བོད་ལྗོངས་ལ་“སྐྱེད་མའི་བདེ་ཐང་མྱུར་འཁོར”བཅུ་ཡི་ཞལ་འདེབས་ཐོབ་པ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-14



       ཟླ10ཚེས11ཉིན་གྱི་ཕྱི་དྲོར། ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་ལ“སྐྱེད་མའི་བདེ་ཐང་མྱུར་འཁོར”ཞལ་འདེབས་སུ་ཕུལ་བའི་མཛད་སྒོ་དེ་ལྷ་ས་གྲོང་ཁྱེར་དུ་འཚོགས་པ་རེད། 

         མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མི་དམངས་སྨན་ཁང་སོགས་སྨན་ཁང10ལ“སྐྱེད་མའི་བདེ་ཐང་མྱུར་འཁོར”གྱི་ལྡེ་མིག་ཐོབ་པ་རེད།

         བོད་རང་སྐྱོང་ལྗོངས་ལ་ཞལ་འདེབས་སུ་ཕུལ་བའི“སྐྱེད་མའི་བདེ་ཐང་མྱུར་འཁོར།”
       ད་ཐེངས་ཞལ་འདེབས་སུ་ཕུལ་བའི“སྐྱེད་མའི་བདེ་ཐང་མྱུར་འཁོར”ལས་བརྩེ་སེམས་མཚོན་པར་བྱས་ཏེ། མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མི་དམངས་སྨན་ཁང་དང་། གཞིས་ཀ་རྩེ་གྲོང་ཁྱེར་འབྲོང་པ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། གྲོ་མོ་རྫོང་མི་དམངས་སྨན་ཁང་། ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་མི་དམངས་སྨན་ཁང་། ཨ་མདོ་རྫོང་དམར་ཆུ་ཤང་འཕྲོད་བསྟེན་ཁང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་མི་དམངས་སྨན་ཁང་། འཇོ་མདའ་རྫོང་མི་དམངས་སྨན་ཁང་། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྨན་ཁང་སོགས་སྨན་ཁང10ལ་རེ་རེ་བཞིན་སོང་ནས། བུད་མེད་དང་བྱིས་པ་སྔར་ལས་མང་པོ་ཞིག་ལ་དྲོ་སྐྱིད་དང་བདེ་ཐང་། བདེ་སྐྱིད་བཅས་བསྐྱལ་ཡོང་བ་རེད། 
       གཞིས་ཀ་རྩེ་གྲོང་ཁྱེར་འབྲོང་པ་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་བུ་ཆུང་ཚེ་རིང་གིས་ངོ་སྤྲོད་བྱས་པར། འབྲོང་པ་རྫོང་གི་ཞབས་ཞུའི་ཁྱབ་ཁོངས་ཀྱི་ཚངས་ཕྱེད་ལ་སྤྱི་ལེ་གྲུ་བཞི་མ་ཁྲི4.59ཟིན་པ་དང་། ཐག་ཆེས་རིང་བའི་ཤང་གི་བར་ལ་སྤྱི་ལེ400ཙམ་བསྐྱོད་དགོས། “‘སྐྱེད་མའི་བདེ་ཐང་མྱུར་འཁོར’ལ་སྦྲུམ་སྙིང་ལྟ་ཞིབ་ཚད་ལེན་ཡོ་བྱད་སོགས་སྨན་བཅོས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་ལ། དེ་ཡིས་འབྲོང་པ་རྫོང་གི་བུད་མེད་དང་བྱིས་པའི་སྨན་བཅོས་ཞབས་ཞུའི་སྤུས་ཚད་སོགས་མཐོར་འདེགས་ཆེན་པོ་བཏང་ཡོད།”ཅེས་བཤད། 
       ཞལ་འདེབས་ཐོབ་པའི་ལས་ཁུངས་སོ་སོས་གཅིག་རྗེས་གཉིས་མཐུད་ངང་བསྟན་དོན། “སྐྱེད་མའི་བདེ་ཐང་མྱུར་འཁོར”དོ་དམ་དང་བེད་སྤྱོད་ཡག་པོ་བྱས་ནས་དེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱ་ཆེའི་བུད་མེད་དང་བྱིས་པའི་དོན་དངོས་ལ་ཕན་པའི་ལས་དོན་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བ་བཟང་པོ་སྒྲུབ་པ་བཅས་བྱས་ནས། བུད་མེད་དང་བྱིས་པའི་ཐོབ་སྣང་དང་སྐྱིད་སྣང་། བདེ་འཇགས་ཀྱི་སྣང་བ་ཟམ་མི་ཆད་པར་ཆེ་རུ་གཏོང་ངེས་ཡིན་ཞེས་བསྟན་པ་རེད། 
       2005ལོ་ནས་བཟུང་། ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་ཁག་ཐེངས8ལ་བགོས་ནས། བོད་རང་སྐྱོང་ལྗོངས་ལ“སྐྱེད་མའི་བདེ་ཐང་མྱུར་འཁོར”77ཞལ་འདེབས་སུ་ཕུལ་བ་དང་། དེའི་རིན་ཐང་བསྡོམས་འབོར་སྒོར་ཁྲི1266ལྷག་ཙམ་ཟིན་ཡོད་པ་རེད། འཁོར་རིགས་དེ་དག་སྤྱད་དེ་གཞི་རིམ་དུ་འོས་འགན་སྨན་བཅོས་ཀྱི་བློ་འདྲི་དང་། བདེ་ཐང་སློབ་གསོ། བུད་མེད་ཀྱི་ནད་གཞིར་ཞིབ་བཤེར། སྦྲུམ་མ་བསུ་བ། ནད་པར་རོགས་སྐྱོབ། གཞི་རིམ་གྱི་སྨན་པ་གསོ་སྦྱོང་སོགས་རྣམ་པ་སྣ་ཚོགས་ཀྱི་བདེ་ཐང་ཞབས་ཞུ་བསྒྲུབས་ཤིང་། ཁྱོན་མི་ཐེངས་ཁྲི223ལ་ཁྱབ་ཡོད། མོ་ནད་བྱུང་ཚད་དང་སྦྲུམ་མ། ཕྲུ་གུ་དམར་འབྱར་བཅས་ཀྱི་ཤི་ཚད་དམའ་རུ་གཏོང་བ་དང་། “སྐྲན་གཉིས”(མངལ་གནས་འབྲས་སྐྲན་དང་ནུ་མའི་འབྲས་སྐྲན།)རིན་མེད་བརྟག་དཔྱད་རྣམ་གྲངས་ལ་གཞོགས་འདེགས་བྱེད་པ། བུད་མེད་དང་བྱིས་པའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་ལ་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱས་ཡོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1