བོད་ལྗོངས་རྩྭ་མདའ་ཡིས་སྟར་ཚེར་གྱི་ཤིང་འབྲས་སྣོད་བཅུད་དམངས་ཕྱུག་གི་ཐོན་ལས་ཆེན་པོར་གྱུར་བར་བཅུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-21


འདི་ནི་གླང་ཆེན་ཁ་འབབ་འགྲམ་རྒྱུད་ཀྱི་སྟར་ཚེར་གྱི་ནགས་ར་རེད།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གི་གླང་ཆེན་ཁ་འབབ་ཀྱི་འགྲམ་ངོགས་གཉིས་སུ་སྟར་ཚེར་གྱི་ནགས་ཚལ་སྟུག་པོ་ཞིག་ཡོད་ཅིང་། ཡལ་གའི་སྟེང་དུ་དམར་སེར་གྱི་སྟར་ཚེར་ཤིང་འབྲས་ཀྱི་མདུད་པ་བརྒྱབ་ཡོད། སྟར་ཚེར་ནི་སྡོང་ཕྲན་ཆུང་ཆུང་ཞིག་ཡིན་ཞིང་། དེར“གནམ་གྱིས་བསྩལ་བའི་དངོས་གྲུབ་དང་། ས་མཐོའི་ལྷ་ཡི་ཤིང་འབྲས”ཞེས་འབོད་ཀྱི་ཡོད།
           གླང་ཆེན་ཁ་འབབ་ཀྱི་ངོགས་གཉིས་ཀྱི་བྱེ་རྡོའི་ས་རུ་སྤྱིར་བཏང་གི་ལོ་ཏོག་འདེབས་པར་མི་འཚམ་པའི་དབང་གིས་སྟག་ཚེར་ནི་ས་ཆུ་ཤོར་བ་བཅོས་སྐྱོང་བྱེད་པར་ཕན་པ་དང་། དུས་མཚུངས་སུ་བེད་སྤྱོད་ཀྱི་རིན་ཐང་ཅུང་ཆེ་བའི་དཔལ་འབྱོར་གྱི་ཤིང་རིགས་ཤིག་ཀྱང་ཡིན་པས། རྩྭ་མདའ་རྫོང་གིས་སྟག་ཚེར་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་ལ་འཚོལ་ཞིབ་ཧུར་ཐག་བྱས་ནས་སྣོད་བཅུད་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཟུང་གི་ལོ་ལེགས་བྱུང་ཡོད།

    འདི་ནི་སྟག་ཚེར་གྱི་འབྲས་བུ་རེད།
           2019ལོའི་ཟླ་4པར། རྩྭ་མདའ་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས་སྣེ་ཁྲིད་དེ་ཚོང་དང་མ་རྩ་འདྲེན་འགུགས་བྱས་ནས་ཕྱི་ཡོང་མ་རྩ་ནང་འདྲེན་བྱས་ཏེ། སྟག་ཚེར་ཞིབ་འཇུག་ལྟེ་གནས་དང་དེང་རབས་ཅན་གྱི་ཐོན་ལས་གླིང་ཁུལ་ཞིག་འཛུགས་སྐྲུན་བྱས་ཤིང་། དེར་དྲོད་ཁང་30ཚུད་པའི་ནང་ཤིང་འཛུགས་མྱུག་གསོའི་དྲོད་ཁང་2དང་ཨར་ཏུའོ་སིའི་སྟར་ཚེར་གྱི་དྲོད་ཁང་ཆེན་མོ་གཉིས་ནང་འདྲེན་བྱས་པ་རེད།

    འདི་ནི་སྟར་ཚེར་ཤིང་འབྲས་ཀྱིས་བཟོས་པའི་ཐོན་རྫས་རེད།
         སྟར་ཚེར་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་བོ་སྟར་ཚེར་གྱི་སྡོང་ཕྲུག་འདེབས་གསོ་དང་། ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཕྱིར་འཚོང་བྱེད་འགན་འཁུར་བ་ཡིན་ཞིང་། ད་ལོའི་ཟླ་9པར་རི་སྐྱེས་སྟར་ཚེར་གྱི་ཤིང་འབྲས་ཏུན་6ཙམ་འཚོལ་བསྡུ་བྱས་ནས་ནང་སའི་བཟོ་གྲྭར་ལས་སྣོན་བྱེད་དུ་བཅུག་པར་དབོར་འདྲེན་བྱས། རྩྭ་མདའ་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱི་རིམ་པ་དང་པོའི་ཁོའོ་ཡོན་ཐང་ཝུན་ཧུའུ་ཡིས་གསར་འགོད་པར་བཤད་རྒྱུར། “མིག་སྔར་ཐོན་རྫས་གཙོ་བོའི་གྲས་སུ་སྟར་ཁུ་དང་། སྟར་བུའི་གདོད་མའི་སྐྱོ་མ། སྟར་བུའི་ཤིང་འབྲས་ཀྱི་སྣུམ།  སྟར་འབྲུའི་སྣུམ་སོགས་ཡོད་པ་རེད། ཐོན་འབོར་ཆེན་པོ་མེད་པས་གནས་སྐབས་སུ་མངའ་རིས་ས་ཁུལ་ཁོ་ནར་ཕྱིར་འཚོང་བྱེད་ཀྱི་ཡོད། ཐོན་རྫས་ལ་ཁྲོམ་རས་དགའ་བསུ་ཆེན་པོ་འཐོབ་ཀྱི་ཡོད་དེ། དཔེར་ན་སྟར་ཁུའི་སྐོམ་ཆུ་ལྟ་བུ་སྒམ་3000ཙམ་བཙོངས་ཟིན་པ་དང་། སྟར་འབྲུའི་སྣུམ་དང་སྟར་ཁུའི་གདོད་མའི་སྐྱོ་མ་ཕྱིར་འཚོང་བྱེད་ཚད་ཀྱང་ཧ་ཅང་བཟང་”ཞེས་བཤད།

    འདི་ནི་སྟར་ཚེར་གྱི་གསོ་མྱུག་རེད།
        རྒྱུས་ལོན་བྱུང་བལྟར་ན། རྩྭ་མདའ་རྫོང་གིས་མ་འོངས་པའི་ལོ་10ཡི་ནང་སྟར་ཚེར་མུའུ་ཁྲི་12འདེབས་འཛུགས་བྱ་རྩིས་ཡོད་པ་དང་། སྟར་ཚེར་ལ་དམིགས་ནས་ལས་སྣོན་དང་། ཞིབ་འཇུག་གསར་སྤེལ། ཐོན་སྐྱེད་བཅས་གཞི་གཅིག་ཏུ་འདུས་པའི་བཟོ་ལས་ཀྱི་རྟེན་གཞི་བསྐྲུན་ཏེ། སྟར་ཚེར་རྒྱུ་ཆ་བྱས་པའི་སྟར་ཚེར་གྱི་གདོང་ཡག་གི་སྐྱི་མོ་དང་། སྟར་ཚེར་གྱི་མཛེས་འཆོས་བྱུག་རྫས། སྟར་ཚེར་གྱི་ཆང་སོགས་ཀྱི་ཐོན་རྫས་མང་པོ་ཁ་སྣོན་བྱས་ཏེ།  ཐོན་སྐྱེད་ཀྱི་ཕན་འབྲས་ཆེ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་སྣོད་བཅུད་དམངས་ཕྱུག་གི་ཐོན་ལས་གསར་གཏོད་བྱ་རྒྱུ་རེད།
        སྟར་ཚེར་ཐོན་ལས་ཅན་དུ་བཏང་ནས་གནས་དེ་གའི་སྡོད་དམངས་ལ་ལས་ཞུགས་ཀྱི་གོ་སྐབས་ཇེ་མང་དུ་བཏང་ཡོད་ཅིང་། སྡོང་ཕྲུག་འཛུགས་པ་དང་། ལོ་མ་གསར་པ་འཐུ་བ། ཤིང་འབྲས་བཅས་ཚང་མར་ལས་བཟོ་པ་གླ་དགོས། ཐང་ཝུན་ཧུའུ་ཡིས“མི་རེར་ཉིན་རེར་གླ་ཆ་སྒོར་260སྤྲོད་ཀྱི་ཡོད། མིག་སྔའི་བར་གླིང་ཁུལ་གྱི་སྡོང་ཕྲུག་འདེབས་འཛུགས་བྱ་བའི་ལས་ཀ་འདི་ཁོ་ནས་ཀྱང་མི་30ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད”ཅེས་མཚམས་སྦྱོར་བྱས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1