གཙོ་ངོས།>> གནས་མཇལ།>>རི་ཆུའི་རིག་གནས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༠ལོའི་ཟླ་བ་༡༠ཚེས་༢༠ཉིན།

༄༅།།གནས་ཆེན་པདྨ་རི་མཐོའི་གནས་ཡིག་དང་རིག་དངོས་རྩ་ཆེན།

ཀརྨ་རྒྱལ་མཚན་ནས་བསྒྲིགས། ཀརྨ་བཀྲ་ཤིས་རྣམ་རྒྱལ་གྱིས་པར་བླངས།
        དེའང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བཀོད་པའི་མདོ་བྱང་། ཞེས་པ་ལས། སྐུ་ཡི་ཐུགས་ཀྱི་གནས་མཆོག་བསྟན་པ་ནི༔ བོད་ཀྱི་མདོ་ཁམས་འབྲི་ཀླུང་གཉན་ཞེས་སུ༔ པདྨའི་བྲག་རི་སུམ་བརྩེགས་ཡོད་པ་རུ༔ དབུས་སུ་ཨོ་རྒྱན་བདག་གི་སྒྲུབ་པའི་གནས༔ བྲག་ཕུག་ཆོས་འབྱུང་ཟུར་དྲུག་དབྱིབས་ཅན་ཡོད༔ རང་བྱུང་མཆོད་རྟེན་ངོ་མཚར་ཅན་བཞུགས་ལ༔ ཀློང་ཐང་སྒྲོལ་མ་ཞེས་བྱར་འབྲེལ་བའོ༔ མ་འོངས་ང་སྤྲུལ་ནམ་མཁའ་ཞེས་བྱ་འབྱུང༔
        ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་མདོ་བྱང་གསལ་བྱེད། ཅེས་པ་ལས། སྐུའི་ཐུགས་ཀྱི་གནས་ལས་འབྲི་ཀླུང་ཕྱོགས་ཀྱི་མཉན་ནི། ཕ་རིའི་མཉན་པ་ཚང་སྔར་ས་དེའི་བདག་པོ་ཡིན་པས་དེའི་སྒྲས་བསྡུས། པདྨའི་བྲག་རི་སུམ་བརྩེགས་ནི་ཚུ་རིའི་པདྨ་རི་མཐོ། དེར་ངག་སྤྲུལ་ནམ་མཁའི་མིང་ཅན་ནི་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཡིན།
        གྲུབ་དབང་ལུང་རྟོགས་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་པདྨ་རི་མཐོའི་གནས་ཡིག ། ཅེས་པ་ལས།སྒྲུབ་པ་བཀའ་བརྒྱད་ལས་གསུང་པདྨའི་རིགས་ཟངས་མདོག་དཔལ་གྱི་རི་བོ། ནང་ལྟར་ན་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གནས། གསང་བ་ལྟར་ན་པདྨ་གསུང་དབང་དྲག་རྟ་མགྲིན་རོལ་པའི་དཀྱིལ་འཁོར་གྱི་གནས་ཡིན། ཨོ་རྒྱན་ཆེན་པོས་གསུང་པདྨ་རིགས་ཀྱི་གནས་མཆོག་རྟ་མགྲིན་གྱི་གནས་སུ་བྱིན་གྱིས་བརླབས་པའི་སྟོབས་ཀྱིས་གནས་ཀྱི་མཚན་ལ་ཡང་པདྨ་རི་མཐོ་རུ་གྲགས། གནས་རིའི་རྩེར་ཨོ་རྒྱན་ཆེན་པོའི་སྒྲུབ་ཕུག་ཏུ་ཨ་མོ་ལི་ཀའི་རྡོ་ལེབ་ཤེལ་ལས་གྲུབ་པའི་ཁང་བཟང་ཉམས་དགའ་བ་རུ། ཡི་དམ་རྒྱུད་སྡེ་གསར་རྙིང་གང་ལ་མོས་པ་དེའི་དཀྱིལ་འཁོར་རང་བྱོན་ཡོད་པ་པདྨ་ཤེལ་ཕུག་ཏུ་གྲགས། འདི་ལ་རྩེ་བསྐོར་གཅིག་བྱས་ན་ཙོང་རྒྱལ་མ་ཎི་པངྨེ་ནས་སྟེང་དུ་རི་རྩེར་བསྐོར་ནས་ཀླུ་མོ་རྒྱས་མདའ་ནས་སྒྲོལ་མ་དཀར་མོ་རང་བྱོན་དང་ཡིག་དྲུག་རྣམས་མཇལ་ནས་དུར་ཁྲོད་ཆེན་པོ་བརྒྱད་དང་བྱིན་རླབས་མཉམ་པའི་དུར་ཁྲོད་ཀླུ་མོ་རྒྱལ་ཡོད་ས་དེ་ནས་ལ་སྟེང་དུ་སོང་ན་རྩེ་བསྐོར་གཅིག་ཡིན། དེ་ལ་མ་ཎི་བྱེ་ཆུང་གཅིག་གི་ཕན་ཡོན་ཡོད། བར་བསྐོར་གཅིག་བྱས་ན་བྱེ་ཆེན་གཅིག་གི་ཕན་ཡོན་ཡོད། བར་བསྐོར་ལ་ཀློང་སྒྲོལ་མ་ལྷ་ཁང་མཇལ་ནས་ནུབ་ཕྱོགས་འབྲི་རྒྱུད་ཀྱི་ཙོང་རྒྱལ་པདྨོ་མཇལ་ཉི་ཟླ་མ་བརྒལ་བར་པདྨ་རི་མཐོ་བཅས་བསྐོར་བ་ལ་བར་བསྐོར་དུ་གསུངས། མཐའ་བསྐོར་ལ་གནས་ཀྱི་ཡན་ལག་ཐམས་ཅད་བསྐོར་དགོས་ཞེས་གསུངས་སོ། །
        དེ་ལྟར་གནས་འདི་བཞུགས་པའི་ཡུལ་ནི་སེར་ཤུལ་རྫོང་འདན་ཁོག་ལོ་ཆུང་ནང་གི་ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་གི་རྒྱབ་རི་ཡིན་ལ། དེ་དང་སྦྲེལ་ནས་གནས་རི་སེངྒེ་གནམ་རྫོང་ཡང་ཆགས། སྤྱི་ལོ་1978ལོར་འདན་ཁོག་རྫོང་མེད་པ་མ་བྱས་སྔོན་དུ་རྫོང་དེའི་ལྟེ་བའང་ལོ་ཆུང་ནང་དུ་ཆགས་ཡོད། གནས་ཀྱི་ཉེ་འཁྲིས་སུ་ཀྲག་ཨར་ཧྥུང་གི་གནས་ཡུལ་ཤུལ་བཞག་དང་། གསར་བརྗེ་དཔའ་བོའི་དུར་གླིང་། རྒྱ་བཟའ་ཀོང་ཇོ་ངོ་མས་བཞེངས་པའི་བྲག་བརྐོས་རི་མོ་སྟེ་བྲག་ལྷ་མོ། གེ་སར་རྒྱལ་པོའི་ཤུལ་བཞག །འདན་མའི་ནས་ཞིང་སོགས་ཡོད་པའོ། །
        གཞན་ཡང་གནས་འདིར་བསྟན་པ་ཕྱི་དར་ལ་པཎྜི་ཏ་སྨྲྀ་ཏི་དང་། ལྷ་ལུང་དཔལ་གྱི་རྡོ་རྗེ། དམར་གཡོ་གཙང་གསུམ། བླ་ཆེན་དགོངས་པ་རབ་གསལ། བླ་མ་སེ་བཙུན་པ། ཁུ་རྔོག་འབྲོམ་གསུམ། དཔལ་ལྡན་དགོན་པ་བ། སྐྱུ་ར་ཨ་སེང་། ཁམས་པ་ཨ་སེང་། འགྲོ་མགོན་ཆོས་འཕགས། སྒ་ཨ་མྱེ་དམ་པ། སྐྱོབ་པ་འཇིག་རྟེན་གསུམ་མགོན། སྤྱན་སྔ་ཆོས་ཀྱི་གྲགས་པ། རྒྱལ་བ་བསོད་ནམས་རྒྱ་མཚོ། པཎ་ཆེན་སངས་རྒྱས་མཉན་པ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། གཏེར་སྟོན་ཉི་མ་གྲགས་པ། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། རྫོང་སར་འཇམ་དབྱངས་མཁྱེན་བརྩེ། མི་འགྱུར་ནམ་མཁའི་རྡོ་རྗེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མི་ཕམ་ཕྱོགས་ལས་རྣམ་རྒྱལ། གཏེར་སྟོན་ལས་རབ་གླིང་པ། རང་བྱུང་རིག་པའི་རྡོ་རྗེ་སོགས་སྐྱེས་ཆེན་དམ་པ་དུ་མའི་ཞབས་ཀྱིས་བཅགས་ནས་བཞུགས་ཡུལ་རྡོ་རྗེ་རྫོང་དང་པདྨ་ཤེལ་ཕུག་སོགས་སུ་བཞུགས་པས་རྟོགས་པའི་ཡོན་ཏན་དཔག་ཏུ་མེད་པ་བརྙེས་ཤིང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་གནས་ཆེན་བྱིན་འབེབ་མཛད་ལ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་ཊཱིཀ་ཆེན་མཛད་ནས་མཐར་དེ་དང་ཉེ་བའི་གནས་དིལ་མགོའི་རི་ཁྲོད་དུ་སྐུའི་བཀོད་པ་བསྡུས་པར་གྲགས། རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་པདྨ་ཤེལ་ཕུག་ཏུ་ལྷ་ཆོས་དང་མཐུན་པའི་གཏམ་པདྨ་ཚལ་གྱི་ཟློས་གར་བརྩམས།
        དེ་ལྟར་གནས་འདི་བཞུགས་པའི་ཡུལ་ནི་སེར་ཤུལ་རྫོང་འདན་ཁོག་ལོ་ཆུང་ནང་གི་ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་གི་རྒྱབ་རི་ཡིན་ལ། དེ་དང་སྦྲེལ་ནས་གནས་རི་སེངྒེ་གནམ་རྫོང་ཡང་ཡོད། སྤྱི་ལོ་1978ལོར་འདན་ཁོག་རྫོང་མེད་པ་མ་བྱས་སྔོན་དུ་རྫོང་དེའི་ལྟེ་བའང་ལོ་ཆུང་ནང་དུ་ཆགས་ཡོད། གནས་ཀྱི་ཉེ་འཁྲིས་སུ་ལོ་ཆེན་ལྡན་མ་རྩེ་མང་གི་སྒྲུབ་ཕུག་ལོ་ལྡན་སྒྲུབ་ཕུག་ཅེས་པ་དང་། ཀྲག་ཨར་ཧྥུང་གི་གནས་ཡུལ་ཤུལ་བཞག །གསར་བརྗེ་དཔའ་བོའི་དུར་གླིང་། རྒྱ་བཟའ་ཀོང་ཇོ་ངོ་མས་བཞེངས་པའི་བྲག་བརྐོས་རི་མོ་སྟེ་བྲག་ལྷ་མོ་སོགས་ཡོད། གེ་སར་རྒྱལ་པོའི་ཤུལ་བཞག །གླིང་སེ་ཆེན་རྒྱལ་པོས་འདན་མའི་ནས་རྫོང་ཕབ་ས་བཅས་སོ། ། 

39.7K

རྩོམ་ཡིག་སྔོན་མ།
༄༅།།ཚངས་པོ།
རྩོམ་ཡིག་རྗེས་མ།
༄༅།།ཕོ་བྲང་ནང་གི་རྨི་ལམ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1