གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༠ཚེས་༡༣ཉིན།

༄༅།།བོད་ཀྱི་ཞིང་འབྲོག་ཁུལ་གྱི་ཕ་མ་ཡ་ཆགས་སུ་སོང་བའི་ཁྱིམ་ཚང་གི་སློབ་མར་སློབ་གསོ་ཇི་ལྟར་གཏོང་དགོས་པའི་སྐོར་ལ་རགས་ཙམ་དཔྱད་པ།


       དྲོ་སྐྱིད་དང་འཆམ་མཐུན་ལྡན་པའི་ཁྱིམ་ཚང་ནི་སྤྱི་བོ་གནམ་བསྟན་ཚང་མས་དོན་དུ་གཉེར་བཞིན་ཡོད་མོད། འོན་ཀྱང་། དངོས་ཡོད་ཀྱི་འཚོ་བའི་ནང་།སེམས་ཐོག་ཏུ་རྟ་མི་རྒྱུགས་པར་གནས་ཚུལ་འདྲ་མིན་སྣ་ཚོགས་ཀྱིས་རྐྱེན་པས། བཟའ་ཚང་ཁ་བྲལ་དགོས་བྱུང་བ་དང་སྦྲགས། བུ་ཕྲུག་མི་ཉུང་བ་ཞིག་ཀྱང་ཕ་མ་ཡ་ཆགས་སུ་སོང་བའི་ཁྱིམ་དུ་གདོང་མི་གཏོད་ཀ་མེད་བྱུང་ཡོད། དེས་ན། བུ་ཕྲུག་འདི་དག་ཕ་མ་གཉིས་འཛོམས་ཀྱི་དྲོ་སྐྱིད་དང་བྲལ་ནས། དེས་ན་མཉམ་གཞན་དང་མི་འདྲ་བར་སེམས་ཁམས་ལ་ཤུགས་རྐྱེན་ཆེན་པོ་ཕོག་དང་ཕོག་བཞིན་ཡོད།  
       དང་པོ། ཞིབ་འཇུག་གི་རྒྱབ་ལྗོངས།
       སྤྱིར་སྤྱི་ཚོགས་ཡོངས་ཀྱི་དཔལ་འབྱོར་དང་སློབ་གསོ་གོང་མཐོར་སོང་བ་དང་། ལྷག་པར་ཀྲུང་གོ་གུང་ཁྲན་ཏང་གིས་ཡང་དག་པའི་དབུ་ཁྲིད་འོག བོད་ལྗོངས་ཁུལ་གྱི་སློབ་གསོ་དང་དཔལ་འབྱོར་ཕྱོགས་གང་ཅིའི་ཐད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ཡར་རྒྱས་སུ་སོང་བ་དང་བསྟུན་ནས། བོད་ལྗོངས་ཁུལ་གྱི་མང་ཚོགས་ཡོངས་ཀྱི་བསམ་བློའི་བྱང་ཚད་ཡང་རིམ་བཞིན་གོང་མཐོར་སོང་དང་སོང་མུས་ལགས། ཡིན་ཡང་ཕ་མ་ཡ་ཆགས་སུ་སོང་བའི་བུ་ཕྲུག་གི་ཁྱིམ་ཚང་གི་གྲངས་ཚད་ཀྱང་མི་ཉུང་བ་ཞིག་ཟིན་བཞིན་འདུག