གཙོ་ངོས།>> དེང་རབས་མི་སྣ།>>གསར་འགྱུར་དཔེ་སྐྲུན།

ཨོ་རྒྱན་དོན་གྲུབ་ཀྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༠ཚེས་༢༠ཉིན།

༄༅།།ཚངས་པོ།




ཤར་བཞག་བྲའི་མདུན་ཞོལ་ནས་ཆས་པའི་རིགས་ཀྱི་བུ།
བོད་རིག་པའི་ཆེད་མཁས་པ་སྐུ་ཞབས་ཚངས་པོ་ལགས་ཀྱི་མཛད་འཕྲིན་ཉུང་བསྡུས་སུ་བརྗོད་པ།
ཆེད་བསྐོས་གསར་འགོད་པ་ཨོ་རྒྱན་དོན་གྲུབ་ཀྱིས་བྲིས།
བོད་རིག་པའི་ཆེད་མཁས་པ་སྐུ་ཞབས་ཚངས་པོ་ལགས།

རིགས་ཀྱི་ཁྱེའུ་མི་ཉག་ཞིང་ནས་སྐྱེས། །
དབྱངས་གསལ་སྦྱོར་ཀློག་ཨ་ནེའི་དྲུང་ནས་ཞུས། །
ཨ་ནེས་ཐུགས་ཀྱིས་བསྐྱངས་བའི་སྐུ་དྲིན་གྱིས། །
མི་ཚེ་རིག་པར་སྙེགས་པའི་གོ་སྐབས་ཐོབ། །
        དེ་ཡང་བོད་ཀྱི་དཔེ་སྐྲུན་ལས་རིགས་དང་བོད་རིག་པའི་ཆེད་མཁས་པ་སྐུ་ཞབས་ཚངས་པོ་ལགས་ནི་བོད་ཁམས་སྒང་དྲུག་གི་ནང་ཚན་ཤར་མི་ཉག་ར་བ་སྒང་གི་ས་ཡི་མཐིལ། ཤར་སྟོད་བཞག་བྲ་ལྷ་རྩེ་ཞེས་སྲིད་པའི་གངས་རྒན་མཁའ་ལ་འགྱིང་བའི་མདུན་ཞོལ། སྟོན་པ་ཐུབ་པའི་དབང་པོའི་ཞལ་གྱི་རྟེན་གཙོ་ཇོ་བོ་མི་འགྲོ་གསུང་འབྱོན་བཞུགས་སུ་གསོལ་བའི་གནས་མཆོག་དཔལ་ལྷ་སྒང་དགོན་གྱི་ཉེ་འདབས། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་ལྷ་སྡེར་གཏོགས་པའི་གོ་རོ་མ་ཞེས་པའི་འབྲོག་སྡེ་དེ་རུ་བོད་རབ་བྱུང་དྲུག་པའི་མེ་རྟ་ལོ་སྟེ་སྤྱི་ལོ་1966ལོ་སྐྱེས། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་སྐུའི་ཚ་མོ། ཆོས་དང་རིག་གནས་སྤྱི་དང་། ཁྱད་པར་དུ་གསོ་རིག་སྨན་གྱི་འགྲོ་དོན་གྱིས་ཉམ་ཐག་ནད་པའི་མགོན་དང་དཔུང་གི་ཚུལ་དུ་བྱོན་པའི་བྱང་ཆུབ་སེམས་མ་དངོས་སུ་གྲགས་པའི་མདོ་ཟླ་གསལ་དབང་མོ་མཆོག་ནི་ཁོང་གི་ཨ་ནེ་ཡིན་ལ། ཨ་ནེ་མཆོག་གིས་ཐུགས་བརྩེ་བ་དྲོན་མོས་ཀུན་ནས་བསྐྱངས་ཤིང་། དབྱངས་གསལ་སྦྱོར་ཀློག་ནས་མགོ་བརྩམས་ཏེ་སྙིང་ཐིག་ཆོས་སྤྱོད་སོགས་ལེགས་པར་བསླབ་པར་མ་ཟད། ལྷག་པར་དུ་ཨ་ནེ་མཆོག་གི་སྐུ་མདུན་ནས་བོད་ཀྱི་གསོ་བ་རིག་པའི་རྩ་མདོ་ཆུ་མདོ་དང་། རྩ་རྒྱུད། བཤད་རྒྱུ། ཕྱི་མ་རྒྱུད། ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་། སྤྱོད་འཇུག་སོགས་ཀྱི་བཀའ་ལུང་དབང་གསུམ་ཐོབ་ཅིང་། སྐྱེས་མཆོག་མ་ཁོང་གི་སྐུ་དྲིན་དང་ཐུགས་རྗེ་ཉག་གཅིག་ལས་རིག་པའི་ཁྱེའུ་འདི་ཉིད་ལ་རིག་པའི་ས་བོན་བཟང་པོ་སེམས་རྒྱུད་དུ་སྨིན་ཏེ། མི་ཚེའི་གོམ་སྟབས་ཐོག་མ་རིག་པའི་ལམ་ལ་སྤོ་རྒྱུའི་མཐུན་རྐྱེན་བཟང་པོ་ཡོངས་སུ་བསྐྲུན། རིགས་ཀྱི་བུ་ཆུང་འདི་ཉིད་ཀྱང་སྐྱེས་ཐོབ་རིག་པའི་དཔལ་མངའ་ཞིང་སྦྱངས་སྟོབས་བརྩོན་པའི་དཔུང་བརྟན་པ་དང་ཤེས་རབ་ཉི་མའི་འོད་ཀྱིས་ཡིད་སེམས་ལ་དྲོད་ཁོལ་འཛོམས་པས་མ་འོངས་མི་ཚེའི་བགྲོད་ལམ་རིང་མོར་རིག་པའི་དཔལ་དང་འགྲོག་རྒྱུའི་ཆོད་སེམས་བརྟན་པོ་ཀུན་ནས་ཐོབ། སྐབས་དེ་ཤེད་ཅིག་ནས་རང་སྡེ་གོ་རོ་མའི་སྡེ་བའི་སློབ་ཆུང་དུ་ཞུགས་ནས་སྐད་ཡིག་དང་གྲངས་རིག་སོགས་ལ་སྦྱང་བ་བྱེད་རྒྱུའི་གོ་སྐབས་བཟང་པོ་ཡང་ཐོབ།
གཟན་དཀར་ཐུབ་བསྟན་ཉི་མ་དང་མཉམ་དུ་བསྐྱོན་པའི་པར།

