ཞི་ཅིན་ཕིང་གིས་དབུལ་ཕོངས་ལས་ཐར་བ་དང་སྲིད་ཏང་གི་འགན་འཁྲི་ཞེས་པའི་རྒྱལ་སྤྱིའི་རིགས་གཞུང་བགྲོ་གླེང་ཚོགས་འདུ་ཚོགས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 10-14



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས12ཉིན། དབུལ་ཕོངས་ལས་ཐར་བ་དང་སྲིད་ཏང་གི་འགན་འཁྲི་ཞེས་པའི་རྒྱལ་སྤྱིའི་རིགས་གཞུང་བགྲོ་གླེང་ཚོགས་འདུ་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲིག་གྲོང་ཁྱེར་དུ་ཚོགས་འགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།
        ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་ཁབ་ཀྱི་དབུལ་སྐྱོར་ཉིན་མོ་དང་རྒྱལ་སྤྱིའི་དབུལ་ཕོངས་སེལ་བའི་ཉིན་མོ་ཐོན་ལ་ཡོད་པའི་སྐབས་སུ། དབུལ་ཕོངས་ལས་ཐར་བ་དང་སྲིད་ཏང་གི་འགན་འཁྲི་ཞེས་པའི་རྒྱལ་སྤྱིའི་རིགས་གཞུང་བགྲོ་གླེང་ཚོགས་འདུ་ཚེས་བཅུ་གཉིས་ཉིན་ཧྥུའུ་ཀྲིག་གྲོང་ཁྱེར་ནས་ཚོགས་འགོ་བརྩམས་པ་དང་། བདག་གིས་ཚོགས་འདུ་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་ཡིན་ཞེས་གསུངས།
        ཞི་ཅིན་ཕིང་གིས་བསྟན་དོན། དབུལ་ཕོངས་སེལ་ཞིང་དམངས་ཚིས་ལེགས་བཅོས་བྱེད་པ་དང་། མཉམ་དུ་ཕྱུག་པོར་འགྱུར་བ་མངོན་འགྱུར་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་རེ་བ་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་གཙོ་བོ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རེ་བ་གཞིར་བཟུང་སྟེ། དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལས་འགན་གལ་ཆེན་དུ་བཞག་པ་དང་། བཀོད་སྒྲིག་གལ་ཆེན་རབ་དང་རིམ་པའི་ཁྲོད་དུ་བཞག་ནས། ཁྱོན་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་པ་དང་། ཀྲུང་ཧྭ་མི་རིགས་ལོ་ངོ་སྟོང་ཕྲག་འགར་སྡུག་ལ་སྦྱར་བའི་དབུལ་ཕོངས་གནད་དོན་མི་འགྱངས་པར་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཐག་གཅོད་ངེས། ང་ཚོར་བློ་ཐག་རྦད་ཆོད་སྒོས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཐད་ནས་རྒྱལ་ཁབ་ཆེན་པོ་ལེན་པ་དང་། ལོ་བཅུ་སྔ་སྣུར་སྒོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་དབུལ་འཕྲི་དམིགས་འབེན་མངོན་འགྱུར་བྱེད་པར་ཡིད་ཆེས་ཡོད་པ་དང་ནུས་པ་ཡོད་ལ། དེ་ཡོངས་འགྲུབ་བྱས་ན་ཀྲུང་ཧྭ་མི་རིགས་དང་མིའི་རིགས་ཀྱི་སྤྱི་ཚོགས་ལ་རླབས་ཆེན་གྱི་དོན་སྙིང་གལ་ཆེན་ལྡན་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་འོག འཛམ་གླིང་ཡོངས་ཀྱི་དབུལ་འཕྲི་ལས་དོན་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ནའང་། མདུན་དུ་ལྷགས་པའི་དཀའ་ཁག་དང་འགྲན་རྩོད་སྔར་བཞིན་ཛ་དྲག་ཆེ་བས། རྒྱལ་ཁབ་སོ་སོའི་སྲིད་ཏང་དང་བཅས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ་དང་ལག་གདང་སྦྲེལ་ཏེ་མཉམ་ལས་བྱས་ནས། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། འཛམ་གླིང་ཡོངས་ཀྱི་དབུལ་འཕྲི་འཕེལ་རིམ་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། ཚོགས་འདུར་ཞུགས་པའི་མགྲོན་པོ་རྣམས་ཀྱིས་ཉམས་མྱོང་བརྗེ་རེས་དང་ཆོས་ཉིད་སྤྱི་སྡོམ་བྱས་པ་བརྒྱུད་དེ་འཛམ་གླིང་ཡོངས་ཀྱི་དབུལ་འཕྲི་ལས་དོན་ལ་མཉམ་གྲོས་བྱེད་པ་དང་། དབུལ་ཕོངས་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་རིག་སྟོབས་དང་ནུས་པ་འདོན་དགོས་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1