གཙོ་ངོས།>> གསར་འགྱུར།>>བོད་ཁུལ་གཞན་དག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༠ཚེས་༡༦ཉིན།

ང་ལ་ཤིང་སྡོང་འཛུགས་པའི་ཕུགས་འདུན་ཞིག་ཡོད།


—བཀྲ་ཤིས་དབང་འདུས་དང་ཁོང་གི“ལྗང་མདོག་གི་ཁྱིམ་གཞིས།”



     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཡུན་བོད་འབྲེལ་མཚམས་སུ་གནས་པའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་འཇང་གྲོང་ཚོ་ནི་རྫ་ཆུའི་སྐམ་ཚ་ལུང་གཞུང་དུ་གནས་པས་རི་མཐོ་ཞིང་གཡང་གཟར་ལ་སྔོ་ཁེབས་ཉུང་། འོན་ཀྱང་གཞུང་ལམ་ཤར་ཕྱོགས་ཀྱི་རི་བོ་ཞིག་གི་སྟེང་དུ། སྟར་ཁ་དང་། རྒུན་འབྲུམ། སེ་འབྲུ། སེའུ་མ། ཚ་ལུ་མ་སོགས་ཀྱི་ཤིང་ཏོག་གི་སྡོང་བོ་སྣ་ཚོགས་རླུང་གི་རྒྱུ་བ་དང་བསྟུན་ནས་གཡོ་ཞིང་། ལྗང་མདོག་རྒྱས་ལ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བས་མཐའ་འཁོར་གྱི་དམར་མདོག་གི་རི་ཚོགས་དང་བསྡུར་ན་མངོན་གསལ་དོད་པོའི་ཁྱད་པར་ཆགས་ཡོད།
     འདི་ནི“སྨར་ཁམས་རྫོང་འཇང་མི་རིགས་ཤང་གཙང་གསུམ་ཞིང་པའི་ཆེད་ལས་མཉམ་ལས་ཁང”ཡིན། དེས་“ཀུང་སི+རྟེན་གཞི+ཞིང་དུད”ཀྱི་མ་དཔེ་སྤྱད་ནས། མུའུ་2200ལྷག་ཙམ་གྱི་རི་རྒོད་ཅིག་འགན་གཙང་བླངས་ཏེ་ལྗོན་ཤིང་རིགས་སྣ་ཚོགས་ཁྲི་2ལྷག་ཙམ་བཙུགས་ཡོད་པ་ད་ཆ་ནགས་ཚལ་ཆགས་ཡོད།
     ས་དེ་གར། རི་རྒོད་འགན་གཙང་ལེན་མཁན་མཉམ་ལས་ཁང་གི་འགན་འཁུར་བ་བཀྲ་ཤིས་དབང་འདུས་ལ་སྐད་གྲགས་ཆེན་པོ་ཡོད་དེ་ལོ་68ལ་སླེབས་པའི་ཁོང་ནི་སྔ་ས་ནས་ཕྱུག་པོ་ཆགས་ཚར་བ་དང་། ད་ཆ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་ཀྱི་ཡོད་ཅིང་། ཁོང་གི་དམིགས་ཡུལ་ནི་ཕ་ཡུལ་གྱི་རི་རྒོད་སྔོ་ལྗང་ཅན་དུ་བསྒྱུར་ནས་ཆུང་དུས་ཀྱི་ཤིང་སྡོང་འཛུགས་པའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཡིན།
     1952ལོར་སྐྱེས་པའི་བཀྲ་ཤིས་དབང་འདུས་ནི་ཆུང་དུས་ནས་འཚོ་བ་དབུལ་ཞིང་ཕོངས་པས། སློབ་གྲྭར་ལོ་གཅིག་ལ་སློབ་སྦྱོང་བྱས་རྗེས་ཁྱིམ་དུ་ཞིང་ལས་གཉེར་བ་དང་ནར་སོན་རྗེས་གང་སར་ཞོར་ལས་གཉེར་ནས་འཚོ་བ་སྐྱེལ་ཡོད། “མི་རྣམས་ཀྱིས་ས་ཞིང་འདེབས་མི་ཤེས་པས་མུའུ་རེ་ནས་འབྲུ་རིགས་རྒྱ་མ་100ལྷག་ཙམ་ལས་ཐོན་གྱི་མེད།” ཕ་ཡུལ་གྱི་ཞིང་ལས་འཕེལ་རྒྱས་གཏོང་རྒྱུ་དེ་བཀྲ་ཤིས་དབང་འདུས་ཀྱི་སྐབས་དེའི་ཕུགས་བསམ་ཞིག་ཏུ་གྱུར་ཡོད།
     ལོ་23ལོན་པའི་ལོ་དེར། ཁོང་པེ་ཅིང་དུ་ཞིང་ལས་འདེབས་འཛུགས་ལག་རྩལ་སློབ་སྦྱོང་བྱེད་པར་མངགས་པ་དང་། ལོ་གཅིག་འགོར་རྗེས་ཕྱིར་ལོག་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་རྒྱུད་འདྲེས་གསོ་སྤེལ་བྱས་པ་རེད།

     “ངས་མི་ཁ་ཤས་ཁྲིད་ནས་ཞིང་ལས་ཞིབ་འཇུག་ཁང་བཙུགས་ནས་ལོ་ཏོག་སྣ་ཚོགས་ཚོད་འདེབས་བྱས་པ་ཡིན། རྒྱུད་འདྲེས་མ་རྨོས་ལོ་ཏོག་མུའུ་རེའི་ཐོན་ཚད་རྒྱ་མ་1000ལྷག་ཙམ་ཟིན་པ་དང་། མང་ཤོས་ལ་མུའུ་སྟོང་ཡན་བཏབ་ཡོད། ས་གནས་ཁག་གི་ལྟ་སྐོར་ཚོགས་པ་ཚང་མ་ཡོང་ཡོད།” དེ་ནི་བཀྲ་ཤིས་དབང་འདུས་སྤོབས་པ་སྐྱེ་འོས་པའི་ལོ་རྒྱུས་ཤིག་རེད།


     དེ་རྗེས། བཀྲ་ཤིས་དབང་འདུས“རྒྱལ་ཡོངས་ཀྱི་གྲོང་གསེབ་ཏུ་ཚན་རིག་སྦྱོང་བ་དང་ཚན་རིག་སྤྱོད་པའི་གཞོན་ནུའི་དཔེ་ལྟ་ས་”དང་། “རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་དང་ཞིང་ཕན་ཞིང་དར་གྱི་སྣེ་ཁྲིད་པ”བཅས་ལ་བདམས་ནས་ས་གནས་དེ་གའི་སྐད་གྲགས་ཅུང་ཆེ་བའི་ཞིང་ལས་ལག་རྩལ་པ་ཞིག་ཏུ་གྱུར་ཡོད།
     ཞིང་ལས་ལ་ཞིབ་འཇུག་བྱེད་པ་ཙམ་མ་ཟད། བཀྲ་ཤིས་དབང་འདུས་ལ་ད་དུང་ཚོང་ལས་ཀྱི་ཀླད་པ་ཆེན་པོའང་ཡོད།
     1985ལོར། སྨར་ཁམས་རྫོང་གིས་ཐོན་སྦྲེལ་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་ནས་བཀྲ་ཤིས་དབང་འདུས་ཀྱིས་སྔོན་ལ་ས་ཞིང་འགན་གཙང་བླངས་ནས་འདེབས་འཛུགས་བྱས་པ་དང་། དངུལ་བུན་གཡར་ནས་རླངས་འཁོར་རྙིང་བ་ཞིག་ཉོས་ནས། བོད་ལྗོངས་དང་ཡུན་ནན་ས་ཆ་གཉིས་སུ་སྐྱེལ་འདྲེན་ལས་ལ་ཞུགས་པས་ཤང་ནང་གི་དངུལ་ལོར་ཁྲི་ཕྲག་ལོན་མཁན་གྱི་དུད་ཚང་དང་པོར་གྱུར་ཡོད།
     རྗེས་སུ། བཀྲ་ཤིས་དབང་འདུས་ཀྱིས་ཡུན་ནན་དུ་ཚོང་བརྒྱབ་ནས་སྔ་རྗེས་སུ་ས་དམ་དུ་ཇ་ཁང་གི་ཚོང་གཉེར་བ་དང“བཀྲ་ཤིས་ཞིང་འཕྲུལ་ཞིང་ཆས་བཟོ་གྲྭ”བཙུགས་པ་རེད། ལོ་ནས་ལོ་བར་ཚོང་ཇེ་ཆེར་སོང་བར་བསྟུན་ཁོང་གིས་མ་དངུལ་ཡང་བྱེ་བ་ཁ་ཤས་བསགས་ཡོད།
     “ཚོང་ཇི་ཙམ་ཆེན་པོ་བརྒྱབ་ཀྱང་ངའི་རྩ་བ་ད་དུང་འཇང་གྲོང་ཚོར་ཡོད།” 2010ལོར་བཀྲ་ཤིས་དབང་འདུས་ཀྱིས་མ་དངུལ་སྒོར་ཁྲི་3000འཁྱེར་ནས་ཕ་ཡུལ་དུ་ལོག་སྟེ་རི་རྒོད་འགན་གཙང་བླངས་ནས་ས་གནས་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་མཉམ་ལས་ཁང་བཙུགས་ཏེ་ཁོང་གི་སེམས་ནང་གི“ལྗང་མདོག་ཁྱིམ་གཞིས”བཏོད་པ་རེད།
     རི་འགོར་སྐྱོད་པའི་ལམ་འདམ་རྫབ་ཀྱིས་ཁེངས་པས། རི་འགོར་སྡོད་པའི་མང་ཚོགས་ཀྱི་འགྲོ་འདུག་སྟབས་བདེ་པོ་མེད། ཁོང་གིས་མ་དངུལ་སྒོར་ཁྲི་ཆིག་སྟོང་ལྷག་ཙམ་བཏང་ནས་སྤྱི་ལེ་15ཡོད་པའི་རི་བསྐོར་གཞུང་ལམ་བཟོས་པ་རེད། རི་ནང་དུ་མ་གཞི་ནས་ཆུ་དཀོན་པས། ཁོང་གིས་རི་འགོ་ནས་ཆུ་དྲངས་ཏེ་ས་གནས་དེ་གའི་མང་ཚོགས་ཀྱི་མི་རབས་ནས་མི་རབས་བར་གྱི་ཆུ་དཀོན་པའི་དཀའ་གནད་ཐག་གཅོད་བྱས་པ་མ་ཟད་ཞིང་ཆུ་འདྲེན་རྒྱུར་ཡང་སྤྱད་ཡོད་པ་རེད།

     ས་གནས་དེ་གའི་དཔལ་འབྱོར་ནགས་ཤིང་སྣ་ཁ་གཅིག་རྐྱང་ཡིན་པས། ཁོང་གིས་རིགས་རྒྱུད་གསར་པ་ནང་འདྲེན་བྱས་ནས་ཚོད་ལྟ་ཡང་ཡང་བྱས། ཁོང་གིས་ད་དུང་གསོ་སྤེལ་ལས་རིགས་འཕེལ་རྒྱས་བཏང་ཡོད་དེ། བྱ་དེ་དཀར་ཐིག་ཅན་དང་ཧུང་ལ་རི་བྱའི་གསོ་ཚགས་རྟེན་གཞི་བཙུགས་ནས་དེ་སྔའི་རི་རྒོད་དེ་རི་འགོར་སྒོ་ཟོག་ཡོད་པ་དང་། རི་འདབས་སུ་བྱ་ཕོ་ཡོད་པ། རྫིང་བུར་ཉ་མོ་རྐྱལ་བའི་ཞིང་རར་བསྒྱུར།


     ཞིང་རའི་མ་དངུལ་འཇོག་གྲངས་མང་བ་སྟེ། ཁོང་གིས་སྔ་གཞུག་ཏུ་སོ་ཕག་བཟོ་གྲྭ་དང་། རྡོ་བྱེ་མའི་བཟོ་གྲྭ། སྨན་ཁང་སོགས་བཙུགས་ཏེ། ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་ཐག་གཅོད་བྱས་པ་མ་ཟད་ད་རུང་ཞིང་རའི་དགོས་མཁོ་བསྐངས་ཡོད།
     ལོ་10འདས་ཟིན། སྔར་གྱི་རི་རྒོད་རྣམ་པ་གསར་པར་བསྒྱུར་བ་དང་། རིམ་པ་སྟར་ཆགས་ཀྱི་སྐས་ཞིང་ཐོག མཐོ་དམའ་མི་འདྲ་བའི་ལོ་ཏོག་སྣ་ཚོགས་ལ་མེ་ཏོག་བཞད་པ་དང་འབྲས་བུ་སྨིན། ཚོད་འདེབས་བྱས་པའི་ཇ་ལོ་གསར་པའི་སྐྱེ་ཚུལ་དགའ་འོས་པ་དང་ལངས་གཟུགས་ཅན་གྱི་གསོ་ཚགས་གཞི་ཁྱོན་རིམ་བཞིན་ཆེ་རུ་ཕྱིན་ཡོད་དེ། བྱ་དེ་དཀར་ཐིག་ཅན་3000གསོ་སྤེལ་བྱས་པ་དང་། ཧུང་ལ་རི་བྱ1500གསོ་སྤེལ་བྱས་ཡོད།
     བཀྲ་ཤིས་དབང་འདུས་ཀྱིས“ད་ལྟའི་འཕེལ་རྒྱས་ནི་ཕལ་ཆེར་ངའི་སྔོན་དཔག་དང་མཐུན་མོད། འོན་ཀྱང་ཆེས་མཐའ་མཇུག་གི་དམིགས་འབེན་དབར་ད་དུང་བར་ཐག་ངེས་ཅན་ཞིག་ཡོད”ཅེས་བཤད་པ་དང་། “ཡུལ་མི་ཚོས་ང་དང་མཉམ་དུ་རི་རྒོད་སྔོ་ལྗང་ལ་བསྒྱུར་བར་ཡོང་འབབ་བྱུང་བ་མཐོང་བས། དེ་ནི་རིན་ཐང་ལྡན་པ་ཞིག་རེད”ཅེས་བརྗོད།
     བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། ས་གནས་དེ་གའི་མང་ཚོགས་ལ་སྔ་རྗེས་སུ་མི་ཐེངས་3800ལྷག་ཙམ་མཉམ་ལས་ཁང་དུ་ལས་ཀ་གཉེར་བར་སོང་བ་དང་། ཡོང་འབབ་སྒོར་ཁྲི་1200ལྷག་ཙམ་བྱུང་ཡོད། དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་10ཚུད་ཡོད། མཉམ་ལས་ཁང་གིས་ད་དུང་སྔ་རྗེས་སུ་གསོ་སྦྱོང་སྣ་ཚོགས་30ལྷག་ཙམ་སྒྲིག་འཛུགས་བྱས་ནས། འདེབས་འཛུགས་འཇོན་ཐང་ཅན་520དང་ཁ་ལོ་བ་26གསོ་སྦྱོང་བྱས་ཡོད་པ་རེད།

     བཀྲ་ཤིས་དབང་འདུས་ཀྱིས་འདི་གར་ཁྱད་ལྡན་གསོ་ཚགས་དང་། དཔལ་འབྱོར་ནགས་ཤིང་འདེབས་འཛུགས། སྤུས་ལེགས་ཤིང་འབྲས་ལས་སྣོན་ཞིབ་ཚགས། བཟའ་བཏུང་སྤྲོ་གསེང་། ལྟ་སྐོར་སོགས་གཞི་གཅིག་ཏུ་འདུས་པའི་སྣོད་བཅུད་ཞིང་ལས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞེས་བཤད། ཁོང་གིས་བསམ་པ་དེ་གསོན་ཉམས་ལྡན་པའི་སྒོ་ནས་བཤད་ན“ཕན་ནུས་ཆེ་ལ་ཞིབ་ཚགས་པའི་ཁྱིམ་ཚང་གི་ཞིང་ར”ཞིག་རེད།


     ཁོའི་ཆུང་མ་དང་བུ། ད་དུང་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་ཕྱིར་ལོག་པའི་བུ་མོ་བཅས་ཀྱང་གཅིག་རྗེས་གཉིས་མཐུད་ངང་ལས་གཏོད་དཔུང་ཁག་ནང་ཞུགས་པ་རེད།

     སྔོ་ལྗང་ལྗོན་ཤིང་གི་གྲིབ་བསིལ་འོག་ཏུ་བསྐྱོད་པ་ན། རི་ཁྲོད་དུ་འདམ་གྱི་དྲི་ཞིམ་འཐུལ་ལ་བྱ་སྐད་དང་ཁྱི་སྐད་སོགས་ཀྱི་སྒྲ་རྣ་ལམ་དུ་རྒྱུན་མི་ཆད། བཀྲ་ཤིས་དབང་འདུས་འགྲོ་ཞོར་དུ“ང་ནི་ཞིང་པ་ཞིག་ཡིན། ཤིང་སྡོང་འཛུགས་རྒྱུ་དང་ལོ་ཏོག་འདེབས་རྒྱུར་དགའ་པོ་ཡོད”ཅེས་བརྗོད།

http://tibet.people.com.cn/15825966.html

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1