡུལ་ཚོ་གཡག་ཚེ་གྲོང་སྡེའི་ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་བོ་ཡིན་ཞིང་། ངེད་ཚང་ལ་བཟའ་མི་8ཡོད་པ་དང་། ལོ་ན་མཐོ་བའི་ཕ་མ་ལ་ཚིགས་ཝ་ནད་ཕོག་ཡོད་ལ། ཁོས་ཁྱིམ་ཚང་གི་འགན་འཁྲི་དང་དུ་བླངས་ཏེ་སྨན་རྐོ་བ་སོགས་ཀྱི་ཡོང་འབབ་ལ་བརྟེན་ནས་འཚོ་བ་རོལ་བ་ཡིན་ཞེས་བཤད།
     འཛམ་ཐང་རྫོང་གིས་རིག་གནས་སྟོབས་ལྡན་རྫོང་གི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་པས་འཛམ་ཐང་གི་རྡོ་བརྐོས་ལག་རྩལ་བ་འཇམ་དཔལ་ལ་རེ་བ་སྦྱིན་ཡོད། 2016ལོར་པད་མ་ནོར་བུ་རང་མོས་ངང་རྡོ་བརྐོས་ཁྲིད་སྦྱོང་ཁང་དུ་ཞུགས་ནས་རྡོ་བརྐོས་ཀྱི་ལག་རྩལ་སྦྱངས། 2017ལོའི་ལོ་མཇུག་ཏུ་འཇམ་དཔལ་ཚང་གི་དབུལ་ཞྭ་ཕུད།
     གཡག་ཚེ་གྲོང་སྡེ་རུ་སྡེ་མི་འཇམ་དཔལ་དང་འདྲ་བའི་རྡོ་བརྐོས་ལ་བརྟེན་ནས་ཕྱུག་པོར་གྱུར་པའི་སྡེ་མི་38ཡོད་ཅིང་། དགེ་རྒན་པད་མ་ནོར་བུ་ཡིས་མཛུབ་ཁྲིད་འོག་ཉིན་རེར་ཁྲིད་སྦྱོང་ཁང་དུ་ཡུལ་ལྗོངས་ཀྱི་སྐུ་པར་རྐོ་བཞིན་ཡོད་ལ། ཉིན་རེར་ལྟ་སྐོར་བྱེད་མཁན་མང་བོ་ཡོད། རྡོ་བརྐོས་ཁྲིད་སྦྱོང་ཁང་དང་ཀུང་སི། ཞིང་ཁྱིམ་བཅས་སྦྲེལ་བ་ནི་ས་གནས་མང་ཚོགས་དབུལ་ཕོངས་ལས་བསྒྲལ་ཏེ་ཕྱུག་འགྱུར་གྱི་རྣམ་པ་གསར་བ་ཞིག་ཏུ་གྱུར་ཡོད།
     ལེགས་ཐོག་ལེགས་འཚོལ་གྱི་བཟོ་བོའི་སྙིང་སྟོབས་ཀྱིས་མི་རྣམས་ལ་སྒྱུ་རྩལ་གྱི་ལོངས་སྤྱོད་སྟེར་ཐུབ་ལ། ཕུགས་འདུན་དོན་གཉེར་བྱེད་མཁན་ལ་དྲིན་ལན་ཞིག་ཀྱང་འཇལ་ཐུབ། མིག་སྔར། རྡོ་བརྐོས་སྒྱུ་རྩལ་གྱི་ལས་ལ་གཞོལ་བའི་རོང་འབྲོག་པ་70ལྷག་ཟིན་པ་དང་། མི་རེ་ལོ་རེར་ཆེས་མང་བའི་ཡོང་འབབ་སྒོར་ཁྲི་13ལྷག་ཡོད་ལ། ཆེས་ཉུང་བའི་ཡོང་འབབ་སྒོར་ཁྲི་2ལྷག་ཡོད།

     ད་སྐབས། རྡོ་བརྐོས་ལག་རྩལ་དེ་འཛམ་ཐང་རྫོང་གི་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་ཕྱུག་འགྱུར་ཡོང་བའི་ཐོན་ལས་གསར་བ་ཞིག་ཏུ་གྱུར་ཡོད།
     ཉེ་བའི་ལོ་ཤས་རིང་། འཛམ་ཐང་རྫོང་གིས་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་རྨང་གཞི་ལ་བརྟེན་ནས། དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་བསྡུ་སྒྲིལ་བྱས་པ་བརྒྱུད། མིག་སྔར་དངོས་མིན་ཤུལ་བཞག་རིག་གནས་ཁྲིད་སྦྱོང་ཁང་47བཙུགས་པ་དང་། བོད་ཀྱི་ཟློས་གར་དང་ཐང་ག རྡོ་བརྐོས་སོགས་ཁྱབ་ཁོངས་མི་འདྲ་བའི་ལག་རྩལ་དང་འབྲེལ་བ་ཡོད། རིག་གནས་གསར་གཏོད་ཀྱི་ཐོན་རྫས་བྲིན་ཚོང་བྱས་པ་བརྒྱུད་རོང་འབྲོག་པ་ཚོས་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་བཞིན་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1