དེ་ཡང་ངེད་ཚོའི་ད་ཐེངས་འཛིན་གྲྭ་བཅོ་བརྒྱད་ཀྱི་སློབ་མ་དགུ་བརྒྱ་ལྷག་ཙམ་ལ་བརྟག་དཔྱད་བྱས་པ་ལས། ཕ་མ་ཡ་ཆགས་གྱི་སློབ་མ་106ཡོད་པ་དེས་11.77﹪བཟུང་གི་ཡོད་པ་མ་ཟད། བསྡོམས་རྩིས་དང་ཕྱོགས་བསྡོམས་བྱས་པ་བརྒྱུད། ཕ་མ་གཉིས་འཛོམས་ཀྱི་བུ་ཕྲུག་དང་བསྡུར་ན། ཕ་མ་ཡ་ཆགས་གྱི་བུ་ཕྲུག་གི་ཁྱིམ་ཚང་དང་འཚར་ལོངས་ཁོར་ཡུག་ཁྲོད། དམིགས་བསལ་གྱི་སློབ་གསོ་གཏོང་མཁན་མེད་པའི་དབང་གིས་སློབ་མ་མི་ཉུང་བ་ཞིག་སློབ་སྦྱོང་བྱ་རྒྱུར་མི་དགའ་བར་སློབ་བྱོལ་ལ་དགའ་བ། ཡ་རབས་ཀྱི་ཕྱག་དང་ཞེ་ས་མེད་པར་མ་རབས་ཀྱི་རྩོད་འཛིང་དང་རྐུ་རྒྱག་པ་ར་དགའ་བའི་གནས་ཚུལ་མང་ཙམ་འདུག དེར་བརྟེན་ཕ་མ་ཡ་ཆགས་ཀྱི་བུ་ཕྲུག་གི་ལུས་སེམས་བདེ་ཐང་ལ་དོ་སྣང་དང་མཐོང་ཆེན་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་གྱུར་བར་དམིགས་ནས། ངེད་ཚོས་བོད་ལྗོངས་ཞིང་འབྲོག་ཁུལ་གྱི་ཕ་མ་ཡ་ཆགས་གྱི་སློབ་མའི་སློབ་གསོའི་ཐབས་ཇུས་ལ་ཞིབ་འཇུག་བྱེད་པའི་ལས་གཞི་འདི་བཏོན་པ་ཡིན།
       གཉིས་པ། ཞིབ་འཇུག་གི་རིན་ཐང་།
       ཕ་མ་ཡ་ཆགས་ཀྱི་བུ་ཕྲུག་ལ་ཐོན་པའི་གནས་ཚུལ་ནི་ཁྱིམ་ཚང་དུ་གནས་ཚུལ་ཐོན་པ་ལས་བྱུང་བ་དང་། ཕ་མ་ཡ་ཆགས་ཀྱི་བུ་ཕྲུག་གི་དམིགས་བསལ་རང་བཞིན་ཡང་ཁྱིམ་ཚང་གི་གནད་དོན་ལ་ཐུག་ཡོད། མ་གཞི་ང་ཚོར་ཕ་མ་ཡ་ཆགས་ཀྱི་བུ་ཕྲུག་མི་ཐོན་པ་བྱེད་པའི་བྱ་ཐབས་མེད་རུང་། ང་ཚོས་ཞིབ་འཇུག་བྱས་པ་བརྒྱུད། བོད་ལྗོངས་ཞིང་འབྲོག་ཁུལ་གྱི་ཕ་མ་ཡ་ཆགས་ཀྱི་བུ་ཕྲུག་ཚོ་བདེ་ཐང་ངང་འཚར་ལོངས་ཐུབ་པའམ། མ་མཐར་ཁོ་ཚོ་ལོག་ལམ་དུ་མི་སོང་བར་སློབ་གསོ་གཏོང་བའི་ཐད་དཔྱད་གཞི་ངེས་ཅན་ཞིག་འདོན་ཐུབ་པའི་རིན་ཐང་འདུག་པར་སེམས་སོ།
       གསུམ་པ། ཞིབ་འཇུག་གི་ཁྱབ་ཁོངས།
