ཞི་ཅིན་ཕིང་གིས་ཚད་རྡུལ་ཚན་རྩལ་གོང་འཕེལ་ཐད་ཀྱི་མཉམ་སྡེབ་སློབ་སྦྱོང་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-19



        འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་སྤྱི་ཟླ་10པའི་ཚེས་16ཉིན་གྱི་ཕྱི་དྲོ། ཚད་རྡུལ་ཚན་རྩལ་ཞིབ་འཇུག་དང་བཀོལ་སྤྱོད་མདུན་ལྗོངས་ཐད་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་བཞི་པ་བྱས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། དེང་གི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཚན་རྩལ་གསར་གཏོད་ནི་དེའི་ནང་གི་འགག་རྩའི་འགྱུར་གནས་ཤིག་ཡིན། ང་ཚོས་ཉམས་ཉེན་གྱི་ཁྲོད་ནས་གོ་སྐབས་སྔོན་ལ་འཛིན་ཐུབ་པ་དང་། འགྱུར་ལྡོག་གི་ཁྲོད་ནས་རྣམ་པ་གསར་པ་གཏོད་པ་བརྒྱུད། ཚན་རྩལ་གསར་གཏོད་ལ་ངེས་པར་དུ་གྲུབ་འབྲས་གསར་པ་ཐོབ་པ་བྱེད་དགོས། ཚད་རྡུལ་ཚན་རྩལ་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཚད་རྡུལ་ཚན་རྩལ་གོང་འཕེལ་གཏོང་བའི་འཐབ་ཇུས་ཇུས་འགོད་དང་མ་ལག་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་སྟེ། འཕེལ་ཕྱོགས་ཆེན་པོ་དམ་འཛིན་གྱིས་འགོ་ཡག་པོ་ཞིག་འཛུགས་དགོས་ཞེས་ནན་སྟོན་གནང་ཡོད།
        ཆིང་ཧྭ་སློབ་ཆེན་གྱི་སློབ་གཙོ་གཞོན་པ། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཞུའེ་ཆི་ཁུན་གྱིས་གནད་དོན་དེའི་ཐད་ཞིབ་ཕྲའི་གསལ་འགྲེལ་གནང་བ་མ་ཟད། བསམ་འཆར་དང་གྲོས་འགོ་ཡང་བཏོན་ཡོད།
        ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཡོད། ཁོང་གིས། ཉེ་བའི་ལོ་ཤས་རིང་། ཚད་རྡུལ་ཚན་རྩལ་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་ནས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་མདུན་གྲལ་ཁྱབ་ཁོངས་སུ་གྱུར་ཡོད། ཚད་རྡུལ་ཚན་རྩལ་འཕེལ་རྒྱས་མགྱོགས་སུ་ཕྱིན་པ་དེས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་པའི་ཐད་ནུས་པ་ཧ་ཅང་ཆེན་པོ་ཐོན་གྱི་ཡོད། ཐེངས་འདིའི་མཉམ་སྡེབ་སློབ་སྦྱོང་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི། འཛམ་གླིང་གི་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ཀྱི་གནས་བབ་ལ་རྒྱུས་ལོན་བྱ་རྒྱུ་དང་། རང་རྒྱལ་གྱི་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་པ་བརྒྱུད། རང་རྒྱལ་གྱི་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་སྔར་བས་ལེགས་པ་གཏོང་ཆེད་ཡིན་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། ཚད་རྡུལ་ཤུགས་རིག་ནི་མིའི་རིགས་ཀྱིས་ཕྲ་མཐོང་འཛམ་གླིང་འཚོལ་ཞིབ་བྱེད་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། ཚད་རྡུལ་ཚན་རྩལ་འཕེལ་རྒྱས་གཏོང་བར་ཚན་རིག་གི་དོན་སྙིང་དང་འཐབ་ཇུས་ཀྱི་རིན་ཐང་གལ་ཆེན་ལྡན་ཞིང་། སྲོལ་རྒྱུན་གྱི་ལག་རྩལ་མ་ལག་ལ་འགྲན་རྩོད་དང་བསྐྱར་སྒྲིག་བྱེད་པའི་རྩ་སློག་རང་བཞིན་གྱི་ལག་རྩལ་གསར་གཏོད་གལ་ཆེན་ཞིག་ཡིན་པས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་ཁ་ཕྱོགས་ལ་སྣེ་ཁྲིད་བྱ་རྒྱུ་རེད། རང་རྒྱལ་གྱི་ཚན་རྩལ་ལས་དོན་པས་ཚད་རྡུལ་ཚན་རྩལ་ཐད་རྗེས་སྙེགས་ཧུར་ཐག་གནང་བས། རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ནུས་ལྡན་པའི་གསར་གཏོད་གྲུབ་འབྲས་གལ་ཆེན་ཁག་ཅིག་ཐོབ་ཡོད། སྤྱི་ཡོངས་ནས་བལྟས་ཚེ། རང་རྒྱལ་ལ་ཚད་རྡུལ་ཚན་རྩལ་ཁྱབ་ཁོངས་ཀྱི་ཚན་རྩལ་དངོས་ཤུགས་དང་གསར་གཏོད་ནུས་པ་འཛོམས་ཡོད། འོན་ཀྱང་། དེ་དང་ཆབས་ཅིག རང་རྒྱལ་གྱི་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ཐད་ཞན་ཆ་མི་ཉུང་བ་ཞིག་ཡོད་པ་དང་འཕེལ་རྒྱས་ཐད་འགྲན་སློང་མང་པོ་འཕྲད་བཞིན་པ་ཡང་མཐོང་ཐུབ་པ་དགོས། ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་རང་བརྟེན་གསར་གཏོད་ཀྱི་བགྲོད་ལམ་ཐོག་སྐྱོད་དགོས་པ་དང་། ཡིད་ཆེས་བརྟན་པོ་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ། འགག་རྩའི་ལྟེ་བའི་ལག་རྩལ་འགག་གཏོར་བཅས་བྱས་ཏེ། འགག་རྩའི་ཁྱབ་ཁོངས་སུ་རང་བརྟེན་ཚོད་འཛིན་ཐུབ་པ་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་བདེ་འཇགས་ལ་འགན་ལེན་ཐུབ་པ་བྱས་ནས། རང་རྒྱལ་གྱི་ཚན་རྩལ་གྱིས་རྒྱལ་སྤྱིའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། རང་རྒྱལ་གྱི་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ཀྱི་ལེགས་འགྲུབ་ལྡན་པའི་ཉམས་མྱོང་ལ་ཕྱོགས་བསྡོམས་ཆ་ཚང་ཞིག་བྱེད་པ་དང་། ཕྱི་རྒྱལ་གྱི་དགེ་མཚན་ལྡན་པའི་བྱེད་ཐབས་དཔྱད་གཞིར་འཛིན་པ། ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་དབྱེ་ཞིབ་གཏིང་ཟབ་བྱེད་པ། རང་རྒྱལ་གྱི་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་གཏོང་བའི་འཇུག་སྒོ་དང་འགག་གཏོར་བྱེད་ས་འཚོལ་ཞིབ་གནད་འཕིགས་བྱེད་པ། རྨང་གཞིའི་ཞིབ་འཇུག་དང་། མདུན་གྲལ་ལག་རྩལ། ལས་གྲྭའི་ལག་རྩལ་བཅས་ཞིབ་འཇུག་གསར་སྤེལ་བྱ་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ། ཚད་རྡུལ་འཕྲིན་གཏོང་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གསོ་སྤེལ་བཅས་བྱས་ནས། ཚད་རྡུལ་ཚན་རྩལ་གྱི་རྒྱལ་སྤྱིའི་འགྲན་རྩོད་ཀྱི་མཐོ་ས་བརྩོན་ལེན་དང་། འཕེལ་རྒྱས་ཀྱི་བཟང་ཆ་གསར་པ་བསྐྲུན་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། རྩེ་རིམ་ཇུས་འགོད་དང་མིག་རྒྱང་རིང་བའི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། འཐབ་ཇུས་ཀྱི་ཞིབ་འཇུག་དང་བརྡར་གཅོད་ལ་ཤུགས་སྣོན་རྒྱག་པ་དང་། གསར་གཏོད་ཀྱི་བློ་སྤོབས་རྒྱུན་འཁྱོངས་བྱེད་པ། དཀའ་གནད་ཁྱད་བསད་བྱེད་ཕོད་པ་བཅས་བྱས་ཐོག དུས་འཁོར་རིང་བའི་རྣམ་གྲངས་གལ་ཆེན་སྒྲིག་འཛུགས་དང་ལག་བསྟར་བྱེད་པའི་ཁྲོད་རྩེ་རིམ་ཇུས་འགོད་དང་མིག་རྒྱང་རིང་བའི་བཀོད་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རིག་གཞུང་ཚན་ཁག་མང་པོ་སྣོལ་འདྲེས་དང་ལག་རྩལ་མང་པོའི་ཁྱབ་ཁོངས་ཀྱི་འདུས་གྲུབ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས། རང་རྒྱལ་གྱི་ཚད་རྡུལ་ཚན་རྩལ་གོང་འཕེལ་གཏོང་བར་མ་ལག་ཅན་གྱི་ནུས་པ་ལྡན་པ་བྱེད་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། སྲིད་ཇུས་རྒྱབ་སྐྱོར་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱི་ཁོར་ཡུག་བཟང་པོ་གང་མགྱོགས་བསྐྲུན་ནས། སྔར་བས་ནུས་ལྡན་གྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཡོད་པ་བྱེད་དགོས། ཚད་རྡུལ་ཚན་རྩལ་ཁྱབ་ཁོངས་སུ་མ་འཇོག་བྱ་རྒྱུར་འགན་ལེན་བྱེད་པ་དང་ཆབས་གཅིག ས་གནས་དང་། ཁེ་ལས། སྤྱི་ཚོགས་བཅས་ཀྱིས་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་ཁྲིད་བྱ་དགོས། ཚན་རིག་ཞིབ་འཇུག་ལས་ཁུངས་དང་མཐོ་རིམ་སློབ་གྲྭས་ཚད་རྡུལ་ཚན་རྩལ་གྱི་རྨང་གཞིའི་ཞིབ་འཇུག་ལ་མ་འཇོག་བྱེད་ཚད་མང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་གཅིག་གྱུར་འཆར་འགོད་ཀྱིས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རིག་ཞིབ་འཇུག་དོ་དམ་དང་སྒྲིག་འཛུགས་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། རྨང་གཞིའི་ཞིབ་འཇུག་གི་འགག་གཏོར་དང་འགག་རྩའི་ལྟེ་བའི་ལག་རྩལ་འགག་གཏོར་བྱེད་མགྱོགས་སུ་གཏོང་དགོས། ཚད་རྡུལ་ཚན་རྩལ་འཕེལ་རྒྱས་གཏོང་རྒྱུ་དེ་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ཐད་འགག་གཏོར་བྱ་རྒྱུར་རག་ལས་ཡོད་པ་དང་། རྩ་སློག་རང་བཞིན་གྱི་ལག་རྩལ་གྲུབ་པ་ནི་གྲབས་གཉེར་ཚགས་ཚུད་དང་གཏོང་སྤེལ་གནད་འཕིགས་བྱེད་པའི་བརྒྱུད་རིམ་ཞིག་ཡིན། ཚད་རྡུལ་ཚན་རྩལ་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་དང་། རྟེན་གཞི། རྣམ་གྲངས་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ནས། རྒྱུ་རྐྱེན་གཙོ་བོ་ཚང་མ་གཞི་གཅིག་