༄༅།། སྐྱེས་སྐར་ལ་སྤྲིངས་པའི་སྙན་ངག

ཀྲི་ཉ་ཤ་ར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-14


                       ཀྲི་ཉ་ཤ་ར།
                                                                     
                                                               _____རང་ཉིད་ལ་ཕུལ།             
                                     <ཁོག་སྟོད།>

སྐད་ཆ་འདི་གས་མ་གཉིས་ལ་བགོས།
རྣ་བ་གཡས་གཡོན་གཉིས་སུ་བླུགས་ནས་ང་རང་བགད།
གློ་བ་འདི་ཡར་འཐེན་མར་འཐེན་ཞིག་བྱས།
དུས་ཚོད་རིང་ཐུང་གཉིས་སུ་བླུགས་ནས་ང་རང་ངུས།

སྙིང་འདིའི་ཕྱེད་ཀ་ང་རང་གི་ལག་ནང་ན་འདུག
ཕྱེད་ཀ་ཙི་གུ་ཞིག་གི་རྔ་མོར་ཐོགས་འདུག


                                     <ཁོག་སྨད།>

འཁར་བ།           འཁར་བ།
ཅི་ཙམ་ཞིབ་ཀྱིས་བལྟས་ཀྱང་།
མྱི་རྒན་ཞིག་གི་འཁར་བ་དང་འདྲ་བའི་རྐང་བ་མཐོང་བྱུང་།


འགོར་བ།           འགོར་བ།
ཅི་ཙམ་མདུན་དུ་བརྒྱུགས་ཀྱང་།
ཤིན་ཏུ་ཟད་མཐའ་བྲལ་བའི་བྱེ་ཐང་ཞིག་ཏུ་ལྷུང་འདུག


                                      <མི་ཚེ།>


ཐ་སྙད་ཀྱི་སྣོད་དུ་མ་ཤོང་བ་དག
གཅིན་པ་གསོག་པའི་དབུགས་དང་འགྲོགས་ནས་འཚང་ཁ་རྒྱག་ཡོང་།
ལུས་སྟེང་ནས་ཕར་བརྐྱངས་པའི་ཀུ་ཅོ་དག
མི་ཚེའི་གྲིབ་མ་དང་འགྲོགས་ནས་ག་ལེར་ཚུར་སྐུམ་བྱུང་།

                                
                                        <འདང་རྒྱག>


སྔོན་དུ་སོང་ནས་ཕྱིར་ལ་མ་བལྟས་པ་ཡིན།
རྐང་རྗེས་ནི་རང་ཉིད་ཀྱི་རྗེས་སུ་འོང་གིན་ཡོད་པ་མ་ཤེས།
རང་གིས་རྗེས་སུ་བསྐྱུར་བ་ནི་ཡུགས་ས་མའི་ངུ་ཆོམ་དང་དུས་ཚོད་རྙིང་བ་དེ་དག་ཡིན་སྙམ་ཡོད།



དམིགས་ཡུལ་གཏད་སའི་ས་འདི་ལ་ཐོན་རྗེས།
རང་ཉིད་མ་གཏོགས་སུ་ཡང་ཐོན་མེད་འདོད་ཀྱང་།
ས་འདིའི་གཏིང་རིམ་ན།
རྐང་རྗེས།    གྲིབ་མ།    སེམས་སྟེང་གི་ནག་ཐིག
མགོ་ཐོག་གི་ནམ་མཁའ་དང་ང་རང་གི་དྲན་གདུང་།
ཚང་མ་ཤོང་སའི་ས་མེད་པར་འཁོན་འཛིང་བྱེད་བཞིན་འདུག



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1