       ཕ་མ་ཡ་ཆགས་ཁྱིམ་ཚང་ཞེས་པ་ནི། སྤྱིར་བཟའ་ཚང་ཁ་བྲལ་དུ་སོང་བའི་ཁྱིམ་ཚང་ལ་གོ་བ་ཡིན། འོན་ཀྱང་དོན་དངོས་འཚོ་བའི་ཁྲོད་ཁྱིམ་ཚང་ཡ་ཆགས་སུ་སོང་བའི་ཁྱབ་ཁོངས་ནི་ཤིན་ཏུ་རྒྱ་ཆེ་བ་ཡིན་ཏེ།བཟའ་ཚང་ཁ་བྲལ་དུ་སོང་བ་དང་ཕ་མ་གང་རུང་གྲོངས་པ། ཕ་མ་གཞན་ཡུལ་དུ་ཡོང་འབབ་གསོག་ཏུ་སོང་ནས་ཡུན་རིང་བུ་ཕྲུག་གི་སྡོད་ལོང་མེད་པ། ཁྲིམས་ལྟར་གཉེན་སྒྲིག་མ་བྱས་པར་ཕྲུ་གུ་འཁོར་ཏེ་ཕ་མ་མཉམ་འཛོམས་མེད་པ་སོགས་ཤིན་ཏུ་མང་།ད་ཐེངས་ངེད་ཚོའི་ཞིབ་འཇུག་བྱ་ཡུལ་ནི་ཕ་མ་གྲོངས་པའམ་ཁྲིམས་ལྟར་གཉེན་སྒྲིག་མ་བྱས་པར་ཕྲུ་གུ་བྱུང་ཏེ་ཕ་མ་མཉམ་འཛོམས་མེད་པར་ཕ་ཚབ་བམ་མ་ཚབ་ཡོད་པའི་ཕྲུ་གུའི་གཤིས་ཀ་དང་སེམས་ཁམས་སོགས་ལ་ཕྲུ་གུ་གཞན་དང་མི་འདྲ་བའི་མངོན་གསལ་དོད་པོའི་སེམས་ཁམས་ཀྱི་གནད་དོན་གང་ཡོད་མེད་དང་། ལོག་ལམ་དུ་སོང་བའི་བྱ་སྤྱོད་ལ་དབྱེ་ཞིབ་ཀྱིས་ཐབས་ལམ་ཇི་ལྟ་བུ་ཞིག་དཔྱད་ན་ལེགས་ཚུལ་སྐོར་ཡིན།
       བཞི་པ། ཞིབ་འཇུག་གི་གྲུབ་འབྲས།
       ཞིབ་འཇུག་གི་བྱ་ཐབས་ཁག་ཞིབ་ཅིང་ཕྲ་ལ་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱས་པ་བརྒྱུད། ཐོག་མའི་དམིགས་ཡུལ་རགས་ཙམ་ལེགས་འགྲུབ་བྱུང་ནས།གཤམ་གསལ་གྱི་གྲུབ་འབྲས་སམ་ངོས་འཛིན་ཐོབ་བྱུང་བ་སྟེ།
       1.ཕ་མ་ཡ་ཆགས་ཀྱི་བུ་ཕྲུག་ལ་ཕ་མ་གཉིས་འཛོམས་ཀྱི་བརྩེ་བ་ཉུང་བས།སེམས་ལ་ཕོག་ཐུག་དང་གནོན་ཤུགས་ཕོག་སླ་ཞིང་། ཁོང་ཚོ་གྲོགས་མེད་ཁེར་རྐྱང་དང་ཡི་མུག་པ་དང་། བློ་རྩ་བརྟན་པོ་མེད་པ། རང་སྣང་གང་ཤར་བྱེད་པ། ཡར་རྒྱས་ཀྱི་བསམ་པ་མེད་པ། སློབ་སྦྱོང་གི་སྦྱངས་འབྲས་ཞན་ཙམ་འདུག ཁོ་ཚོ་ནི་ཕྱོགས་གཅིག་ནས་རང་གཉའ་རང་གཅོག་བྱེད་པར་སྤྲོ་བ་དང་ཕྱོགས་གཞན་ཞིག་ནས་རང་བརྩིའི་བསམ་པ་ཆེ་བས། ཚིག་ངན་ལ་བརྟེན་ནས་ཁོ་ཚོར་ལྕག་སྐུལ་རྩ་བ་ནས་གཏོང་མི་ཉན། དེར་བརྟེན། ཁོ་ཚོར་དོན་དངོས་ལ་ཁ་ཕྱོགས་ཕྱོགས་པ་དང་ཡར་བསྐྱེད་ལྷོད་མེད་བྱས་ནས་ལེགས་པར་འཚོ་རྒྱུར་སྐུལ་འདེད་གཏོང་དགོས། རང་བརྩིའི་བསམ་པ་ནི་མིའི་སེམས་ཁམས་ཁྲོད་ཀྱི་ཆེས་ཚོར་བ་སྐྱེན་པ་ཞིག་ཡིན་པ་དང་། བརྩི་བཀུར་ནི་བརྩེ་སེམས་འབྲེལ་འདྲིས་བྱེད་པའི་ལྡེ་མིག་ལྟ་བུ་ཞིག་ཡིན། སེམས་ཁམས་རིག་པ་མཁས་ཅན་གྱིས། བསྟོད་བསྔགས་དང་སྐུལ་མས་བློ་སྟོབས་སྐྱེད་བསྲིང་དང་ཡིད་ཆེས་གོང་མཐོར་གཏོང་ཐུབ་ཞེས་གསུངས་པས། ཁོ་ཚོར་བརྩི་བཀུར་དང་སེམས་རྩ་འཁོལ་པོས་རོགས་རམ་གྱིས་ཁོ་ཚོར་ཡིད་ཆེས་བསྐྱེད་བསྲིང་བྱ་རྒྱུ་ནི་ཧ་ཅང་གི་གལ་འགངས་ཆེ་བར་མཐོང་།     
       2.བརྩེ་བ་མེད་ན་སློབ་གསོ་གཏོང་ཐབས་མེད། སེམས་ཁམས་རིག་པ་མཁས་ཅན་གྱིས། དེང་དུས་ཀྱི་སློབ་གསོའི་འོས་འགན་གཙོ་བོ་ནི་སློབ་མར་རྒྱུས་མངའ་ཡོད་པ་བྱ་རྒྱུ་དེ་ཡིན་པ་དང་སློབ་མར་རྒྱུས་མངའ་བྱེད་པའི་འགག་རྩ་ནི་བསམ་ཤེས་ཡིན། ཞེས་གསུངས་པ་ལྟར། བསམ་ཤེས་ཐུབ་ན་གཞི་ནས་བརྩེ་བ་ངང་གིས་འཕྱུང་། རྟོག་ཞིབ་བྱས་པ་བརྒྱུད། ཁྱིམ་བདག་མང་ཆེ་བར་ཕྲུ་གུ་དང་ནུས་ལྡན་གྱི་བགྲོ་གླེང་བྱས་པའི་དུས་ཚོད་མེད་པས། བུ་ཕྲུག་ལ་ཕ་མ་བརྩེ་བ་ཚོར་མ་ཐུབ། བྱས་ཙང་ཕ་མ་ཡ་ཆགས་ཀྱི་བུ་ཕྲུག་མང་ཆེ་བས་ཕ་མ་དང་བུ་ཕྲུག་དབར་གྱི་བརྩེ་བ་དེར་རེ་འདོད་ཤིན་ཏུ་ཆེ། དེས་ན། ཕ་མ་ཡ་ཆགས་ཀྱི་བུ་ཕྲུག་ལ་ཐོག་མར་བྱམས་སེམས་དང་སེམས་རྩ་འཁོལ་པོས་སེམས་འཁུར་དང་།  ངང་རྒྱུད་རིང་པོ་བྱེད་དགོས་ཀྱི་འདུག་སྙམ། 
       3.ཁྱིམ་བདག་གིས་ཚན་རིག་དང་མཐུན་པའི་ཁྱིམ་ཚང་སློབ་གསོའི་ཐབས་ཤེས་སྤྱད་རྒྱུར་མཛུབ་སྟོན་བྱས་ནས། ཁྱིམ་ཚང་གི་སློབ་གསོའི་ལས་དོན་ལེགས་པར་འགྲུབ་དགོས། 