        བསྟན་པ་ཡང་དར་གྱི་བསྐལ་བཟང་ཤར་བ་དང་མཉམ་དུ། རྔ་བ་ཁུལ་དྲིལ་བསྒྲགས་པུའུ་ཡི་དབུ་ཁྲིད་བསོད་ནམས་དར་རྒྱས་ལགས་ཀྱིས་གཙོ་འགན་བཞེས་ནས་རྔ་བ་དང་དཀར་མཛེས་སོགས་ནས་ཕེབས་པའི་མཁས་དབང་མང་པོ་མཉམ་དུ་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་སྒོ་འབྱེད་དང་པར་ཁང་ཆོས་མཛོད་ཆེན་མོའི་ནང་བཀའ་བསྟན་དང་གསུང་འབུམ་གྱི་པར་ཤིང་(པར་ལེབ་ཁྲི་ཉི་ཤུ་རྩ་གཉིས་ལྷག)ལེགས་སྒྲིག་དང་། ཐོ་འགོད། སྡེབ་རྩིས་ཞུ་དག་གི་མཛད་པ་གཉེར་བཞིན་པའི་སྐབས་སུ། སྤྱི་ལོ་1979ལོར་ཨ་ནེ་མདོ་ཟླ་གསལ་དབང་མོ་མཆོག་གི་ཞབས་འབྲང་དུ་སྡེ་དགེར་སོང་ནས་སྡེ་དགེ་པར་ཁང་དུ་བཞུགས་ཚད་ཀྱི་བཀའ་བསྟན་དང་གསུང་འབུམ་གྱི་པར་ཤིང་(པར་ལེབ་ཁྲི་ཉི་ཤུ་རྩ་གཉིས་ལྷག)ལེགས་སྒྲིག་དང་ཐོ་འགོད། སྡེབ་རྩིས་ཞུ་དག་གི་བྱ་བར་ཞུགས་ཤིང་། བྱ་བའི་གོ་རིམ་ཁྲོད་དུ་སྐབས་དེར་སྡེ་དགེའི་པར་ཁང་དུ་བཞུགས་ཚད་ཀྱི་བཀའ་བསྟན་དང་གསུང་འབུམ་ནས་གསུང་ཐོར་བུ་ལྡེབ་ཤར་གཅིག་ཅན་ཚུན་ཆད་ཀྱི་པར་ཤིང་གང་དུ་བཞུགས་པ་སེམས་ལ་དཀར་ཆག་བཀོད་པ་ལྟར་གསལ་བས་སྐབས་དེའི་པར་དཔོན་བཀྲ་ཤིས་རྡོ་རྗེ་སོགས་བོད་ཀྱི་སྐྱེས་ཆེན་གང་མང་གིས་ཁོང་གི་སྐྱེས་ཐོབ་ཀྱི་ཤེས་རབ་དང་རྣམ་དཔྱོད་ཀྱི་བློ་གྲོས་ལ་ཧ་ལས་པའི་ཚད་དུ་ཐོན་ཅིང་རྗེས་སོར་སྡེ་དགེའི་པར་ཁང་དུ་ལས་ཞུགས་བྱ་རྒྱུའི་རེ་བ་བཏོན་པར་མ་ཟད། བུ་རེ་བ་ཅན་ལ་རེ་གཞག །གོས་རི་མོ་ཅན་ལ་རྒྱང་བལྟ་ཞེས་པ་ལྟར་བོད་ཀྱི་སྐྱེས་ཆེན་གང་མང་གིས་ཁོང་ཉིད་ནི་བོད་ཀྱི་གཞོན་སྐྱེས་དག་ལས་རེ་བ་བླ་ལྷག་ཏུ་བཅངས་སའི་ཡུལ་ཁྱད་པར་ཅན་དུ་གྱུར།
ཡངས་གླིང་རྡོ་རྗེ་དང་མཉམ་དུ་བསྐྱོན་པའི་པར།

        སྡེ་དགེར་བྱ་བ་སྒྲུབ་རིང་གསེར་ལས་དཀོན་པའི་དུས་ཚོད་དག་ཆུད་ཟོས་སུ་མ་བཏང་བར་སྔ་ཕྱིར་དབལ་ཤུལ་མཆོག་སྤྲུལ་རྡོ་རྗེ་དགྲ་འདུལ་མདུན་ནས་སུམ་རྟགས་དང་བྲིས་དཀར་ནག་བསླབ་པ་དང་། ནང་ཆེན་ལྷ་རྗེའི་མདུན་ནས་ཀོང་སྤྲུལ་ཟིན་ཏིག །མན་ངག་བཀའ་བརྒྱ་མ། སྨན་བསྡུས་ཨེ་ཝཾ་སོགས་ཀྱི་ཁྲིད་ལུང་དང་། དཔེ་ཝར་མཆོག་སྤྲུལ་འཆི་མེད་རྡོ་རྗེའི་མདུན་ནས་ཀུན་མཁྱེན་མི་ཕམ་པའི་གསུང་གང་མང་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གསུང་གང་མང་དང་། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་གསུང་འབུམ་ཆ་ཚང་སོགས་ཀྱི་ཁྲིད་དང་ལུང་ཐོབ། དུས་རབས་ཀྱི་མ་ཧཱ་པཎ་ཆེན་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་མདུན་ནས་ཁྲིད་ཡིག་ཀུན་བཟང་བླ་མ། སུམ་རྟགས། བྲིས་བཅས་ཀྱི་ཁྲིད་རྒྱུན་ཐོབ་པ་དང་། རྗེས་སོར་དཀར་མཛེས་གསར་འགྱུར་ཁང་སོགས་ནས་སྨན་ཡིག་དང་སློབ་དེབ་ཞུ་དག་གི་བྱ་བར་ཞུགས་ནས་དཔེ་སྒྲིག་ལས་ཀའི་རྨང་གཞི་དང་ཉམས་མྱོང་ཐོབ་པའོ། །
ཨ་ནེ་ཟླ་གསལ་དང་མཉམ་དུ་བསྐྱོན་པའི་པར།