ཅན་གྱི་བཀོད་སྒྲིག་ཐུབ་པ་བྱེད་པ་དང་། ཚད་རྡུལ་ཚན་རྩལ་གྱི་རྣམ་གྲངས་གལ་ཆེན་ལག་བསྟར་བྱེད་པར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཀའ་ངལ་དང་ཉེན་ཁར་མི་འཛེམས་པར། ཚན་རིག་གི་ཡང་རྩེར་འཛེགས་ཕོད་པ་བྱས་ཏེ། ཚད་རྡུལ་ཚན་རྩལ་ཁྱབ་ཁོངས་སུ་སླར་ཡང་ཆུ་ཚད་མཐོ་བའི་གསར་གཏོད་ཀྱི་གྲུབ་འབྲས་ཁག་གཅིག་ཐོབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་དང་སྐྱེད་སྲིང་བྱེད་དགོས། གསར་གཏོད་གསར་སྐྲུན་གལ་ཆེན་དང་རྩ་སློག་རང་བཞིན་གྱི་ལག་རྩལ་གསར་གཏོད་བྱེད་པའི་འགག་རྩ་དེ་ཤེས་ལྡན་མི་སྣར་ཐུག་ཡོད། ཚད་རྡུལ་ཚན་རྩལ་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚད་རྡུལ་ཚན་རྩལ་ཁྱབ་ཁོངས་ནང་མཐོ་རིམ་རྩེར་སོན་གྱི་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་གང་མགྱོགས་བྱ་དགོས་པ། ཚད་རྡུལ་ཚན་རྩལ་འཕེལ་རྒྱས་གཏོང་བར་འཚམ་པའི་ཆེད་དམིགས་གསོ་སྐྱོང་འཆར་གཞི་བཟོས་པ་བརྒྱུད། མ་ལག་ཅན་དང་རིམ་པ་མཐོ་བའི་ཚད་རྡུལ་ཚན་རྩལ་ཐད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སྟེགས་བུ་བསྐྲུན་དགོས། ཚད་རྡུལ་ཚན་རྩལ་གྱི་མདུན་གྲལ་ཁ་ཕྱོགས་ལ་གཞིགས་ནས། འབྲེལ་ཡོད་རིག་གཞུང་ཚན་ཁག་དང་སློབ་ཚན་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། འཛམ་གླིང་ཚན་རྩལ་གྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་ཐུབ་པ་དང་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་མཁས་པའི་འཛམ་གླིང་རིམ་པའི་ཚན་རིག་མཁས་པ་དང་སྣེ་ཁྲིད་ཤེས་ལྡན་མི་སྣ་ཁག་གཅིག་སྐྱེད་སྲིང་བྱེད་པ། གསར་གཏོད་ཀྱི་བསམ་བློ་ལྡན་པ་དང་གཞན་གྱིས་ཚོད་ལྟ་བྱེད་མ་ཕོད་པའི་ཁྱབ་ཁོངས་སུ་ཚོད་ལྟ་བྱེད་ཕོད་པའི་ན་གཞོན་འཇོན་ཐང་ཅན་དང་ཤེས་ལྡན་མི་སྣ་རྩེ་གྲ་ཁག་གཅིག་འཚོལ་རྙེད་ཐུབ་པ་བྱེད་དགོས། ཡིད་རྟོན་སྔོན་འགྲོར་བྱེད་པའི་ཚན་རིག་མཁས་པ་རྩེ་གྲས་འགན་འཁུར་བའི་ལམ་ལུགས་འཛུགས་པ་དང་། ཁོང་ཚོར་མི་རྒྱུ་དངོས་གསུམ་གྱི་རང་བདག་དབང་ཆ་དང་ལག་རྩལ་ལམ་ཕྱོགས་ཀྱི་ཐག་གཅོད་དབང་ཆ་གང་ལེགས་སྤྲོད་དགོས་པ། ཕུལ་དུ་བྱུང་བའི་གཞོན་སྐྱེས་ཤེས་ལྡན་མི་སྣས་འགན་འཁྲི་ལྗིད་པོ་འཁུར་རྒྱུར་བསྔགས་སྐུལ་བྱེད་དགོས། ཤེས་ལྡན་མི་སྣར་གདེང་འཇོག་བྱེད་པའི་བཀོད་འདོམས་དབྱུག་པ་འདི་བེད་སྤྱོད་གང་ལེགས་བྱེད་པ་དང་། ཚན་རྩལ་མི་སྣའི་ལས་ཕྱོད་དཔྱད་དཔོག་འདེང་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ཚན་ཞིབ་མི་སྣའི་གསར་གཏོད་རང་བཞིན་གྱི་ལས་དོན་དེ་ལུགས་མཐུན་མིན་པའི་འགྲོ་གྲོན་དོ་དམ་དང་ཤེས་ལྡན་མི་སྣར་གདེང་འཇོག་བྱེད་པ་སོགས་ཀྱི་སྒྲིག་སྲོལ་ལས་འགག་སྒྲོལ་ཐུབ་པ་བྱས་ཏེ། ཚན་རྩལ་ཤེས་ལྡན་མི་སྣས་གསར་གཏོད་ལ་གཞོལ་རྒྱུར་སྐུལ་སློང་ཐུབ་པའི་ཁོར་ཡུག་བསྐྲུན་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། ཐོན་སློབ་ཞིབ་གསུམ་གྱི་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ཚད་རྡུལ་ཚན་རྩལ་གྱི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་གྲུབ་འབྲས་དེ་དངོས་སྤྱོད་ཅན་དང་ལས་གྲྭ་ཅན་དུ་འགྱུར་བའི་མྱུར་ཚད་དང་ལས་ཕྱོད་མཐོ་རུ་གཏོང་བ་དང་། ཁེ་ལས་ཀྱིས་ཚད་རྡུལ་ཚན་རྩལ་འཕེལ་རྒྱས་ནང་ཞུགས་རྒྱུར་བསྡུ་ལེན་ཧུར་ཐག་བྱེད་པ། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་སྔར་ལས་མང་བས་ཚད་རྡུལ་ཚན་རྩལ་གྱི་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་གསར་སྤེལ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་དང་མཉམ་སྒྲུབ་གསར་གཏོད་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཚད་རྡུལ་ཚན་རྩལ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཚད་རྡུལ་ཚན་རྩལ་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཀྱི་རིམ་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཚན་རྩལ་གསར་གཏོད་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཤེས་བྱ་གསར་པ་སློབ་སྦྱོང་དང་། འགུལ་རྣམ་གསར་པ་ཁོང་དུ་ཆུད་པ། ཚན་རྩལ་གྱི་ལས་འགན་གལ་ཆེན་བཀོད་སྒྲིག་དང་འཆར་འགོད་ལེགས་པོ་བྱེད་པ། ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་ཆ་སྦྱོར་བྱ་རྒྱུ་ལེགས་སུ་གཏོང་བ། བྱེད་ཐབས་ནུས་ལྡན་སྤྱད་དེ་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཐད་ཀྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱེད་དགོས། སྤྱི་ཁོག་ཁྲིད་སྟོན་དང་། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར། ཞབས་ཞུ་འགན་སྲུང་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ཕྱོགས་ཁག་གི་ཧུར་སེམས་དང་། རང་འགུལ་བསམ་པ། གསར་གཏོད་བྱེད་སེམས་བཅས་སྐུལ་སློང་གང་ལེགས་བྱས་ཐོག ཚན་རྩལ་གྱི་ལས་འགན་གལ་ཆེན་ལེགས་སྒྲུབ་ཐུབ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས། ཚན་རྩལ་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ཀྱི་མཐོ་ས་བརྩོན་ལེན་དང་། འཕེལ་རྒྱས་ཀྱི་བཟང་ཆ་གསར་པ་གཏོད་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱ་དགོས་ཞེས་བསྟན་གནང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1