       ཁྱིམ་ཚང་ནི་བུ་ཕྲུག་ལ་སློབ་གསོ་གཏོང་ས་གཙོ་བོ་དང་། ཕ་མ་ནི་བུ་ཕྲུག་གི་དགེ་རྒན་ཐོག་མ་དེ་ཡིན། ང་ཚོས་རྟོག་ཞིབ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། ཕ་མ་ཡ་ཆགས་ཀྱི་བུ་ཕྲུག་གི་གནད་དོན་མང་པོ་ཞིག་ཕ་མ་གཉིས་འཛོམས་ཀྱི་བརྩེ་བ་མི་འདང་བའམ་བཙན་ཤེད་ཀྱི་སློབ་གསོ་གཏོང་བ། ཡང་ན། གཅེས་ལང་དུ་བཏང་བ། ལྷག་པར་དུ་ནམ་རྒྱུན་ནས་ཕ་མ་དང་བུ་ཕྲུག་དབར་རོལ་རྩེད་རྩེ་བ་སོགས་འབྲེལ་འདྲིས་བྱེད་ཡས་ཉུང་དྲགས་པའི་དབང་གིས་སློབ་མ་མང་པོ་ཞིག་གི་འཚར་ལོངས་ཁྲོད་ཤུགས་རྐྱེན་ངེས་ཅན་ཐེབས་པ་སོགས་བྱུང་འདུག་པས། ང་ཚོས་སྤུན་ཉེའི་འབྲེལ་བ་ལེགས་སུ་གཏོང་རྒྱུར་འཛུབ་སྟོན་དང་ཁྱིམ་བདག་གིས་ཡང་དག་པའི་སློབ་གསོ་གཏོང་རྒྱུར་འཛུབ་སྟོན་བྱེད་དགོས་ཀྱི་འདུག
       4.ཕ་མ་ཡ་ཆགས་ཀྱི་སློབ་མའི་སློབ་གསོ་ནི་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བའི་གནད་དོན་གསར་པ་ཞིག་ཏུ་མཐོང་བས། དགེ་རྒན་དང་ཁྱིམ་བདག སློབ་གྲྭ སྤྱི་ཚོགས་ཚང་མས་མཐོང་ཆེན་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བའི་གནད་དོན་ཞིག་ཏུ་གྱུར་འདུག་སྙམ། དེས་ན། དགེ་རྒན་དང་ཁྱིམ་བདག་གི་སྐོར་གོང་དུ་གླེང་ཟིན་ལ། སློབ་གྲྭའི་ངོས་ནས་བཤད་ན། སེམས་ཁམས་བློ་འདྲི་ཁང་གི་ནུས་པ་སྔར་བས་ཆེ་རུ་འདོན་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དུ་མཐོང་། དེས་ན། ཚང་མས་འཕྱར་བ་གྲུ་འདེགས་ཀྱིས་མེས་རྒྱལ་གྱི་མ་འོངས། མི་རིགས་ཀྱི་རེ་བ་ཡིན་པའི་བུ་ཕྲུག་ཚོ་ལུས་བདེ་བདེ་ཐང་ཐང་། སེམས་དགའ་དགའ་སྤྲོ་སྤྲོའི་ངང་འཚར་ལོངས་ཡོང་རྒྱུར་ཁོར་ཡུག་བསྐྲུན་རྒྱུར་རང་ནུས་འདོན་རྒྱུ་ནི་ཚང་མའི་འགན་འཁྲི་ཞིག་རེད་འདུག  

       རྩོམ་པ་པོ། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སློབ་འབྲིང་གི་པད་མ་ཚེ་བརྟན་དང་འུད་ཅང(伟江)
39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1