ལུ་གུ་མཚོ་མོའི་ཆུ་མགོ་སྲུང་སྐྱོང་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-14



     སྟོན་དུས་ཀྱི་ལུ་གུ་མཚོ་མོ་ནི་ཐར་ཐོར་དུ་བཞད་པའི་མཚོ་ཚལ་མེ་ཏོག་གིས་འོད་ཆེམ་ཆེམ་དུ་འཕྲོ་བའི་རྦ་རླབས་བརྒྱན་ལ། རབ་ཏུ་བཞད་པའི་སྐལ་བཟང་མེ་ཏོག་གིས་མཚོ་ངོགས་རྣམ་པར་བརྒྱན་ཡོད། ལུ་གུ་མཚོ་འགྲམ་དུ། དེ་སྔ་ཆུར་ཉེ་ཨར་ལས་མང་པོ་བསྐྲུན་ཡོད་པའི་ས་ཆར་ད་ཆ་སྔོ་ཐིང་ཐིང་དུ་གྱུར་ཡོད།

     འདི་ནི་ཡུན་ནན་ཞིང་ཆེན་ས་དམ་གྲོང་ཁྱེར་ཉིང་ལེའེ་དབྱིས་རིགས་རང་སྐྱོང་རྫོང་གིས་ཉེ་བའི་ལོ་ཤས་རིང་སྣོད་བཅུད་གནས་སྤོ་དང་ཉམས་གསོ་ལ་སྐུལ་འདེད་བཏང་བའི་གྲུབ་འབྲས་ཡིན།


     2018ལོའི་ཟླ་11པར། ཉིང་ལེའེ་རྫོང་སྲིད་གཞུང་གིས་ལུ་གུ་མཚོ་ཡི་མཚོ་སྲུང་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་སྨི་80ཡི་སྣོད་བཅུད་དམར་ཐིག་ཁྱབ་ཁོངས་ནང་གི་འགྲུལ་ཁང་སོགས་འཛུགས་སྐྲུན་བཤིག་སྤོ་བྱས་པ་དང་འབྲེལ་བཀོད་སྒྲིག་དང་ཁ་གསབ་ཀྱང་བྱས་པ་གྲོང་སྡེ་མང་པོ་དང་འབྲེལ་བ་ཡོད། དང་ཐོག་གྲོང་མི་ཁ་ཤས་ཀྱིས་མི་རབས་ནས་མི་རབས་བར་སྡོད་པའི་སྡོད་ཁང་རྙིང་པ་དང་གཉེར་སྐྱོང་བྱེད་བཞིན་པའི་འགྲུལ་ཁང་འདོར་དཀའ་བ་དང་། གནས་སྤོས་རྗེས། ཁོ་ཚོའི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད། མི་དེ་བས་མང་བས་ཡུལ་སྐོར་ལ་བརྟེན་ནས་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད།


     སན་ཅ་གྲོང་ཚོའི་གྲོང་མི་ཐུའུ་མོང་ཚའེ་ན་ནིང་མཚོ་འགྲམ་གྱི་ཁང་རྙིང་ནས་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་གསར་པར་སྤོས་པ་རེད། ཁོས་གནས་སྤོས་རྗེས་མི་ཕྱུགས་ལོགས་སུ་དབྱེ་ཐུབ་པ་བྱུང་བས་འཚོ་བའི་ཆ་རྐྱེན་ལ“ལེགས་བཅོས་ཆེན་པོ་བྱུང་ཡོད”ཅེས་བརྗོད།

     སན་ཅ་གྲོང་ཚོའི་གྲོང་མི་མང་པོ་དང་འདྲ་བར་ཐུའུ་མོང་ཚའེ་ཡིས་སྲོལ་རྒྱུན་གྱི“ཕག་གཞོང་གྲུ་གཟིངས”ནང་ཡུལ་སྐོར་བ་བླུགས་ནས་ཡུལ་སྐོར་བྱེད་པར་བརྟེན་ནས་ཡོང་སྒོ་འཚོལ་བཞིན་ཡོད། “གལ་ཏེ་མཚོ་ཆུ་སྦགས་བཙོག་བཟོས་ཚེ་སུ་ཞིག་གྲུ་གཟིངས་ལ་སྡོད་སྲིད་དམ།” ཁོས་གནས་སྤོ་བ་ནི་མཚོ་སྲུང་སྐྱོང་བྱ་ཆེད་ཡིན་ལ་འཚོ་བ་དེ་བས་ལེགས་པ་རོལ་ཆེད་ཀྱང་ཡིན་ཞེས་བཤད།


