ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 10-20



        རྒྱལ་ཁབ་དབུལ་སྐྱོར་ཉིན་མོ་ཐེངས་བདུན་པ་འཆར་ལ་ཉེ་བའི་སྐབས་དེར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་ལེན་པའི་ལོ་ཞིག་རེད། ཏོག་གསར་གློ་ཚད་རིམས་ནད་དང་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་གྱི་ཚོད་བགམ་མདུན་དུ། ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་དུས་བཀག་ལྟར་ལེགས་སྒྲུབ་བྱེད་པའི་ཆོད་སེམས་ལ་གཡོ་འགུལ་མི་གཏོང་བ་དང་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་སེམས་མཐུན་སྟོབས་སྒྲིལ་དང་དམ་པ་དོན་གཉེར་བྱེད་པ་དང་། དབུལ་པོའི་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞུམ་མེད་འབད་འཐབ་དང་འགག་སྒྲོལ་དཀའ་སེལ་བྱས་པས་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ད་ལྟ་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་དུས་མཚམས་སུ་སླེབས་ཡོད་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་འགག་སྒྲོལ་གྱི་རྣམ་པ་རྒྱུན་འཁྱོངས་དང་མགོ་ཡོད་མཇུག་ཡོད་དང་བྱེད་མཁས་ལ་རྗེས་ཐོན་པ་བྱས་ནས་རྒྱལ་ཁ་ཡོངས་སུ་མ་ཐོབ་ཚེ་ལས་མཚམས་གཏན་ནས་འཇོག་མི་རུང་ཞེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་མུ་མཐུད་སྐུལ་འདེད་བཏང་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་བྱས་ཐོག་ཐབས་མང་མཉམ་སྤྱོད་ཀྱིས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། དབུལ་པོའི་ས་ཁུལ་གྱི་དབུལ་པོའི་མི་འབོར་གྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ཏེ། ངལ་རྩོལ་གྱི་འཇོན་ཐང་ལྡན་པའི་ཡོང་འབབ་དམའ་བའི་མི་ལ་ལས་བརྩོན་ཕྱུག་འགྱུར་བྱེད་པར་སྐུལ་མ་བཏང་ནས་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་དམིགས་ཚད་རིམ་བཞིན་མངོན་འགྱུར་བྱེད་པའི་ཕྱོགས་སུ་མུ་མཐུད་མདུན་སྐྱོད་བྱེད་དགོས་ཞེས་བསྟན་གནང་བ་རེད།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་སྤྱི་ཡོངས་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་པ།
        མིང་སྦྱར་དམག་འཐབ་ལ་ལྟ་སྐུལ་བྱས་ནས་ཤིན་ཏུ་དབུལ་བའི་མཁར་རྫོང་གཏོར་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། ངལ་རྩོལ་ནུས་ཤུགས་དབུལ་པོའི་ལས་གནས་བརྟན་པོ་དང་ལས་ཞུགས་ཡག་པོ་ཐུབ་པ་བྱེད་པ། དབུལ་པོ་རང་ལོག་དང་དབུལ་པོར་འགྱུར་ཉེན་ཡོད་པའི་མི་འབོར་ལ་དམིགས་སའི་རང་བཞིན་གྱི་རོགས་སྐྱོར་བྱ་རྒྱུར་སྔ་སྣུར་དུ་ཤུགས་སྣོན་བརྒྱབ་ནས། སྤུས་ཚད་མཐོ་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པ་བཅས་རེད། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་སྦྲེལ་མཐུད་ཡག་པོ་བྱས་ཏེ། དབུལ་ཞྭ་ཕུད་པའི་ས་ཁུལ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་ཧུར་ཐག་བཏང་བ་བརྒྱུད། མི་དམངས་མང་ཚོགས་ཀྱི་བདེ་རྩ་ཆེ་རུ་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བསྟན་གནང་བརེད།
        རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཟེངས་བསྟོད་ཚོགས་ཆེན་དང་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་འདུ་ཚེས་17ཉིན་གྱི་སྔ་དྲོ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་སྤོབས་པ་ཆེན་པོས་འགག་སྒྲོལ་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་ཏེ། ངལ་རྩོལ་ནུས་ཤུགས་དབུལ་པོའི་ལས་གནས་བརྟན་པོ་དང་ལས་ཞུགས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་དབུལ་སྐྱོར་ཐོན་རྫས་ཕྱིར་ཚོང་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་བརྟེན་ནས་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་དབུལ་པོ་རང་ལོག་དང་དབུལ་པོ་ཆགས་རྒྱུ་བཀག་འགོག་གིས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། དབུལ་པོ་རང་ལོག་མི་ཐེབས་པའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་པ། འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་བར་བརྒལ་དུས་སྐབས་ནང་གི་སྲིད་ཇུས་ཁག་བརྟན་པོའི་ངང་བར་བརྒལ་ཐུབ་པའི་འགན་ལེན་བྱས་ནས་དབུལ་སྒྲོལ་དང་དབུལ་ཞྭ་ཕུད་པའི་ས་ཁུལ་གྱི་གྲོང་གསེབ་དར་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་དང་། བྱ་དགའ་ཐོབ་མཁན་གྱིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་། འགན་འཁྲི་འཁུར་ཕོད་པ། མིག་དཔེ་བཟང་པོ་འདོན་པ། སླར་ཡང་བྱས་རྗེས་གསར་པ་འཇོག་པ་བཅས་བྱ་རྒྱུའི་ཐུགས་རེ་གནང་བ་རེད།
        ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་དགའ་ཐོབ་མཁན་ལ་གཟེངས་བསྟོད་བྱས་པ་དང་། ནང་སོག་རང་སྐྱོང་ལྗོངས་ཤིང་ཨན་མོང་ཐུའུ་ཆོན་རྫོང་དང་། ཨན་ཧུའེ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་སི་རྫོང་། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ལིའུ་ཀྲོའུ་གྲོང་ཁྱེར་རུང་ཧྲུའེ་མེའོ་རིགས་རང་སྐྱོང་རྫོང་ཨན་ཁྲུའེ་ཤང་ཅང་མོན་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཉིང་དང་། ཧོ་ནན་ཞིང་ཆེན་ཀྲོའུ་ཁོའུ་གྲོང་ཁྱེར་ཐའེ་ཁང་རྫོང་མཱ་ཁྲང་གྲོང་རྡལ་ཆན་ཧོ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཧན་ཡུས་ནན། ཅང་ཤིས་ཞིང་ཆེན་དབྱི་ཁྲུན་གྲོང་ཁྱེར་ཕུང་ཤིན་རྫོང་ཙའོ་ཞ་གྲོང་རྡལ་པའེ་དབྱང་སློབ་ཁྲིད་ས་ཚིགས་ཀྱི་དགེ་རྒན་ཀྲི་གཡོད་དབྱིང་། བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གསོ་རིག་ལྟེ་གནས་ལྔ་པའི་དེ་སྔའི་མཆིན་མཁྲིས་ཕྱི་བཅོས་ཁོའོ་ཡི་ལྟེ་གནས་གཉིས་པའི་སྤོ་འཛུགས་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཀྲུའུ་ཀྲེན་ཡུས་སོགས་བྱ་དགའ་ཐོབ་པའི་སྔོན་ཐོན་ཚན་པ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིས་བྱས་རྗེས་སྙན་ཞུ་ཕུལ་བ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1