རིག་པ་དོན་དུ་གཉེར་བའི་བུ་ཆུང་ཞིག །
གསུམ་ལྡན་དགེ་བའི་བཤེས་གཉེན་དྲུང་དུ་བཅར། །
བླ་མ་གཙུག་ཏུ་བཀུར་བའི་འབད་པ་ཡིས། །
རྒྱལ་ཁམས་རིག་པས་གཞལ་བའི་གཤོག་ཟུང་བསྩལ། །
        ཡང་དར་བསྟན་པའི་ཉིན་བྱེད་ཀྱིས་ཡངས་པའི་ས་ཆེན་པོའི་མུན་པ་ཡོངས་སུ་བསལ་བའི་བསྐལ་བ་རྫོགས་ལྡན་གྱི་དུས་བཟང་ཤར་བ་བསྟུན་ནས། བོད་ཀྱི་མི་རྗེ་བཀྲ་ཤིས་ཚེ་རིང་དང་མཆོག་སྤྲུལ་གཟན་དཀར་ཐུབ་བསྟན་ཉི་མ་སོགས་གངས་རིའི་བུ་རྒོད་དེ་དག་གི་ཐུགས་ཀྱི་དགོངས་པ་ལས་འཁྲུངས་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་གཙོས་བཅུ་ཕྲག་རིག་པའི་གནས་རྣམས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་སའི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ཞེས་པ་ཐོག་མར་དབུ་བརྙེས་སྐབས། ཁོང་ནི་སློབ་གྲྭ་དེའི་སྐབས་དང་པོའི་གྲས་ཀྱི་སློབ་མར་གྱུར། སྤྱི་ལོ་1981ལོ་ནས་སྤྱི་ལོ་1986ལོའི་བར་སྟེ་ཁྱོན་བགྲང་བྱ་ལྔ་ཡི་རིང་ལ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་དུས་རབས་ཀྱི་མ་ཧཱ་པཎ་ཆེན་དུ་གྲགས་པའི་གཟན་དཀར་ཐུབ་བསྟན་ཉི་མ་དང་། མཁན་ཆེན་པདྨ་ཚེ་དབང་། ར་སྐོར་ཐུབ་བསྟན་ནོར་བུ། སྐུ་ནུབ་འོད་ཟེར་རྡོ་རྗེ། མདོ་ཟླ་གསལ་དབང་མོ། དགེ་བཤེས་བློ་བཟང་དོན་གྲུབ། དེའུ་ཆུང་བློ་ཆོས། མཁན་པོ་དུང་མགོ། ཨ་བསེ་མཁན་པོ་ཆོས་གྲགས། སྨུག་སངས་སྤྲུལ་སྐུ། མཁན་པོ་བསོད་རིག །ཐུབ་དབང་། མཆོག་སྤྲུལ་སྐལ་བཟང་། རྡོར་ལོ། སྐལ་བཟང་ཆོས་འཕེལ། ཆོས་དགའ། ཁམས་ཧྭ། ཧའོ་ཤའོ་ཕིན་ནམ་བསོད་ནམས་རྒྱ་མཚོ་སོགས་དགེ་རྒན་མཁས་པའི་དབང་པོ་གྲུབ་པའི་ཁྱུ་མཆོག་སྐུ་དྲིན་ཅན་དེ་དག་གི་དྲུང་ནས་བོད་ཀྱི་བརྡ་སྤྲོད་སུམ་རྟགས་དག་གསུམ་དང་། སྙན་ངག །གསོ་རིག་རྒྱུད་བཞི། ཤེལ་གོང་ཕྲེང་། མངོན་པ་གོང་འོག །མི་ཕམ་མཁས་འཇུག །ཡིད་བཞིན་མཛོད། གྲུབ་མཐའ་མཛོད། ཚད་མ་རིགས་གཏེར། ཕར་ཕྱིན། དབུ་མ། བློ་རྟགས། རྩིས་དཀར་ནག །བོད་ཀྱི་ལོ་རྒྱུས། རྒྱའི་སྐད་ཡིག །ཆབ་སྲིད་སོགས་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས་ཤིང་། ཤེས་རབ་གྱི་དཔལ་མཐོ་ཞིང་བརྩོན་པའི་རྒྱུན་བཟང་བའི་སློབ་བུ་ཁོང་ནི་དགེ་སློབ་ཀུན་གྱིས་བསྟོད་པའི་མཐེ་བོང་སྒྲེང་སའི་ཡུལ་ཞིག་ཏུ་གྱུར། སློབ་སྦྱོང་གི་ཞོར་དུ་ཟུར་ཁྲིད་པའི་འགན་ཁུར་ནས་སློབ་གྲྭ་དེར་ཡོད་པའི་འཛིན་གྲྭ་གཞན་པ་ལ་སུམ་རྟགས་དང་སྙན་ངག་སོགས་ཀྱི་སློབ་ཁྲིད་དང་སྐྱོར་དཔོན་གྱི་འགན་ཁུར་ཞིང་། སྦྱངས་འབྲས་དང་ཀུན་སྤྱོད་བཟང་བས་ཐེངས་དུ་མར་སློབ་གྲྭ་ཡོངས་ལས“གསུམ་བཟང་སློབ་མ”དང་། “ཕུལ་བྱུང་ཟུར་ཁྲིད་པ”སོགས་ཀྱི་མཚན་སྙན་རབ་དང་རིམ་པ་ཐོབ་མྱངས།
མཆོག་སྤྲུལ་རྡོ་རྗེ་དགྲ་འདུལ་དང་མཉམ་དུ་བསྐྱོན་པའི་པར།

        སྤྱི་ལོ་1986ལོར་ཤེས་རིག་ནུ་ཞོ་མངར་མོ་ལོངས་སུ་སྤྱད་ནས་ནར་སོན་པའི་གཞོན་སྐྱེས་ཁོང་ནི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་ཐོན་བྱུང་ཞིང་། དགེ་རྒན་སྐུ་དྲིན་ཅན་དེ་དག་གི་དྲུང་ནས་བུམ་པ་གང་བྱོའི་ཚུལ་དུ་ཐོབ་པའི་ཐུན་མོང་དང་ཐུན་མིན་གྱི་རིག་པའི་གནས་རྣམས་ཀྱིས་རང་རྒྱུད་ཤེས་པའི་མཛོད་བཟང་བྱུར་བུར་བལྟམས་ཡོད་ལ། སྤྱོད་ཡོན་གཉིས་ལྡན་གྱི་གཞོན་སྐྱེས་རིག་པ་ཅན་ཁོང་ནི་སྐབས་དེའི་གོང་རིམ་དབུ་ཁྲིད་དང་དགེ་རྒན་སྐུ་དྲིན་ཅན་དག་གིས་གཟིགས་མཐོང་ཆེན་པོ་གནང་ཡུལ་དེ་ལགས་པས་པེ་ཅིང་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ལས་བགོས་བྱས། ཁོང་ཉིད་ལས་ཁུངས་དེར་ཞུགས་ཤིང་ལས་ཁུངས་དེ་གའི་ལོ་རྒྱུས་ཡིག་ཚགས་ཁང་ནས་བོད་ས་གནས་སྲིད་གཞུང་གི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་དང་དཀར་ཆག་འབྲི་བའི་བྱ་བར་ཞུགས་ཏེ། བོད་ས་གནས་སྲིད་གཞུང་གི་ལོ་རྒྱུས་ཡིག་ཚགས་སྐོར་ལ་སྔར་མེད་པའི་སྟོང་ཆ་ཆེན་མོ་ཞིག་ཁ་བསྐངས་ཐུབ་པ་བྱུང་། སྤྱི་ལོ་1987ལོ་ནས་1989ལོའི་བར་ཏེ་ཁྱོན་ལོ་གཉིས་ཀྱི་རིང་ལ་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོར་ཕྱིན་ནས་རྒྱའི་སྐད་ཡིག་དང་རྒྱ་བོད་ལོ་ཙཱའི་རིགས་གཞུང་དང་ལག་ལེན་སོགས་ལ་ཆེད་གཉེར་སློབ་སྦྱོང་གི་བསྐལ་བ་བཟང་པོ་ཐོབ་པས། སྦྱངས་ཚན་ཁག་གི་དགེ་རྒན་དག་གི་དྲུང་ནས་འབད་པ་བརྒྱ་འགྱུར་གྱིས་ཐོས་བསམ་སློབ་གཉེར་གནང་བས་དེང་རབས་རིག་གནས་ཁག་ལ་སྔར་མེད་ཀྱི་བློ་བསྐྱེད་ཕུན་སུམ་ཚོགས་པ་ཐོབ། སློབ་གྲྭ་དེ་ག་ནས་སློབ་ཐོན་བྱུང་བ་དང་སྔར་གྱི་ལས་ཁུངས་སུ་ཕྱིར་ལོག་ཅིང་། སྔ་ཕྱིར་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་བསྡུར་ཁང་དང་བོད་རིག་པ་དཔེ་སྐྲུན་ཁང་བཅས་ནས་སྔར་བཞིན་བོད་ཀྱི་རིག་གནས་ཀྱི་བྱ་བའི་མཛད་བཟང་གཉེར།
བསྟན་འཛིན་ལགས་དང་མཉམ་དུ་བསྐྱོན་པའི་པར།

སྐྱེས་སྦྱངས་རིག་པ་རྣོ་བའི་རིགས་ཀྱི་བུ། །
རྣམ་དཔྱོད་བློ་གྲོས་ཡངས་པའི་དགའ་ཚལ་ནས། །
ཤེས་རབ་ཐོས་པར་བཅོལ་བའི་དགའ་རྟགས་སུ། །
མཛད་བཟང་ཞབས་རྗེས་མི་ཡུལ་ཁམས་སུ་བཞག །
        དེ་ཡང་སྐུ་ཞབས་ཚངས་པོ་ལགས་ནི་བོད་ཀྱི་ཐུན་མོང་དང་ཐུན་མིན་གྱི་རིག་པའི་གནས་རྣམས་ལ་ནང་བྱན་ཆུད་ཅིང་དེང་རབས་རིག་པའི་གནས་རྣམས་ཁག་ལ་འཇུག་པ་ཡངས་པའི་གཞོན་སྐྱེས་ཕུགས་བསམ་ལྡན་པ་ཞིག་ཡིན་ལ། ཁོང་གིས་སྔ་ཕྱིར་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། བཀའ་བསྟན་དཔེ་སྡུར་ཁང་དང་བོད་རིག་པ་དཔེ་སྐྲུན་ཁང་བཅས་ནས་བོད་ཀྱི་རིག་གནས་ཀྱི་བྱ་བའི་མཛད་པ་རླབས་པོ་ཆེ་གཉེར་ཞིང་བོད་ཀྱི་སྲོལ་རྒྱུན་རིག་གནས་གཙོས་བཅུ་ཕྲག་རིག་པའི་གནས་རྣམས་འཛིན་སྐྱོང་སྤེལ་བའི་ཐད་ལ་མཛད་རྗེས་རླབས་ཆེན་བཞག་ཡོད་པ་དང་ཁྱད་པར་དུ་བོད་ཀྱི་རིག་གནས་ཁག་དུས་རབས་དང་འཛམ་གླིང་ལ་ཁ་ཕྱོགས་པའི་བྱས་རྗེས་བགྲང་གིས་མི་ལང་བ་བཞག་ཡོད་པས། འདིར་ཁོང་གི་མཛད་རྗེས་དེ་དག་ཕྱོགས་བརྒྱད་ལ་བསྡུས་ནས་བལྟ་བར་བྱའོ། །
མཁས་དབང་ནོར་བྲང་ཨོ་རྒྱན་དང་མཉམ་དུ་བསྐྱོན་པའི་པར།