     “ང་ཚོ་མི་རབས་ནས་མི་རབས་བར་འདི་གར་འཚོ་བ་སྐྱེལ་གྱི་ཡོད། གལ་ཏེ་མཚོ་སྦགས་བཙོག་བཟོས་ཚེ་ང་ཚོས་མི་རབས་རྗེས་མར་འོས་མེད་བྱས་པ་ཡིན་ལ་མེས་པོ་ལ་འོས་མེད་བྱས་པ་ཡིན་”ཞེས་བཤད།
     ཕུ་ལོ་གྲོང་ཚོའི་གྲོང་མི་ཕེང་མིང་ཀུའེ་ལ་སྔོན་ཆད་མཚོ་འགྲམ་དུ་ཁང་ས་ཞིག་ཡོད་པ་བོགས་མར་བཏང་བར་ལོ་རེར་ཡོང་འབབ་ཡག་པོ་ཡོད། ཁང་པ་བཤིག་སྤོ་བྱེད་དགོས་པ་གོ་ཐོས་བྱུང་དུས་ཁོ་རང་ཧ་ཅང་འཐད་པ་མ་བྱུང་། ས་དམ་གྲོང་ཁྱེར་ལུ་གུ་མཚོ་དོ་དམ་ཅུས་དང་ས་གནས་དེ་གའི་སྲིད་གཞུང་གི་ལས་བྱེད་མི་སྣས་བློ་སྟོན་བྱས་པ་བརྒྱུད། ཁོས“མི་རབས་འདི་ཁོ་ན་ལས་མི་རབས་རྗེས་མར་བསམ་བློ་མི་གཏོང་བ་བྱེད་མི་རུང་བ”ཤེས་རྟོགས་བྱུང་ནས། གནས་སྤོའི་གྲོས་མཐུན་ཐོག་དང་པོར་མིང་རྟགས་བཀོད་པ་མ་ཟད། ད་རུང་ཁྱིམ་མཚེས་གཉེན་ཉེ་ལ་མཉམ་དུ་གནས་སྤོ་དགོས་པའི་སྐུལ་སློང་བྱས།

     ད་ལྟ། ཕེང་མིང་ཀུའེ་ཡིས་སྲིད་གཞུང་གིས་བསྐྱར་དུ་གཏོང་སྤྲོད་བྱས་པའི་ས་ཞིང་བོགས་མར་བཏང་ཡོད་པ་དང་། ཡོང་འབབ་དེ་སྔོན་ལས་ལྡབ་ཁ་ཤས་འཕར་ཡོད་པས་སེམས་པ་ཡང་ཧ་ཅང་དགའ་པོ་བྱུང་ཡོད། ཕེང་མིང་ཀུའེ་ཡིས་དགོད་ཞོར་དུ“མི་སེར་གྱི་ཡོང་འབབ་ཇེ་མཐོར་སོང་ལ། ལུ་གུ་མཚོ་སྔར་ལས་མཛེས་པར་གྱུར་བས། དགའ་པོ་མི་བྱེད་དོན་ཅི་ཡོད་དམ”ཞེས་བརྗོད།


     གནས་སྤོས་རྗེས། ས་གནས་དེ་གའི་གྲོང་མི་ཁག་གཅིག་གིས་སྡོད་ཁང་གསར་པའམ་ཡང་ན་ས་ཆ་གསར་པ་སྤྱད་དེ་འགྲུལ་ཁང་དང་བཟའ་བཏུང་གཉེར་ནས་ཡུལ་སྐོར་གྱི་ཚོང་རྒྱག་གི་ཡོད། ལུའོ་ཧྲུའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་འཕྲིན་ལས་ཕུན་ཚོགས་ཀྱིས་ཡུལ་སྐོར་ལས་རིགས་ཀྱིས་ས་གནས་དེ་གའི་དུད་ཚང་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་མ་ཟད། ད་དུང་ཡུལ་གཞན་གྱི་མི་མི་ཉུང་བ་ཚོང་གཉེར་བར་བཀུག་ཡོད་ཅེས་བརྗོད།

     ས་དམ་གྲོང་ཁྱེར་ལུ་གུ་མཚོ་དོ་དམ་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར། མཚོ་རྒྱུད་ཀྱི་སྣོད་བཅུད་གནས་སྤོའི་བཅོས་སྒྲིག་བྱ་ཡུལ་དུད་ཚང་160ཡི་ཁྲོད། དུད་ཚང་152བཤིག་ཟིན་པ་དང་བཤིག་སྤོ་བྱེད་པའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་9.7ཟིན་པ་དང་དེ་བྱིངས་དུད་ཚང་8ཀྱིས་ལོ་མཇུག་གོང་བཤིག་སྤོ་བྱ་རྒྱུ་ཡིན་པ་རེད།


     ལུ་གུ་མཚོ་སྲུང་སྐྱོང་བྱ་ཆེད། སྣོད་བཅུད་གནས་སྤོ་བྱེད་པ་ཕུད། ཡུན་ནན་ཞིང་ཆེན་གྱིས་ད་དུང་ལུ་གུ་མཚོ་ལ་མཚོ་དཔོན་ལམ་ལུགས་དང་། མཚོ་བཀག་ནས་ཉ་འཛིན་རྒྱུ་སྡོམ་པ། བཙོག་འབུད་བསྡུ་རུབ་མདོང་ལམ་དྲ་བ་སྐྲུན་པ་སོགས་ཀྱི་བྱ་ཐབས་སྤྱད་པ་རེད།
     ད་ལོའི་རྒྱལ་སྟོན་གུང་གསེང་རིང་། ས་དམ་གྲོང་ཁྱེར་ལུ་གུ་མཚོ་ཡི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཁྲི་5.9ལྷག་ཙམ་ཡོང་ནས་ན་ནིང་དང་མཉམ་པ་རེད། ཡུལ་སྐོར་བ་ཚོས་འཚང་ཁ་ཤིག་ཤིག་ངང“ས་མཐོའི་མུ་ཏིག”གི་མཛེས་ཉམས་ལ་ལྟད་མོར་ཡོང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1