བོད་ལྗོངས་སུ་སྐམ་སར་འཚོ་བའི་སྲོག་ཆགས་རིགས་1072ངོས་ཟིན་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-21



          ཉེ་ཆར། བོད་ལྗོངས་ཀྱི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་བརྟག་དཔྱད་གྲུབ་འབྲས་ངོས་ལེན་དང་དཔྱད་སྡོམ་ཚོགས་འདུ་ཐེངས་གཉིས་པ་དེ་ལྷ་སར་སྐོང་ཚོགས་བྱས་ཡོད་པ་རེད། གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཡུན་ལོ་ངོ་བརྒྱད་ཀྱི་རིང་། བོད་ལྗོངས་ཀྱི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཀྱི་མ་གཞི་དང་དེའི་འཕེལ་འགྱུར་བྱེད་ཚུལ་ལ་གཞི་རྩའི་ཆ་ནས་ཤེས་རྟོགས་བྱས་ཟིན་ཡོད་ལ། བོད་རང་སྐྱོང་ལྗོངས་ཡོངས་སུ་སྐམ་སའི་རི་སྐྱེས་སྒལ་ཚིགས་སྲོག་ཆགས་ཀྱི་གྲངས་འབོར་དེ་དུས་རབས་20པའི་དུས་མཇུག་ཏུ་ཐོ་འགོད་བྱས་པའི་རིགས་701ནས་མིག་སྔའི་རིགས་1072བར་མང་དུ་ཕྱིན་ཡོད་པ་རེད།

          ཀྲུང་གོའི་རི་སྐྱེས་སྲོག་ཆགས་ཆེས་མང་བའི་ཞིང་ཆེན་ནམ་རང་སྐྱོང་ལྗོངས་ཆེ་འབྲིང་གྲས་ཤིག་ཡིན་པའི་ཆ་ནས། སྤྱི་ལོ་1998ལོར་བོད་ལྗོངས་ཀྱིས་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་བརྟག་དཔྱད་ཐེངས་དང་པོ་བྱས་ཤིང་། དུས་ཡུན་ལོ་བཞིའི་ནང་ལེགས་གྲུབ་བྱུང་། ལོ་བཅུ་རེའི་མཚམས་སུ་བརྟག་དཔྱད་ཐེངས་རེ་བྱེད་དགོས་པའི་གཏན་འབེབས་ལྟར། བོད་ལྗོངས་ཀྱི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་བརྟག་དཔྱད་ཐེངས་གཉིས་པའི་ལས་དོན་སྤྱི་ལོ་2013ལོར་འགོ་བརྩམས་ཡོད་པ་རེད།

          ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་བརྟག་དཔྱད་ཀྱི་ལས་འགན་ཡོངས་སུ་བསྒྲུབས་ཚར་བ་དང་། བརྟག་དཔྱད་བྱེད་ཐེངས་དང་པོ་དང་བསྡུར་ན། ཐེངས་འདིའི་བརྟག་དཔྱད་ཀྱི་ཁྱབ་རྒྱ་དེ་བས་ཆེ་བ་དང་། བརྟག་དཔྱད་དངོས་རིགས་ཀྱི་གྲངས་འབོར་དང་རིགས་དབྱེ་ཆ་འཕྲིན་སྔ་བས་འཐུས་ཚང་དང་ཁྱོན་ཡོངས་རང་བཞིན་ལྡན་པ། བརྟག་དཔྱད་ལས་དོན་ནང་ཞུགས་པའི་ཚན་ཞིབ་སློབ་གླིང་དང་ཆེད་མཁས་པ། དེ་བཞིན་ལག་རྩལ་མི་སྣའི་གྲངས་འབོར་སྔར་ལས་མང་བ། སྤྱི་ཁྱབ་ཀྱི་ཆེད་ལས་བྱང་ཚད་སྔར་བས་མཐོ་བ། རི་སྐྱེས་སྲོག་ཆགས་བརྟག་དཔྱད་བྱེད་པའི་ཐབས་ལམ་ཡང་སྔར་བས་ཚན་རིག་དང་སྔར་བས་ཚད་ལྡན་ཅན་དུ་འགྱུར་ཚད་མཐོ་བ་བཅས་མངོན་འགྱུར་བྱུང་ཡོད། ཐེངས་འདིའི་བརྟག་དཔྱད་ནང་། སྐམ་སའི་རི་སྐྱེས་སྒལ་ཚིགས་སྲོག་ཆགས་རྩ་ཆེ་རིགས་150ལྷག་གི་གྲངས་འབོར་དང་ཁྱབ་ཚུལ་སོགས་ཀྱི་ཆ་འཕྲིན་ཞིབ་ཕྲ་གསལ་རྟོགས་བྱས་པ་མ་ཟད། ད་དུང་ཀྲུང་གོར་གསར་དུ་ངོས་ཟིན་པའི་སྲོག་ཆགས་ཚན་པ་དང་། གསར་དུ་ངོས་ཟིན་པའི་སྐྱེ་དངོས་ཀྱི་རིགས། བོད་རང་སྐྱོང་ལྗོངས་སུ་གསར་དུ་ངོས་ཟིན་པའི་སྐྱེ་དངོས་ཀྱི་རིགས་ཁག་ཅིག་ཀྱང་ཐོ་འགོད་བྱས་ཡོད་པ་རེད།

          འབྲེལ་ཡོད་ཆེད་ལས་མཁས་པས། ཐེངས་འདིའི་བརྟག་དཔྱད་ཀྱིས་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་སྐམ་སའི་རི་སྐྱེས་སྲོག་ཆགས་བརྟག་དཔྱད་ཞིབ་འཇུག་ཐད་ཀྱི་སྟོང་ཆ་བསྐོངས་ཡོད་ཅིང་། དེས་འབྱུང་འགྱུར་བོད་ལྗོངས་ཀྱིས་རི་སྐྱེས་སྲོག་ཆགས་དང་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་། རང་བྱུང་སྲུང་སྐྱོབ་ཁུལ་དང་རི་སྐྱེས་སྲོག་ཆགས་འཚོ་ཁུལ་ལེགས་བཅོས་ལེགས་སྒྲིག དེ་བཞིན་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་ལྟ་སྐུལ་དོ་དམ་དང་འབྱུང་ཁམས་ཁོར་ཡུག་སྐོར་གྱི་སྲིད་ཇུས་འདོན་པ་སོགས་ཀྱི་ཐད་ལ་ཐག་གཅོད་ཇུས་འགོད་ཀྱི་གཞི་འཛིན་ས་མཁོ་འདོན་ཐུབ་རྒྱུ་ཡིན་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1