 1.བཀའ་བསྟན་དཔེ་བསྡུར་མའི་སྐོར།
        སྤྱི་ལོ་1989ལོ་ནས་བོད་ཡིག་གི་བཀའ་བསྟན་དཔེ་བསྡུར་གྱི་ལས་གཞིའི་བྱ་བར་ཞུགས། བཀའ་བསྟན་དཔེ་བསྡུར་གྱི་ལས་གཞི་འདི་ནི་སྤྱི་ལོ་1986ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དབུ་ཚུགས་ནས་ཅུང་མ་འགོར་བར་མཁས་དབང་གཟན་དཀར་ཐུབ་བསྟན་ཉི་མ་རིན་པོ་ཆེ་སོགས་ཀྱིས་གྲོས་མགོ་བཏོན་པ་ལྟར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཀྲུང་དབྱང་ལ་བོད་ཡིག་བཀའ་བསྟན་ལེགས་སྒྲིག་དགོས་པའི་སྙན་ཞུ་ཕུལ་བ་ལྟར་1987ལོར་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ནས་ཆོག་མཆན་ཐོབ་སྟེ། ཁྲེང་ཏུའུ་རུ་བཀའ་བསྟན་དཔེ་བསྡུར་ཁང་དངོས་སུ་བཙུགས་ཤིང་། སྐབས་དེའི་སི་ཁྲོན་དམངས་ཆེན་ཀྲུའུ་རེན་གཞོན་པ་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་གཞོན་པ་འབའ་པ་བཀྲ་ཤིས་ཚེ་རིང་གིས་གཙོ་སྐྱོང་གནང་བ་དང་། མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སྐོར་གྱི་འགན་ཡོངས་རྫོགས་བཞེས་ཏེ་ལས་གཞིའི་བྱེད་སྒོ་རྒྱ་ཆེར་སྤེལ། སྐུ་ཞབས་ཚངས་པོ་ལགས་སྐབས་དེའི་བཀའ་བསྟན་དཔེ་བསྡུར་མའི་ཐོག་མའི་འཆར་འགོད་དང་། དཔེ་བསྡུར་དང་དཔེ་སྒྲིག་པར་སྐྲུན་བྱ་ཐབས་སྐོར་གྱི་གཏན་འབེབས་ཚོགས་འདུ་སོགས་ལ་ཞུགས་ཏེ། བཀའ་བསྟན་དཔེ་སྡུར་དང་དཔེ་སྒྲིག་པར་སྐྲུན་ལས་ཀའི་ཞིབ་ཆའི་སྲོལ་ཡིག་གཏན་འབེབས་བྱས་ཤིང་། པེ་ཅིང་དང་ཁྲེང་ཏུའུ་ས་ཆ་གཉིས་ནས་བཀའ་བསྟན་དཔེ་སྡུར་དང་དཔེ་སྒྲིག་དཔེ་སྐྲུན་གྱི་ལས་གཞི་ཆེན་པོ་དེའི་དབུ་ནས་མཇུག་རྫོགས་པའི་བར་དུ་ལས་ཞུགས་དང་བྱ་བའི་རྐང་འཛིན་མཛད་པ་གཉེར།
སྤྱི་ལོ་1995ལོའི་ཟླ་5པར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་བོད་ལྗོངས་ཚོམས་ཆེན་དུ་བསྟན་འགྱུར་དཔེ་བསྡུར་མའི་དེབ་དང་པོའི་ཐོག་མའི་འགྲེམས་སྤེལ་མཛད་སྒོ་སྤེལ་བ་དང་། རྒྱལ་ཁབ་རིམ་པའི་དབུ་ཁྲིད་ཧྥིས་ཞའོ་ཐོང་དང་། ཝང་ཀྲའོ་གོ། ཀྲོའོ་ཕུའུ་ཁྲུའུ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ང་ཕོད་ངག་དབང་འཇིགས་མེད་སོགས་དང་། ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་དབུ་ཁྲིད་དང་རྒྱལ་སའི་རིག་གནས་ལས་རིགས་དང་། ནང་བསྟན་ལས་རིགས། བོད་རིག་པའི་ལས་རིགས་སོགས་ལས་རིགས་ཁག་ཏུ་མའི་མི་གྲངས་སུམ་བརྒྱ་ལྷག་འདུས་པའི་མཛད་སྒོ་གཟབ་རྒྱས་སྤེལ་ཞིང་། ཁོང་གིས་ཚོགས་ཆེན་གྱི་འཕྲེད་བྱང་ལ་བོད་ཡིག་ཀྱང་ཕྱག་བྲིས་གནང་།
བཀའ་བསྟན་དཔེ་བསྡུར་ལེགས་སྒྲིག་གི་ལས་གཞི་འདི་ནི་རྒྱལ་ཁབ་རིམ་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་གནད་ཆེའི་ལས་གཞི་ཞིག་སྟེ“བདུན་ལྔ”དང“དགུ་ལྔའི”འཆར་གཞིར་ཚུད་ཡོད་པ་དང་། ལོ་ངོ་ཉི་ཤུ་ལྷག་ལ་སྔ་ཕྱིར་ལྷག་བསམ་དང་བོད་ཡིག་ཆུ་ཚད་མཐོ་བའི་མི་གྲངས་ཞལ་ངོ་བརྒྱ་དང་ལྔ་བཅུ་ལྷག་གིས་འབད་བརྩོན་ཆེན་པོས་བསྒྲུབས་པ་ཞིག་ཡིན་ལ། བཀའ་འགྱུར་དཔེ་བསྡུར་མ་ལ་དེབ་108དང་། བསྟན་འགྱུར་དཔེ་བསྡུར་མ་ལ་དེབ་224དང་། རྙིང་མ་རྒྱུད་འབུམ་ལ་དེབ་49 བྱེ་བྲག་བཤད་མཛོད་ཆེན་པོ་ལ་དེབ་བརྒྱད་བཅས་བཞུགས་སོ། །
བསྟན་འགྱུར།》པོད་དང་པོར་ཀྲུང་གོའི་མི་རིགས་དཔེ་དེབ་བྱ་དགའི་ཨང་དང་པོ་ཐོབ།

 2.བཀའ་བསྟན་གློག་རྡུལ་འཕྲུལ་དེབ་གསར་བསྐྲུན་སྐོར།
        ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་དབུ་ཁྲིད་ཀྱིས་མཐོང་ཆེན་དང་རྒྱབ་སྐྱོར་འོག་སྐུ་ཞབས་ཚངས་པོ་ལགས་ཀྱིས་2011ལོ་ནས་བཀའ་བསྟན་གློག་རྡུལ་འཕྲུལ་དེབ་གསར་བསྐྲུན་གྱི་ལས་འགན་བཞེས་ཏེ། 2018ལོའི་ཟླ་5པར་རྒྱལ་ཡོངས་བོད་རིག་པའི་ལས་དོན་མཐུན་སྦྱོར་ཚོགས་འདུ་ཐེངས་ལྔ་པའི་ཐོག་ཏུ་བཀའ་བསྟན་དཔེ་བསྡུར་མའི་གློག་རྡུལ་འཕྲུལ་དེབ་ཐོག་མའི་འགྲེམས་སྤེལ་མཛད་སྒོ་སྤེལ་བའི་ཚོགས་ཆེན་སྟེང་དུ་བཀའ་བསྟན་གློག་རྡུལ་འཕྲུལ་དེབ་སྒོ་ཕྱེ་ནས་བེད་སྤྱོད་བྱེད་སྟངས་དང་ནུས་པ་སོགས་ངོ་སྤྲོད་གནང་བས། ཚོགས་ཆེན་སྟེང་ནས་གདེང་འཇོག་ཚད་མཐོན་པོ་ཐོབ་པ་དང་། གསར་འགྱུར་སྡེ་ཁག་གང་མང་གིས་ཁྱབ་བསྒྲགས་བྱས། གློག་རྡུལ་འཕྲུལ་དེབ་འདིའི་ནང་དུ་བཀའ་འགྱུར་དཔེ་བསྡུར་མ་དང་། བསྟན་འགྱུར་དཔེ་བསྡུར་མ། རྙིང་རྒྱུད། བྱེ་བྲག་བཤད་མཛོད་ཆེན་པོ་བཅས་དེབ389བཞུགས་སོ། །
        གློག་རྡུལ་འཕྲུལ་དེབ་འདིའི་ཁྱད་ཆོས་ནི་གློག་ཀླད་སྟེང་ནས་བཀའ་བསྟན་དཔེ་བསྡུར་མ་ཤོག་བུར་པར་མ་ཇི་བཞིན་ཀློག་ཐུབ་པ་དང་། དེང་རབས་གློག་རྡུལ་འཕྲུལ་དེབ་ཀྱི་ཡོན་ནུས་ཀུན་ལྡན་པས་བཀའ་བསྟན་གྱི་ཡི་གེ་རྒྱ་མཚོའི་རྡུལ་ལྟ་བུ་ལས་རང་ལ་དགོས་པའི་ཚིག །ཐ་སྙད་ཐམས་ཅད་སྐད་ཅིག་ཙམ་གྱིས་འཚོལ་ཐུབ་པ་དང་། མཆན་འགོད་ཆོག་པ། བསྡུར་མཆན་ལ་བལྟ་ཐུབ་པ། བཤུ་ཕབ་ཐུབ་པ། ཡིག་གྲངས་བརྩི་ཐུབ་པ་སོགས་ཀྱི་དགེ་མཚན་རྨད་དུ་བྱུང་བ་ལྡན་ནོ། །

 3.ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོའི་སྐོར།
        བོད་ཡིག་རིག་མཛོད་ཆེན་མོའི་ལེགས་སྒྲིག་དང་པར་སྐྲུན་བྱ་རྒྱུ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྐྱོང་གནང་བའི་རྒྱལ་ཁབ་རིམ་པའི་དཔེ་སྐྲུན་ལས་གཞི་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོའི་གཞུང་ལས་ཁང་བཙུགས་ཏེ་ཚངས་པོས་སྤྱི་ཁྱབ་ལས་འཛིན་གྱི་ཀྲུའུ་རེན་གྱི་འགན་བཞེས་ཤིང་། བོད་ཁུལ་ནས་དགེ་བཤེས་དང་། མཁན་པོ། བོད་རིག་པའི་མཁས་དབང་དུ་མ་བཀའ་འདྲིའི་སློབ་དཔོན་དུ་གདན་འདྲེན་ཞུས་ཡོད་པ་དང་། བོད་ཁུལ་གྱི་དགོན་སྡེ་དང་། སློབ་ཆེན། ཞིབ་འཇུག་སྡེ་ཁག་བཅས་དང་མཉམ་ལས་ཀྱི་ད་ལྟ་གསུང་འབུམ་བདུན་ཅུ་ལྷག་སྟེ་དེབ་སྟོང་གཅིག་ལྷག་ལེགས་སྒྲིག་དཔེ་སྐྲུན་གྱི་འཆར་གཞིར་བཀོད་དེ་ལེགས་སྒྲིག་བྱེད་བཞིན་ཡོད་ལ། དེ་ལས་ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་སྤུས་ལེགས་དེབ་30དང་། མར་མི་དྭགས་གསུམ་གྱི་གསུང་འབུམ་དེབ་12 རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དེབ་39དང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་གྱི་གསུང་འབུམ་དེབ་42 རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་འབུམ་དེབ་19 ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ་དེབ་20བཅས་བསྐྲུན་དང་སྐྲུན་བཞིན་ཡོད་ལ། དེབ་ཀྱི་དཔེ་སྒྲིག་དང་ཞུ་དག་པར་སྐྲུན་སྤུས་ཚད་ཅུང་བཟང་ཤོས་ལ་སླེབས་ཡོད།
 4.བོད་ཡིག་དཔེ་རྙིང་དཔེ་ཚོགས་ཆེན་མོ་《མེས་པོའི་ཤུལ་བཞག》སྐོར།
        གཟན་དཀར་རིན་པོ་ཆེའི་ཐུགས་བསྐྱེད་འོག་2007ནས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་དང་བོད་རིག་པ་དཔེ་ཁང་མཉམ་འབྲེལ་གྱིས་《མེས་པོའི་ཤུལ་བཞག》དང་《ཕྱག་བྲིས་གཅེས་བཏུས།》《བཀའ་གདམས་དཔེ་དཀོན་གཅེས་བཏུས།》སོགས་པར་དུ་བསྐྲུན་ཡོད་ལ། དེ་ལས་《མེས་པོའི་ཤུལ་བཞག》ནང་དུ་ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་དང་། སྟག་ཚང་ལོ་ཙཱ་བའི་གསུང་འབུམ། རྗེ་བཙུན་ཏཱ་ར་ན་ཐའི་གསུང་འབུམ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ་སོགས་གྲུབ་མཐའ་རིས་སུ་མ་ཆད་པའི་གསུང་འབུམ་སྣ་ཚོགས་དེབ་སུམ་བརྒྱར་ཉེ་བ་པར་དུ་བསྐྲུན་པས་སྐབས་དེའི་སྐོམ་པ་ཆུ་འདོད་ཀྱི་ཀློག་པ་པོ་རྣམས་ལ་ལེགས་སྐྱེས་ཧ་ཅང་རིན་ཐང་ལྡན་པ་བསྩལ།

 5.《གངས་ཅན་ཁྱད་ནོར་དཔེ་ཚོགས་ཆེན་མོའི》སྐོར།
        གངས་ཅན་ཁྱད་ནོར་དཔེ་ཚོགས་ཆེན་མོ་ནི་སེ་ར་དགོན་པ་དང་གཙུག་ལག་ཁང་གཉིས་མཉམ་འབྲེལ་གྱིས་བཙུགས་པའི་སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ལེགས་སྒྲིག་ཁང་གིས་ལེགས་བསྒྲིགས་གནང་བའི་དཔེ་དེབ་ཕལ་ཆེ་བ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་བཞིན་ཡོད་ལ། ད་བར་དཔེ་དེབ་ཉིས་བརྒྱ་ལྷག་པར་སྐྲུན་བྱས་ཡོད།

 6.《ལྔ་རིག་དཔེ་ཚོགས་ཆེན་མོའི》སྐོར།
        ལྔ་རིག་དཔེ་ཚོགས་ཆེན་མོ་ནི་སྡེ་དགེའི་རྫོང་སར་ཁམས་བྱེ་ལྔ་རིག་སློབ་གླིང་གིས་ལེགས་སྒྲིག་མཛད་ཅིང་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བོད་ཡིག་དཔེ་རྙིང་དཔེ་ཚོགས་ཆེན་མོ་ཞིག་ཡིན་ལ། གོ་རམས་པ་བསོད་ནམས་སེངྒེའི་གསུང་འབུམ། ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ་སོགས་པོད་ཕྲེང་བརྒྱ་ལྷག་པར་དུ་བསྐྲུན།

 7.《གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོའི》སྐོར།
        གངས་ལྗོངས་སྨན་རྩིས་རིག་མཛོད་ཆེན་མོ་ནི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་ལེགས་སྒྲིག་བྱས་ཤིང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པ་ཡིན་ལ། བསྡོམས་པོད་131ཡོད་པ་དང་། དེ་ལ་གསོ་རིག་སྐོར་གྱི་དཀར་ཆག་དང་རྩིས་རིག་སྐོར་གྱི་དཀར་ཆག་སྟེ་དཀར་ཆག་དེབ་གཉིས་ཡོད།

  8.དཔེ་དེབ་ཐོར་བུ་པར་དུ་བསྐྲུན་པའི་སྐོར།
        གཞན་ཡང་བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ། ཀོང་སྤྲུལ་ཟིན་ཏིག་དང་དེའི་ཉེར་མཁོའི་ཆ་ལག་ཕྱོགས་བསྒྲིགས། ལམ་རིམ་ཆེན་མོ་བོད་རྒྱ་ཤན་སྦྱར་མ་སོགས་དཔེ་དེབ་བརྒྱ་ལྷག་གི་དཔེ་སྒྲིག་དང་པར་བསྐྲུན་གྱི་འགན་བཞེས།
ཚངས་པོ་ལགས་ཀྱིས་གཙོ་སྒྲིག་གནང་བའི་《མེས་པོའི་ཤུལ་བཞག》དཔེ་ཚོགས། 2011ལོར་སྐབས་གཉིས་པའི་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་སྲིད་གཞུང་བྱ་དགའི་དཔེ་དེབ་བྱ་དགའ་ཐོབ།

གནའ་བོའི་དཔེ་རྙིང་དེང་རབས་པར་དུ་བསྐྲུན། །
བསྒྲགས་པའི་དཔེ་ཚོགས་བརྒྱ་སྟོང་མི་ཡུལ་བཞག །
མཛད་བཟང་མངོན་པར་མཐོ་བའི་འབྲས་རྟགས་སུ། །
གཟེངས་བསྟོད་ལན་མང་སྒེར་གཞུང་ཀུན་ནས་ཐོབ། །
        དེ་ལྟར་སྐུ་ཞབས་ཚངས་པོ་ལགས་ལ་བགྲང་བྱ་སུམ་ཅུ་ལྷག་གི་རིང་ལ་ལས་ཁུངས་ཁག་དང་དབུ་ཁྲིད་རིམ་པའི་མཐོང་ཆེན་ཐོབ་པ་དང་། ལྷག་པར་དུ་སྐྱབས་རྗེ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐུགས་བརྩེ་བ་ཆེན་པོས་སློབ་སྟོན་གནང་བར་བརྟེན་ནས། ཁོང་གིས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། བོད་ཡིག་གི་དཔེ་རྙིང་སྲུང་སྐྱོབ་དང་རྩོམ་སྒྲིག་པར་སྐྲུན་སོགས་ཀྱི་ཐད་ལ་མཛད་རྗེས་གསུབ་ཏུ་མེད་པ་བཞག་ཡོད་དེ། གཙོ་བོ་བཀའ་བསྟན་དཔེ་བསྡུར་མ་དང་། བོད་ཡིག་རིག་མཛོད་ཆེན་མོ། མེས་པོའི་ཤུལ་བཞག །གངས་ཅན་ཁྱད་ནོར། ལྔ་རིག་དཔེ་ཚོགས། བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་སོགས་བོད་ཡིག་དཔེ་དེབ་སྟོང་ཕྲག་བརྒལ་བ་པར་སྐྲུན་བྱས་ཤིང་། དེས་བོད་ཀྱི་སྲོལ་རྒྱུན་རིག་གནས་མི་ཉམས་གོང་འཕེལ་དང་། བོད་ཀྱི་དགོན་སྡེ་དང་སློབ་གྲྭ་ཁག།།དེ་བཞིན་དད་ལྡན་མང་ཚོགས་དང་ཞིབ་འཇུག་པ་རྣམས་ལ་ཕན་ཐོགས་རྒྱ་ཆེན་བསྩལ་ཡོད།

སྔ་ཕྱིར་ཁོང་གིས་བོད་ཀྱི་སྐད་ཡིག་ལ་བཀས་བཅད་རྣམ་གསུམ་བྱུང་ཚུལ་ཉུང་བསྡུས་བརྗོད་པ་དང་། བོད་ཀྱི་སྤྱིའི་སྐད་ཡིག་གཅིག་གྱུར་འབྱུང་ཐབས་སྐོར་ཆེ་ལོང་ཙམ་བརྗོད་པ། བོད་ཀྱི་ཤེས་རིག་གི་ཐུན་མིན་ཁྱད་ཆོས་གླེང་བ། བོད་ཀྱི་བརྡའི་ཚིག་སྡུད་སྐོར་གྱི་དྲིས་ལན། སྐུལ་ལྕག།།གངས་ལྗོངས་ལགས་མ་ཡུམ། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་གཅིག་འཁོར་བར་དྲན་གསོ་ཞུ་བ་སོགས་དཔྱད་རྩོམ་དང་། སྙན་རྩོམ་སོགས་བརྩམས་ཆོས་གང་མང་དུས་དེབ་དང་ཚགས་པར་སོགས་སུ་བཀོད། གཞན་ཡང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་དེབ་དང་། སྡེ་དགེ་པར་ཁང་གི་དཀར་ཆག །རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་སོགས་ཀྱི་རྩོམ་སྒྲིག་གི་བྱ་བར་ཞུགས་མྱོང་ལ། ལོ་དུ་མར་འཚོལ་བསྡུ་དང་ལེགས་སྒྲིག་བྱས་པའི་བོད་ཀྱི་སྤྱི་སྐད་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཞེས་པ་དང་། རིག་གནས་བཅུའི་རྩ་བ་ཕྱོགས་བསྒྲིགས་ཞེས་པའི་དེབ་ཆུང་ཉེར་ལྔ་ཅན་སོགས་པར་དུ་བསྐྲུན་ནས་བཤད་གྲྭ་དང་སློབ་གྲྭ་དུ་མར་རིན་མེད་དུ་ཆོས་སྦྱིན་བྱས་ཡོད།



        ཁོང་སྔ་ཕྱིར་པོ་ལན་དང་འཇན་མན་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྐྱོད་ནས་རིག་གཞུང་བགྲོ་གླེང་དང་འཆད་ཁྲིད་གནང་ཞིང་། རྒྱལ་ནང་གི་སློབ་གྲྭ་ཆེ་འབྲིང་ཁག་ཏུ་བསྐྱོད་ནས་རིག་གཞུང་བགྲོ་གླེང་དང་འཆད་ཁྲིད་རབ་དང་རིམ་པ་གནང་ཡོད། སྐྱབས་རྗེ་གཟན་དཀར་རིན་པོ་ཆེ་དང་དཔེ་ཝར་མཆོག་སྤྲུལ། རྒྱལ་མོ་འབྲུག་པ། གོ་འཇོ་དབང་འདུས་སོགས་བོད་ཀྱི་སྐྱེས་ཆེན་གང་མང་གིས་ཁོང་གི་མཛད་བཟང་ལ་གཟིགས་མཐོང་བླ་ན་མེད་པ་གནང་ཡོད་ཅིང་། དེ་བཞིན་རྒྱལ་ཁབ་གཞུང་ནས་ཀྱང་བསྟན་འགྱུར་དཔེ་བསྡུར་མ་ལ་སྐབས་གསུམ་པའི་རྒྱལ་ཁབ་དཔེ་དེབ་བྱ་དགའ་དང་། 《མེས་པོའི་ཤུལ་བཞག》དཔེ་ཚོགས་ལ་སྐབས་གཉིས་པའི་ཀྲུང་གོའི་དཔེ་སྐྲུན་གྱི་སྲིད་གཞུང་བྱ་དགའི་དཔེ་དེབ་བྱ་དགའ་སོགས་གནང་སྟེ་གཞུང་སྒེར་ཀུན་ནས་ཁོང་གི་མཛད་རྗེས་ལ་ཡིད་ཆེས་དང་གདེངས་འཇོག་བླ་ན་མེད་པ་ཐོབ་ཡོད་པ་རེད།
ད་ལྟར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་ཞུ་ཆེན་པ་དང་། བོད་ཡིག་རྩོམ་སྒྲིག་ཁང་གི་འགན་འཛིན་གཞོན་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུང་ཧྭའི་བོད་ཡིག་རིག་མཛོད་ཆེན་མོ་གཞུང་ལས་ཁང་གི་འགན་འཛིན་གཞོན་པ་བཅས་ཀྱི་འགན་གཅིག་ལྕོགས་བཞེས་ཤིང་ཡུལ་གངས་ཅན་པའི་ཆོས་རིག་གི་བསྟན་པར་སྨན་པའི་མཛད་པ་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་བཞུགས་ཡོད་པ་ལགས་སོ། །
ཀྲུང་གོའི་དཔེ་སྐྲུན་སྲིད་གཞུང་བྱ་དགའ་སྐབས་གཉིས་པའི་མཛད་སྒོ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1